བློ་བཟང་ལུང་རྟོགས།
(དོ་སྣང་ཅན་མང་པོ་ཞིག་གིས་རེ་སྐུལ་གནང་པ་ལྟར་ཚད་ལྡན་གྱི་ཡིག་ཆ་ཁག་གཞིར་བཅོལ་ནས་རྩོམ་སྒྲིག་བྱས་པའོ།།)
ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནི་ཡིག་ཐོག་ཏུ་ཡོད་པའི་རྩ་ཁྲིམས་ཤིག་ཡིན་པ་དང་། དེ་ནི་ཨོ་སི་ཊོ་ལི་ཡའི་ཁྲིམས་མཐོ་ཤོས་སམ་བླ་ན་མེད་པ་དེ་ཡིན། རྩ་ཁྲིམས་དེའི་ཁྱབ་ཁོངས་སུ་རྒྱལ་བརྒྱུད་མང་གཙོ་ཡི་སྒྲོམ་གཞིའི་འོག་སྤྱི་མཐུན་སྲིད་གཞུང་བཙུགས་ཡོད་པ་དང་། རྩ་ཁྲིམས་ནང་གཞུང་གི་འགན་འཛིན་དང་། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་ནམ(ཁྲིམས་དཔོན་ལྷན་ཚོགས་) བཅས་ཀྱི་དབང་ཆ་དང་གྲུབ་ཚུལ་བཅས་འཁོད་ཡོད།
རྩ་ཁྲིམས་དེ་བཞིན་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དྲུག་གི་སྐུ་ཚབ་རྣམས་ཀྱིས་ཚོགས་ཆེན་རབས་དང་རིམ་པ་བསྡུ་སྐོང་བྱས་པ་བརྒྱུད་ཕྱི་ལོ་༡༨༩༡ ནས་༡༨༩༨ ལོའི་བར་ཟིན་བྲིས་སུ་ཕབ་གནང་པ་དང་། ཕྱི་ལོ་༡༨༩༨ ནས་༡༩༠༠ བར་མང་མོས་འོས་བསྡུ་རིམ་པར་བྱས་པ་བརྒྱུད་མཐའ་མའི་ཟིན་བྲིས་གཏན་ཁེལ་བྱུང་། དབྱིན་ཇིའི་གཞུང་གིས་མཐའ་མའི་ཟིན་བྲིས་ཀྱི་ཆ་རྐྱེན་ཁག་ཅིག་ལ་ངོས་ལེན་མ་གནང་ཡང་། རྗེས་སུ་ལེའུ་དགུ་པར་འགྱུར་བ་ཅུང་ཟད་དང་བཅས་དབྱིན་ཇིའི་གྲོས་ཚོགས་ཀྱི་ཁྲིམས་སྲོལ་ཅིག་གི་ངོ་བོའི་ཐོག་ནས་ (ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས། ཕྱི་ལོ་༡༩༠༠) ཟེར་བ་གཏན་འབེབས་བྱུང་། ཁྲིམས་དེ་ལ་ཕྱི་ལོ་༡༩༠༠ ཟླ་ ༧ ཚེས་ ༩ ཉིན་དབྱིན་ཇིའི་རྒྱལ་མོ་མཆོག་གིས་བཀའ་འཁྲོལ་ཕེབས་པ་དང་། ཕྱི་ལོ་ ༡༩༠༠ ཟླ་ ༩ ཚེས་ ༡༧ ཉིན་ཡོངས་བསྒྲགས་གནང་། ཕྱི་ལོ་༡༩༠༡ ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས། རྩ་ཁྲིམས་དེས་མི་སེར་སྤེལ་ཡུལ་གྱི་ས་ཁུལ་ཁག་དྲུག་ཡོད་པ་རྣམས་སྤྱི་མཐུན་རྒྱལ་ཁབ་གསར་པ་དེའི་ནང་མངའ་སྡེའི་གནས་བབ་སྤྲད་ཡོད། རྩ་ཁྲིམས་འདི་ལ་(རྒྱལ་ཁབ་ཀྱི་སྐྱེས་ཚེས་ལག་ཁྱེར་) དུ་འབོད་ཀྱི་ཡོད་པ་དང་།
རྒྱལ་ཁབ་ཀྱི་རྨང་གཞིའམ་གཞི་རྩའི་ཁྲིམས་ཡིན་པའི་ཆ་ནས་གྲོས་ཚོགས་ཀྱིས་མང་མོས་ཐོག་གཏན་འབེབས་བྱས་པའི་བཅའ་ཁྲིམས་ཤིག་ཡིན་ཡང་རྩ་ཁྲིམས་དང་འགལ་གྱི་ཡོད་ན་རྩིས་མེད་ཡིན།
རྩ་ཁྲིམས་བསྐྱར་བཅོས།
རྩ་ཁྲིམས་ཀྱི་དོན་ཚན་༡༢༨ པའི་ནང་འཁོད་པ་ལྟར་རྩ་ཁྲིམས་ལ་བསྐྱར་བཅོས་བྱ་དགོས་བྱུང་ཚེ་མང་མོས་འོས་བསྡུ་ཁོ་ནའི་ལམ་ནས་བསྐྱར་བཅོས་གཏོང་ཆོག་པ་དང་། བསྐྱར་བཅོས་ཡོང་བར་མང་མོས་ཉིས་བརྩེགས་དགོས་པ་སྟེ། རྒྱལ་ཁབ་ཁྱོན་ཡོངས་ཀྱི་མང་མོས་དགོས་པར་མ་ཟད། མངའ་སྡེ་རྣམས་ཀྱི་ནང་དུ་མང་མོས་དགོས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་རྩ་ཁྲིམས་ལ་བསྐྱར་བཅོས་འགྲོ་ཚད་དེ་ཧ་ཅང་དམའ་བོ་ཡིན། འདས་པའི་ལོ་རྒྱུས་ཁྲོད་རྩ་ཁྲིམས་བསྐྱར་བཅོས་སྐོར་ལ་མང་མོས་འོས་བསྡུ་ཐེངས་༤༤ བྱས་པ་ལས་ཐེངས་བརྒྱད་མ་གཏོགས་བསྐྱར་བཅོས་བྱེད་ཐུབ་མེད། གསར་ཤོས་ནི་ཕྱི་ལོ་༡༩༧༧ ལོར་ཁྲིམས་དཔོན་གྱི་རྒས་ཡོལ་ལོ་ཚད་ཐད་ཀྱི་བསྐྱར་བཅོས་དེ་བྱེད་ཐུབ་པ་བྱུང་ཡོད། ལྷག་པར་དུ་རྩ་ཁྲིམས་ཀྱི་སྔོན་གླེང་དུ་འཁོད་པའི་རྒྱལ་རྒྱུད་རིང་ལུགས་(MONARCHY) ཀྱི་ཚབ་ཏུ་སྤྱི་མཐུན་རྒྱལ་ཁབ་(REPUBLIC) འཇོག་དགོས་པའི་སྐོར་ལ་བགྲོ་གླེང་རྒྱུན་མ་ཆད་པར་ཡོང་གི་ཡོད་ན་ཡང་ད་ལྟའི་བར་བསྐྱར་བཅོས་གནང་ཐུབ་མེད།
རྩ་ཁྲིམས་བསྐྱར་བཅོས་ཀྱི་བྱ་རིམ།
རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་བཞིན་ངེས་པར་དུ་དབུས་གྲོས་ཚོགས་ནས་གཏན་འབེབས་བྱེད་དགོས་པ་དང་། དེ་ཡང་གྲོས་ཚོགས་གོང་འོག་གཉིས་ཀར་སུམ་ཆ་གཉིས་ཀྱི་མང་མོས་ཐོབ་དགོས། གལ་སྲིད་གྲོས་ཚོགས་(གོང་འོག་) གང་རུང་གིས་བསྐྱར་བཅོས་དེ་ལ་ངོས་ལེན་མ་གནང་ཚེ། ཡང་བསྐྱར་ཁྲིམས་འཆར་དེ་གྲོས་ཚོགས་ནང་ཁྱེར་ཡོང་ཆོག གལ་སྲིད་གྲོས་ཚོགས་གང་རུང་ནས་ཡང་བསྐྱར་ངོས་བཞེས་མ་གནང་བ་ཡིན་ན། རྒྱལ་ཚབ་བམ་སྤྱི་ཁྱབ་གཙོ་འཛིན་གྱིས་(དེ་ཡང་སྲིད་བློན་གྱི་ལམ་སྟོན་ཡོད་པའི་སྒོ་ནས་) མང་མོས་འོས་བསྡུའི་གྲོས་འཆར་ཕུལ་ཆོག
བསྐྱར་བཅོས་ཀྱི་གྲོས་འཆར་དེ་བཞིན་ཨོ་སི་ཊོ་ལི་ཡའི་འོས་འཕེན་ཚོར་(མི་མང་)འབུལ་ལམ་བྱས་ནས་བཀའ་འཁྲོལ་ཆོག་མཆན་ཞུ་དགོས། མང་མོས་འོས་བསྡུ་ལས་རིམ་དེ་ངེས་པར་ཁྲིམས་འཆར་གཏན་འབེབས་བྱས་ནས་ཟླ་བ་གཉིས་སོང་པའི་རྗེས་དང་ཟླ་བ་དྲུག་ནང་ཚུད་ལ་བྱེད་དགོས་པ་དང་། གྲོས་ཚོགས་ཀྱིས་མང་མོས་འོས་བསྡུའི་ལས་རིམ་གྱི་ཁྲིམས་སྲོལ་བཟོ་ཆོག་པ་དཔེར་ན། མང་མོས་འོས་བསྡུའི་ཁྲིམས་༡༩༨༤ ལྟ་བུ་རེད། གྲོས་ཚོགས་འཐུས་མི་འོས་འདེམས་ཀྱི་ཐོབ་ཐང་ཡོད་མཁན་ཚང་མར་མང་མོས་འོས་བསྡུའི་སྐབས་རང་ཉིད་ཀྱི་བསམ་ཚུལ་གསལ་སྟོན་བྱེད་རྒྱུར་ཁྲིམས་ཐོག་ནས་དབང་ཆ་སྤྲད་ཡོད་པ་ཡིན།
མང་མོས་ཉིས་བརྩེགས་བྱུང་བ་ཡིན་ན་གཞི་ནས་མང་མོས་འོས་བསྡུར་རྒྱལ་ཁ་ཐོབ་པ་ཡིན། དེ་ལ་དང་པོ་མངའ་སྡེ་མང་ཆེ་བའི་ནང་འོས་འདེམས་པ་ཚོས་མང་མོས་ཐོབ་པ་དང་། གཉིས་པ་རྒྱལ་ཁབ་ཁྱོན་ཡོངས་ནས་མང་མོས་ཐོབ་དགོས་པ་ཡིན།
དེའི་ཐོག་དམིགས་བསལ་གྱི་ཆ་རྐྱེན་གཞན་ཞིག་ནི། མངའ་སྡེ་གང་རུང་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འཆར་ཞིག་ཡིན་ན་མངའ་སྡེ་དེ་གའི་ནང་ངེས་པར་དུ་མང་མོས་ཐོབ་དགོས་ཀྱི་ཡོད། དམིགས་བསལ་གྱི་ཆ་རྐྱེན་ནི། དཔེར་ན། མངའ་སྡེའི་ནང་གྲོས་ཚོགས་འཐུས་མིའི་གྲངས་ཚད་ཉུང་དུ་གཏོང་བ་དང་། མངའ་སྡེ་ཁག་གི་ས་མཚམས་ལ་འགྱུར་བ་གཏོང་བ། དེ་ནས་གཞན་པས་མངའ་སྡེ་དེ་ལ་འབྲེལ་བ་གནད་དོན་བཅས་ལ་རེད།
རྩ་ཁྲིམས་ཀྱི་སྒྲོམ་གཞི།
ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནི་ལེའུ་བརྒྱད་དང་དོན་ཚན་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། ད་དུང་སྔོན་གླེང་དང་དམ་བཅའ་ཁས་ལེན་བཅས་ཀྱང་ཚུད་ཡོད།
ལེའུ་དང་པོ། ཁྲིམས་བཟོ་ལྷན་ཚོགས།
ལེའུ་གཉིས་པ། གཞུང་གི་འགན་འཛིན།
ལེའུ་གསུམ་པ། ཁྲིམས་འཛིན་ལྷན་ཚོགས།
ལེའུ་བཞི་བ། དཔལ་འབྱོར་དང་ཚོང་ལས།
ལེའུ་ལྔ་བ། མངའ་སྡེ་ཁག
ལེའུ་དྲུག་པ། མངའ་སྡེ་གསར་པ།
ལེའུ་བདུན་པ། སྣ་ཚོགས།
ལེའུ་བརྒྱད་པ། རྩ་ཁྲིམས་བསྐྱར་བཅོས།
ཟུར་སྣོན་ཡིག་ཆ་བཅས་ཀྱིས་གྲུབ་པ་ཞིག་རེད།
ཁྲིམས་ལུགས་དབང་འཛིན།
རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་གྱི་དབང་ཆ་ནི་དབུས་གྲོས་ཚོགས་ཀྱིས་མཐོ་རིམ་ཁྲིམས་ཁང་ལ་གནང་ཡོད་པ་དང་། ཁྲིམས་ཁང་ལ་ཨོ་སི་ཀྲི་ལི་ཡའི་མཐོ་རིམ་ཁྲིམས་ཁང་ (Hight Court of Australia) དུ་འབོད་པ་ཡིན། མཐོ་རིམ་ཁྲིམས་ཁང་ནང་ཁྲིམས་དཔོན་གཙོ་བོ་གཅིག་དང་ཁྲིམས་དཔོན་གཞན་གཉིས་ལས་མ་ཉུང་བ་དགོས་ཀྱི་ཡོད། དེ་ཡང་རྒྱལ་ཚབ་ཀྱི་ཆེས་མཐོའི་འཛིན་སྐྱོང་ལས་ཁུངས་ནས་བསྐོ་བཞག་གནང་དགོས་པ་དང་། དབུས་གྲོས་ཚོགས་གོང་འོག་གཉིས་ནས་ཚོགས་དུས་གཅིག་གི་སྐབས་སུ་ཁྲིམས་དཔོན་སུ་རུང་(སྤྱོད་པ་ལོག་མཁན་) དང་(ལུས་སེམས་ཀྱི་མ་ལྕོགས་པ་) ཡིན་པའི་ཁུངས་སྐྱེལ་བྱས་པའི་རྗེས་སུ་རྒྱལ་ཚབ་ཀྱི་ཆེས་མཐོའི་འཛིན་ལས་ཁུངས་ནས་མ་གཏོགས་གནས་དབྱུང་བཏང་མི་ཆོག
ཁྲིམས་དཔོན་གནས་དབྱུང་གི་ཆ་རྐྱེན་གཉིས་ཡོད་པ་ལས་སྤྱོད་པ་ལོག་མཁན་དང་ལུས་སེམས་ཀྱི་མ་ལྕོགས་པར་རྩ་ཁྲིམས་ཀྱི་ཁྲིམས་སྲོལ་ནང་འགྲེལ་བརྗོད་སྣ་ཚོགས་ཤིག་ཡོད་ཀྱང་གཙོ་བོ་དབང་ཆ་ལོག་པར་སྤྱོད་པ་དང་སྤྱིར་བཏང་གི་ཡུལ་ཁྲིམས་དང་འགལ་པའི་སྤྱོད་པ་གཉིས་ཡིན་ལ། དེ་ཡང་སྤྱོད་པ་ལོག་མཁན་ཡིན་མིན་ཀྱང་ཚོགས་ཆུང་ཟུར་འཛུགས་ཀྱིས་ཐག་གཅོད་གནང་དགོས་ཀྱི་ཡོད་འདུག ལུས་སེམས་ཀྱིས་མ་ལྕོགས་པ་ནི་ན་ཚ་དང་དབང་པོ་སྐྱོན་ཤོར་པ་དང། རིག་འཚོ་མ་ཟིན་པ་བཅས་རེད།
ཁྲིམས་ལུགས་དབང་འཛིན་གྱི་དོན་ཚན་འདི་གཏན་འབེབས་གནང་སྐབས་ཁྲིམས་དཔོན་གྱི་ཐག་གཅོད་ལ་གཞུང་སྒེར་གང་གིས་ཀྱང་ཇུས་གཏོགས་མ་ཡོང་བའི་ཐབས་ཤེས་ཡོད་རྒུ་རྩལ་ཏུ་བཏོན་ནས་བགྲོ་གླེང་བྱས་ཡོད་པ་དང་། ཁྲིམས་དཔོན་གྱི་ཐག་གཅོད་བྱས་པའི་གནད་དོན་ཞིག་གི་ཆེད་ཁྲིམས་གསར་པ་བཟོ་དགོས་བྱུང་བ་ཡང་ཁྲིམས་བཟོ་བའི་ཉིན་མོ་ནས་ལག་བསྟར་བྱེད་པ་མ་གཏོགས། སྔོན་ཆད་ཁྲིམས་དཔོན་གྱི་གཏན་འབེབ་བྱས་པའི་ཐག་གཅོད་ཅིག་ལ་ཇུས་གཏོགས་གཏན་ནས་བྱས་མི་ཆོག་པ་སོགས་ཞིབ་ཏུ་མཁྱེན་འདོད་པ་རྣམས་ཀྱིས་རྩ་ཁྲིམས་ཀྱི་ཁྲིམས་སྲོལ་ཟེར་བའི་དེབ་ཆེན་པོ་ཞིག་ཡོད་པ་དེ་ངེས་གཟིགས་པ་ཞུ།
རང་ཅག་གི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ལེའུ་བཅུ་གཅིག་དང་། དོན་ཚན་བརྒྱ་དང་བཅོ་ལྔ། སྔོན་གླེང་དང་ཟུར་སྣོན་ཡིག་ཆ་བཅས་ཀྱིས་གྲུབ་པ་དེ་བཞིན་རྩ་བའི་སྒྲོམ་གཞི་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་དང་ཧ་ཅང་འདྲ་བོ་འདུག་པས་སྔོན་ཆད་བཅའ་ཁྲིམས་ཟིན་བྲིས་འགོད་མཁན་རྣམས་ཀྱིས་རྩ་ཁྲིམས་འདི་ལྟ་བུ་ནས་ལེགས་བཤད་བླངས་ཡོད་ངེས་པས་ན། དེང་སྐབས་ཀྱི་བཅའ་ཁྲིམས་སྦོ་ལུག་པའི་གནས་སྐབས་འདིར་ཚད་ལྡན་གྱི་རྩ་ཁྲིམས་འདི་ལྟ་བུ་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཕན་ཐོགས་ཡོད་པ་སྨོས་ཅི་དགོས།
གཞན་ཁྲིམས་ངོ་སྤྲོད་ཀྱི་རྩོམ་འདི་ལེགས། བཀའ་དྲིན་ཆེ།་