ཀུན་བཟང་སྒྲོལ་མ།
༡༽ དྲི་བ། བཀྲ་ཤིས་བདེ་ལེགས། ཐོོག་མར་རང་གི་སློབ་སྤྱོང་གི་ལམ་དུ་ཅི་ལྟར་བཞུས་པའི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོ། སྐུ་ཁམས་བཟང་། རང་ཉིད་ལ་མཚོན་ན་ཆུང་བྱིས་པའི་དུས་ནས་འབྲོག་པའི་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཅིག་ཡིན། སྐབས་དེ་དུས། སློབ་གྲྭ་ནི་ངའི་རྨི་ལམ་ཀྱི་ཞིང་ཁམས་ལ་ཡང་འཁོར་མ་མྱོང་ལ། ཐ་ན་ཀ་ཁ་ཙམ་ཡང་ཀློག་མི་ཤེས། མ་ཟད། དབྱར་གསུམ་གྱི་ཆར་ཆུ་དང་། དགུན་གསུམ་གྱི་གྲང་ངར། སྟོན་གསུམ་གྱི་ཕྱུགས་རྫི་བྱས་ནས་རྙེད་དཀའ་བའི་བྱིས་པའི་ལོ་ཟླ་ཡོད་ཚད་རྟ་ནོར་ལུག་གསུམ་དང་འགྲོགས་ནས་འདས་སོང་། ད་དུང་། དབྱར་ཁ་སླེབས་དུས། ཚ་གདུང་ཆེ་བའི་རྗ་རི་དང་ལུང་རི་བརྒྱུད་ནས་དབྱར་རྩྭ་དགུན་འབུ་སོགས་བཀོག་ཏུ་སོང་དུས། རང་ཉིད་ཀྱི་སེམས་ལ་དེ་ནི་འཇིག་རྟེན་འདིའི་མི་ཡོད་ཚད་ཀྱི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་དང་དམིགས་ཡུལ་མཐར་ཐུག་ཡིན་པའི་སྣང་བ་ལས་སློབ་སྤྱོང་གི་ལམ་བུ་ཞིག་ལ་བསམ་བློ་བཏང་མ་མྱོང་། རེད་དེ། མི་རིགས་ཤིག་གི་རིག་གནས་ཀྱི་ཕམ་ཁ་དང་རང་ཉིད་ཀྱི་ལས་དབང་གི་འཁོར་ཕྱོགས་ཤིག་ལས་༢༠༠༥ལོར་ཕ་མ་གཉིས་ཀྱི་རེ་བ་ལྟར་རྒྱ་གར་དུ་འབྱོར་ཏེ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་ནས་ཆེས་ཐོག་མའི་ཀ་ཁའི་དབྱངས་སྒྲ་ནས་འགོ་རྩམ་སྟེ་ད་བར་མི་ལོ་བཅུ་བཙམ་པ་་ཕྱིན་སོང་།
༢༽ དྲི་བ། ཁྱེད་ཀྱི་སློབ་སྤྱོང་བྱེད་པའི་དམིགས་ཡུལ་དང་མ་འོངས་པར་མུ་མཐུད་ནས་སློབ་སྦྱོང་བྱེད་འདོད་ཡོད་དམ།
ལན། སྤྱི་ཚོགས་འཕེལ་རྒྱལ་དང་དུས་རབས་ཀྱི་དགོངས་པ་གཞིར་བཟུང་ནས་བཤད་ན། སློབ་སྤྱོང་བྱེད་པའི་དམིགས་ཡུལ་དག་དུས་རབས་དེ་དག་ཏུ་འཚོལ་ཞིབ་སྤྱི་ཚོགས་དེ་དག་ཏུ་གནས་པའི་མི་རིགས་དག་གི་ཉིན་རེའི་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན་མི་ཉུང་བ་ཞིག་ཤེས་ཐུབ་པ་ངས་གླེང་ག་ལ་དགོས། རེད་དེ་ང་རང་ཉིད་ལ་མཚོན་ནས་བཤད་ན། སློབ་སྤྱོང་བྱེད་པའི་དགོས་པ་གཉིས་ཡོད།
དང་པོ་ནི། རྒྱ་དམར་པོའི་བཙན་འོག་ན་ལུས་པའི་་བོད་རིགས་སྤུན་ཟླ་ཚོའི་འགྱུར་མེད་ཀྱི་སྙིང་སྟོབས་དང་རྨ་མེད་ཀྱི་ལྷག་བསམ། ད་དུང་འབར་ཟིན་པའི་དཔའ་བོ་དང་དཔའ་མོ་དག་གི་རེ་བའི་རྒྱང་འབོད་དང་ཡིད་ཆེས་ཀྱི་དམ་བཅའ་བཞག་ཡོད་པས། ཁོང་ཚོའི་ཆེད་དུ་ངས་ནམ་ཡང་གསར་གཏོད་དང་རྣམ་དཔྱོད་ལྡན་པའི་མི་རབས་གསར་པ་ཞིག་ཆགས་ཐབས་སུ་རིག་པའི་གནས་ལ་བརྩོན་བཞིན་ཡོད།གཉིས་པ། དུས་རབས་ཉི་ཤུ་ནས་ཉི་ཤུ་རྩ་གཅིག་པ་ནི་བོད་ཀྱི་ལོ་རྒྱུས་སུ་ཆབ་དཔལ་རིག་གསུམ་ཐོག་ལ་ཡ་ང་བའི་གོད་ཆག་མང་པོ་བྱུང་བའི་ཆེས་བཟོད་དུ་མེད་པའི་མུན་ནག་གི་དུས་རབས་ཤིག་ཡིན་པས། མ་འོངས་པར་བོད་ཀྱི་ནང་ཆོས་གཙོ་བྱེད་པའི་རིག་གནས་ནང་འདྲེན་དང་ཕྱིར་སྤེལ་གྱི་གཞུང་ལམ་གསར་སྐྲུན་བྱེད་པའི་ཤེས་ཡོན་གྱི་ནུས་པ་ལྡན་པ་ཞིག་ཆགས་ཐབས་སུ་འབད་དང་འབད་བཞིན་ཡོད། ད་དུང་ཀྱག་ཀྱོག་གི་ལམ་བུར་ཇི་ལྟར་རབ་རིབ་དང་མག་མོག་ཆེ་ཡང་མུ་མཐུད་སློབ་སྤྱོང་བྱེད་འདོད་ཡོད།
༣༽ དྲི་བ། ཁྱེད་རང་ཉིད་ཀྱི་སློབ་སྤྱོང་གི་བརྒྱུད་རིམ་ཁྲོད་ནས་བལྟས་ན། སྤྱིར་དགེ་རྒན་གཅིག་དང་སློབ་ར་གཅིག་ནས་སློབ་སྤྱོང་བྱེད་པའི་བུ་དང་བུ་མོ་གཉིས་ཀྱི་མུ་མཐུད་ནས་སློབ་སྤྱོང་བྱེད་ཕྱོགས་ལ་ཁྱད་པར་འདུག་གམ། ཡོད་ན་རྒྱུ་མཚན་གང་ལ་ཐུག་འདུག་གམ།
ལན། དྲི་བ་འདི་བསྐུར་བར་བཀའ་དྲིན་ཆེ། སྤྱིར་བཏང་ནས་ང་རང་ཉིད་ཡིན་ན་བུད་མེད་་ཞིག་ཡིན་ལ། མ་ཟད་མི་ལོ་བཅུ་ཕྲག་རིང་ལ་སློབ་གྲྭའི་འཚོ་བའི་ཁྲོད་ནས་ནམ་ཡང་ཁ་བྲལ་མ་མྱོང་། དེའི་ཁྲོད་ནས་བཤད་ན་བུ་དང་བུ་མོ་གཉིས་དགེ་རྒན་གཅིག་གི་དགེ་ཕྲུག་དང་སློབ་ར་གཅིག་གི་སློབ་མ་ཡིན་ཀྱང་། སློབ་སྤྱོང་གི་ཐོག་ནས་མ་འོངས་པའི་དམིགས་ཡུལ་འདེམས་སྟངས་དང་། རང་ཉིད་ཀྱི་དགའ་ཕྱོགས། སོ་སོའི་འཇོན་ཐང་། མི་རིགས་ཀྱི་གནས་བབ་གང་ནས་བལྟས་ཀྱང་། བུ་དང་བུ་མོ་གཉིས་ཀྱི་བར་ནམ་སའི་ཁྱད་པར་འགྲོ་བ་རང་ཉིད་ཀྱིས་འཚོར་བྱུང་།
མ་གཞི་ནས་དུས་རབས་ཀྱི་འགྱུར་བ་དང་བུད་མེད་ཀྱི་སེམས་ཁམས་ནས་བལྟས་ན། བོད་ཀྱི་བུད་མེད་དག་ལ་ཕུགས་བརྟན་གྱི་དམིགས་ཡུལ་མེད་པ་དང་། དུས་རབས་དང་མཐུན་པའི་གུ་ཡངས་ཀྱི་བསམ་བློ་མེད། གསར་གཏོད་ཀྱི་ནུས་ཤུགས་ཞན། ཡིག་ཚད་ཙམ་མ་གཏོས་མ་འོངས་པའི་ཆེད་དུ་བསམ་བློ་བཏང་ནས་ཤེས་ཡོན་ངོ་མ་སྤྱོང་མཁན་ཉིན་མོའི་སྐར་མ་ལས་ཀྱང་དཀོན། རྒྱུ་རྐྱེན་དེ་དག་ལས་བུ་དང་བུད་མོ་ཀྱི་བར་ན་བསམ་བརྗོད་ལས་འདས་པའི་ཁྱད་པར་འགྲོ་བཞིན་ཡོད་པས། ང་ཚོ་བུད་མེད་དག་གི་རང་གར་ཙམ་ལ་བསམ་བློ་མ་བཏང་བར་་མི་རིགས་འདི་དང་རྒྱལ་ཁབ་འདིའི་ཆེད་དུ་ཐུགས་བསམ་བཞེས་རོགས་གནང་བཅས་ངས་རེ་སྐུལ་ཞུག་འདོད་བྱུང་།
༤༽ དྲི་བ། བོད་ཀྱི་མི་རབས་གསར་པ་དག་གི་སློབ་སྤྱོང་བྱེད་ཚུལ་དང་། སློབ་སྤྱོང་གི་ཁ་ཕྱོགས།མ་འོངས་པའི་འགན་ཁུར་སོགས་ལ་ཁྱེད་རང་ཉིད་ལ་བསམ་ཚུལ་གང་ཡོད་དམ།
ལན། རེད་རེད། བཀའ་དྲིན་ཆེ། དྲི་བ་འདི་ཧ་ཅང་རྒྱ་ཆེ་བ་དང་ཡག་པོ་འདུག། ད་དུང་མི་རབས་གསར་པ་ཞེས་པའི་ཐ་སྙད་འདི་གོ་ཐེངས་རེ་རེ་ལ། ངའི་སེམས་ན་བརྗོད་དཀའ་བའི་ན་ཟུག་དང་ལྗིད་ཏིག་ཏིག་གི་རྨ་ཁ་ཆེ། རྒྱུ་མཚན། ད་སྐབས་ང་ཚོའི་མི་རིགས་འདི་ཆེས་འཇིགས་སྐྲག་དང་དངངས་འཚབ་ཀྱི་གནས་སུ་འགྱུར་བཞིན་ཡོད་པ་ནི། མི་རབས་གསར་པ་དག་གི་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཞེན། ཕུགས་བརྟན་གྱི་དམིགས་ཡུལ། ལ་རྒྱ། སྙིང་སྟོབས། ལྷག་བསམ། ཤེས་ཡོན་སོགས་གང་ཡང་མེད་པར་སྲང་ལམ་དུ་འཁྱམས་པའི་རྒྱུག་ཁྱི་བཞིན་འགྲོ་མཁན་མང་བ་དང་གཅིག། གཉིས་སུ་མི་རིགས་ཤིག་གི་སློབ་གསོ་དང་། སྐད་ཡིག་གི་སློབ་གསོ། རིག་གནས་སློབ་གསོ། བསམ་བློའི་སློབ་གསོ་སོགས་ཀྱི་རྨང་གཞི་སློབ་གསོ་གང་ཡང་མེད་པའི་གནས་སྐབས་འདི་འདྲ་ཞིག་ལ་མཚོན་ནས་བཤད་ན།
དང་པོ། མི་རབས་གསར་པ་དག་ཆོས་ལུགས་ལས་འདས་པའི་བསམ་བློའི་སློབ་གསོ་བསྐྲུན་ཐབས་དང་། གཉིས་པ། གསར་གཏོད་དང་རྣམ་དཔྱོད་ཀྱི་སྟོབས་ཤུགས་བསྐྲུན་ཐབས། གསུམ་པ། རྒྱལ་ཁ་དང་ཕམ་ཁའི་ཁྲོད་ནས་རྒྱལ་ཞེན་གྱི་བསམ་བློ་འཚོལ་ཐབས། བཞི་པ། སྤྱི་ཚོགས་འཕེལ་རྒྱལ་དང་དུས་རབས་ཀྱི་དགོངས་པ་གཞིར་བཟུང་ནས་མི་རབས་གསར་པ་དག་ལ་ཤེས་ཡོན་གྱི་སློབ་གསོ་སོགས་མ་བསྐྲུན་ཚེ། ད་གཟོད། མི་རབས་གསར་པ་དག་གི་སློབ་སྤྱོང་དང། མ་འོངས་པའི་ཁ་ཕྱོགས།འགན་ཁུར་སོགས་གང་ནས་སྐྱེས་སྲིད་དམ། གོང་གི་དོན་ཚན་བཞི་པོ་འདི་རང་ཉིད་ཀྱི་བསམ་ཚུལ་རང་ཡིན། གཅིག་ནས་ང་བུད་མེད་ཅིག་གི་མི་རབས་གསར་པ་དག་ལ་ཕུལ་བའི་དམར་ཆུང་སེམས་ཀྱི་སྙིང་གཏམ་ཡིན།
༥༽ དྲི་བ། ད་ལྟ་རང་ཉིད་ཀྱི་སློབ་སྤྱོང་བྱེད་པའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱོང་གི་སྤུས་ཚད་དང་། སློབ་མའི་ཡོང་ཁུངས། སློབ་གླིང་གི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ཕྱི་ལོ་༡༩༤༩ ལོར་བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་ཏེ་རིམ་པར་བཙན་གནོན་སྡུག་རྩུབ་ཇ་ཆེར་བཏང་བས། ཕྱི་ལོ་༡༩༥༩ ལོར་བཟོད་ཐབས་མེད་པའི་གནས་སུ་གྱུར་ནས་བོད་ཀྱི་བསྟན་པ་ཆབ་སྲིད་རིག་གཞུང་མི་རིགས་ཀྱི་ངོས་འཛིན་དང་བཅས་ཆགས་འཛིག་ལ་ཐུག་སྐབས། ༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་རྒྱ་གར་ལ་ཞབས་སོར་འཁོད་ཐུབ་པ་ནི་བོད་ཙམ་དུ་མ་ཟད་བསྟན་འགྲོ་སྤྱི་ལ་སྨན་པའི་གལ་གནད་ཆེ་བའོ་ལོ་རྒྱུས་ཀྱི་དཀྱིགས་མཚམས་ཞིག་ལ་ངོས་བཟུང་དགོས་པ་མཐོང་།
དེ་ནས་བཟུང་རིམ་བཞིན་མགོན་པོ་མཆོག་ནས་བོད་ཕྲུག་ཚོར་དེང་རབས་ཀྱི་ཤེས་ཡོན་ཆེད་སློབ་གྲྭ་ཆེད་འཛུགས་བསྐྱངས་པ་དང་། བོད་མི་སྤྱི་ལ་མི་རིགས་ཀྱི་གོམས་གཤིས་སོགས་རང་གི་ངོས་འཛིན་མི་བརླག་པའི་ཆེད་ཞིག་ཆགས་ཆེད་འཛིག་ཡང་བསྐྱངས་། དེ་བཞིན་བོད་ཀྱི་རིག་གཞུང་གི་ལྟེ་གནས་གདན་ས་བཤད་གྲྭ་ཁག་གི་་སློབ་གཉེར་རྒྱུན་གནས་ཡོང་ཐབས་ཀྱི་འབད་རྩོལ་སྣེ་མང་ཞིག་གནང་བའི་ཁོངས་། མཐོ་རིམ་སློབ་གཉེར་ཁང་གཅིག་གི་ནང་དུ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཁག་རིས་མེད་ཀྱི་སློབ་གཉེར་ཁང་གི་ནང་སློབ་གཉེར་བྱ་རྒྱུ་དང་མཚུངས་སྲོལ་རྒྱུན་རིག་གནས་གཞན་དང་གནའ་དེང་གི་སྐད་ཡིག། དེང་རབས་ཀྱི་རིག་གནས་གསར་པའི་རིགས་ལའང་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཡོད་པའི་མཐོ་རིམ་སློབ་གཉེར་ཁང་གསར་འཛུགས་ཆེད་རྒྱ་གར་གྱི་སྲིད་བློན་པཎཏ་ཇཝྭཧར་ལྭས་ནེཧརུ་མཆོག་དང་བཀའ་མོལ་གནང་འབྲས་སུ་རྒྱ་གར་གཞུང་གིས་དེ་ལྟ་བུའི་སློབ་གཉེར་ཁང་ཞིག་གསར་འཛུགས་བསྐྱངས་རྒྱུའི་འཆར་གཞི་བཀོད་ཀྱང་། དཔལ་འབྱོར་དང་འཛིན་སྐྱོང་གི་ལས་ཀྱི་རིམ་པར་ནར་འགྱངས་སོང་སྟེ་ལོ་ཤས་ཕྱག་ལེན་དུ་མ་ཁེལ་ཡང་། ཕྱི་ལོ་༡༩༦༧ ལོར་ཝྭརཎསྭི་རྒྱ་གར་ལེགས་སྤྱར་གཙུག་ལག་སློབ་ཁང་གི་ཁོངས་སུ་སྡེ་ཚན་དམིགས་བསལ་གྱི་ཚུལ་དུ་དབུ་ཚུགས་ཏེ། བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཐོག་མར་དབུ་ཚུགས་ནས་ཕྱི་ལོ་༡༩༧༠ ལོ་མཇུག་བར་༧སྐྱབས་རྗེ་ཟང་རྡོང་རིན་པོ་ཆེས་དབུ་འཛིན་གྱི་མཛད་འཁུར་བཞེས།
ཕྱི་ལོ་༡༩༧༡ ཟླ་༡་ཚེས་༡་ནས་བཟུང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་མཐོ་སློབ་འདིའི་དབུ་འཛིན་དུ་དགོས་པ་དུ་མར་གཟིགས་ཏེ་བསྐོ་བཞག་གནང་ནས་བཟུང་ལོ་ངོ་༣༠་ཙམ་གྱི་རིིང་ལ་སྐྱེས་མཆོག་ཁོང་ཉིད་ཀྱིས་སྐུ་ངལ་ཁྱད་དུ་བསད་དེ་མཐོ་སློབ་འདིའི་ཕྱི་སྣོད་ཀྱི་བཀོད་པ་དང་། ནང་བཅུད་ཀྱི་སྒྲིག་འཛུགས། ཤེས་ཡོན་ཉམས་ཞིབ་བཅས་གང་ཅིར་ཡར་རྒྱས་བཏང་ཡོད། དེ་ཙམ་མ་ཟད་སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་ཕྱིར་བྱོན་སའི་རྒྱལ་ཁབ་སུས་ཀྱང་འགྲན་དུ་མེད་པའི་བོད་ཁ་བ་ཅན་གྱི་ལྗོངས་སུ་ཕྱི་ལོ་བརྒྱ་ཕྲག་བདུན་པ་ནས་བསྟན་པ་དར་བའི་ནང་དོན་རིག་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་བཞིན་ཡོད་པ་དང་། བོད་ཀྱི་ཆོས་བརྒྱུད་ཆེན་མོ་རིས་སུ་མ་ཆད་པར་མཛོད་དང་ཚད་མ་དབུ་མ་སོགས་ལ་སློབ་གཉེར་བྱེད་པའི་གོ་སྐབས་ཡོད་པ་མ་ཟད། ཐུན་མོང་བའི་རིག་གནས་སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། དེ་བཞིན་དེང་རབས་ཀྱི་སྤྱི་ཚོགས་ཚན་རིག་དང་བཟོ་འཕྲུལ་བཅས་ཤེས་བྱའི་གནས་མ་ལུས་པ་དུས་གཅིག་ཏུ་གཙུག་ལག་སློབ་ཁང་དུ་སློབ་གཉེར་གྱི་གོ་སྐབས་ཆ་ཚང་ཞིག་ཡོད་པ་རེད། དེ་ཡང་ད་ལྟའི་ཆར་གཙུག་ལག་སློབ་གཉེར་ཁང་དུ་སློབ་མའི་ཡོང་ཁུངས་གཙོ་བོ།ཧི་མ་ཡི་བོད་རིགས་དང་། བལ་ཡུལ། ཨ་རུ་ན་ཅར། སོག་པོ། འབྲུག་པ། བཙན་འབྱོལ་སློབ་གྲྭ་ཁག་བཅས་ཡུལ་ལུང་འདྲ་མིན་ནས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སློབ་ར་གཅིག་ནས་ནང་དོན་རིག་པ་གཙོ་བོར་གྱུར་པའི་རིག་པའི་གནས་ཁག་ལ་སློབ་གཉེེར་གནང་བཞིན་ཡོད། མདོར་ན་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ནི་གཙུག་ལག་སློབ་གཉེར་ཁང་འདིའི་ལས་སུ་བྱ་བ་སྲོག་གི་རྩ་བ་ཡིན།
༦༽ དྲི་བ། ཁྱེད་རང་བུ་མོ་ཞིག་ལ་མཚོན་ན་རང་ཡུལ་བཞག་ནས་མི་ཡུལ་ན་སློབ་སྤྱོང་གི་རྒྱུད་རིམ་འདྲ་མིན་བྱེད་པར་ཕྱིར་འདའ་ཞིག་བརྒྱབ་ན་དཀའ་ངལ་དང་བར་ཆད་གང་དང་གང་བྱུང་ངམ།
ལན། སྤྱིར་བཏང་ནས་ང་ཚོ་བོད་མི་རིགས་ཀྱི་ལས་དབང་ལ་གོད་ཆག་ཤོར་བའི་ཕམ་ཁ་འདིའི་ཁྲོད་ནས། ང་དང་ང་འདྲ་བའི་བོད་མི་མང་པོ་ཞིག་གི་ལས་དབང་རླུང་འཚུབ་ཀྱིས་མེ་ཏོག་གཏོར་བ་བཞིན་ཕྱོགས་བཞི་མཚམས་བརྒྱད་ལ་ཁ་ཁར་བཏང་་ཡོད། ལོ་ཟླ་དེ་དག་ལ་ཕྱིར་འདའ་ཞིག་བརྒྱབ་ན། ད་གཟོད། མིག་ནས་མཆི་མ་ཡང་ཤོར་ལ་སྙིང་ལ་བཟོད་མེད་ཀྱི་ན་ཟུག་ལྕི། འདི་ལྟར་མུན་ནག་གི་ལོ་ཟླ་རིང་མོ་ཞིག་ལ་གཞན་ཡུལ་ནས་་འཚོ་བ་བསྐྱལ། ད་དུང་དཔེ་དེན་དང་སྨྱུག་ཁ་ནས་རྒས་སོང་བའི་གང་ཟག་ཤིག་ལ་མཚོན་ནས་བཤད་ན། ། ངས་སློབ་སྤྱོང་གི་དམིགས་ཡུལ་རྒྱང་ལ་བལྟས་ཤིང་། རྣ་བས་ཕྱོགས་ལ་ཉན་ཏེ། མི་རིགས་ཀྱི་རྩ་དོན་དང་མི་འགལ་བའི་ལམ་ལུགས་རེ་འཚོལ་ཐབས་བྱེད། ད་དུང་གསར་གཏོད་དང་རྣམ་དཔྱོད་ལྡན་པའི་སྙན་ངག་དང་ཡིག་བསྒྱུར་གྱི་ལམ་ལ་བཞུགས་པས་མི་ལོ་བཅུ་ཕྲག་དེ་སྐད་ཅིག་ཙམ་ལས་འདས་སོང་བས་དམིགས་བསལ་གྱི་དཀའ་ངལ་འཕྲད་མ་མྱོང་།
འོན་ཀྱང་། རང་དབང་གི་བསམ་བློའི་རྨང་གཞི་དང་། རང་འཛིན་གྱི་སྤྱོད་ལམ་ངོམས་ས། རང་རྟོགས་ཀྱི་འགན་ལེན།་རང་ཚུགས་ཀྱི་ལྟ་ཚུལ་གླེང་བའི་ཐོག་མའི་གར་སྟེགས་གང་ཡང་མེད་པའི་ཁོར་ཡུག་ཁྲོད་ནས་རང་གི་འདོད་པ་ལྟར་དོན་མང་པོ་ཞིག་སྒྲུབ་པའི་བར་ཆད་དང་དཀའ་ངལ་བྱུང་བ་དག་དེ་རིང་བསམ་ན་བློ་ཕམ་ཆེན་པོ་འདུག། རེད་དེ། དེ་དག་ཡོད་ཚད་ངས་རྒྱལ་ཁ་ལེན་པའི་སློབ་གསོ་ངོ་མ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ངོ་མ་ཡིན།
༧༽ དྲི་བ། དེང་སང་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ཕོ་མོ་འདྲ་མཉམ་ཡོད་དང་མེད་ཟེར་བ། ཡང་ལ་ལས་བུད་མེད་ལ་དམིགས་བསལ་ཐོབ་ཐང་སྤྲོད་དགོས་ཚུལ་སོགས་འདྲ་མིན་བཤད་བཞིན་ཡོད་པས། ཁྱེད་རང་ཉིད་ལ་འདིའི་ཐོག་ལ་བསམ་ཚུལ་ཅི་ཞིག་ཡོད་དམ།
ལན། སྤྱིར་མི་སུམ་ཅུ་ལ་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་ལ་རཱ་ཅོ་དྲུག་བཅུ་ཞེས་པ་ལྟར་དེའི་སྐོར་ལ་མི་སོ་སོའི་ལྟ་ཚུལ་སྣ་ཚོགས་ཤིག་བརྗོད་ཀྱི་ཡོད་པ་རེད། དེ་ཡང་འདྲ་མཉམ་ཡོད་མེད་ཀྱི་རྩོད་པ་དེང་རབས་སྤྱི་ཚོགས་ཁྲོད་ན་ཇེ་མང་ནས་ཇེ་མང་དུ་འགྲོ་བ་ཕྱོགས་གཅིག་ནས་ཡག་པོ་རེད། ཕྱོགས་གཞན་ནས་ལག་ལེན་སྣ་གཅིག་མེད་པར་ཁ་བཤད་ཁོག་སྟོང་ངང་ད་བར་ལྷག་པ་ངོ་མ་ཡ་མཚན་རེད། དལ་འབྱོར་མི་ལུས་ཐོབ་པ་གཅིག་འདྲ་རེད། ཨ་མའི་མངལ་ཐོན་ས་གཅིག་མཚུངས་ཡིན། བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་ཡང་འདྲ་འདྲ་རེད། རང་དབང་འདོད་ཀྱང་བཙན་ནོན་མི་འདོད་པ་ཡང་ཆ་རེད། འོན་ཀྱང་། ང་ཚོས་བུད་མེད་དག་ལ་རང་གི་འདོད་པ་བཞིན་དགའ་མི་ཆོག་པ་དང་། རང་གི་བསམ་ཚུལ་བཞིན་བཤད་མི་ཆོག་པ། རང་གི་ནུས་པ་ལྟར་སྒྲུབ་མི་ཆོག་སོགས་མི་ཆོག་པ་དགུ་བརྩིགས་བཞིན་མནན་ནས་སྨྲ་བརྗོད་རང་དབང་ཡང་མེད་པ་ཞིག་ཏུ་འགྱུར་ཡོད་པས།གངས་རིའི་བུད་མེད་དག་ནི་ཞུམ་མེད་སྙིང་སྟོབས་སྐྱེས་ནས། རང་གི་འདོད་པ་ལྟར་གྲུབ་འདོད་དག་ལས་དགོས་ལ། གཞན་གྱི་རྐང་འོག་ནས་ནམ་ཡང་ལངས་དགོས། དེ་བས་ཀྱང་མི་རིགས་ཤིག་གི་ལོ་རྒྱུས་དང་བདེན་དཔང་མཚོན་ཐབས་སུ། ང་ཚོས་བུ་མེད་དག་གི་འགན་འཁྲི་ཅི་ཞིག་ཡིན་པ་དང་། ཕྲག་ཏུ་འགན་ཅི་ཞིག་འཁུར་ཡོད་པ། ང་ཚོས་ངེས་པར་དུ་བསྲུང་དགོས་པ་གང་ཞིག་ཡིན་པ་སོགས་ལ་དོ་སྣང་བྱེད་དགོས།
ཁྱད་པར་དུ་དུས་རབས་ཉེར་གཅིག་པ་ནི་རང་བཞིན་གྱི་འགྲན་རྩོད་ཀྱི་དུས་རབས་ཡིན་ལ། འགྲན་རྩོད་དེ་ཡང་མཐར་གཏུགས་ན། ཤེས་ཡོན་གྱི་འགྲན་རྩོད། འཇོན་ཐང་མི་སྣའི་འགྲན་རྩོད་སོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ན་འདྲ། མི་རིགས་ཤིག་ཡིན་ནའང་འདྲ། གང་ཟག་སྒེར་ཞིག་ཡིན་ན་འདྲ་འཕེལ་རྒྱས་ཀྱི་གཞི་རྩ་ཆགས་ཡོད། དེ་དང་ཕྱོགས་མཚུངས་གངས་རིའི་བུད་མེད་དག་ལ་གསར་གཏོད་དང་རྣམ་དཔྱོད་དགོས་ཏེ། རང་དབང་གི་བསམ་བློའི་རྨང་གཞི་དང་། རང་འཛིན་གྱི་སྤྱོད་ལམ་ངོམས་ས། རང་རྟོགས་ཀྱི་འགན་ལེན། རང་ཚུགས་ཀྱི་ལྟ་ཚུལ་གླེང་བའི་ཐོག་མའི་གར་སྟེགས་འདི་ང་ཚོས་བུད་མེད་ཀྱི་གོ་སྐབས་ཡག་ཤོས་ཞིག་ཆགས་པ་ཚང་མས་ཤེས་དགོས།
༨༽ དྲི་བ། དེང་སང་སྤྱི་ཚོགས་ཁྲོད་ནས་མི་ལ་ལ་ཞིག་གིས་སློབ་མ་ཞིག་ལ་མཚོན་ན་བརྩེ་དུང་ལ་སློབ་སྤྱོང་གི་བར་ཆོད་རེད་ཟེར། ཡང་མི་ལ་ལས་བརྩེ་དུང་གི་མིའི་ལུས་སེམས་གཉིས་ལ་ཕན་ཐོག་ཡོད་ཚུལ་གླེང་གི། ཁྱེད་རང་ཉིད་ལ་འདིའི་ཐོག་བསམ་ཚུལ་གང་ཡོད་དམ།
ལན། མི་མང་ལག་པ་གསེར་ཡིན། མི་མང་ཁ་ནི་དུག་ཡིན་ཞེས་པ་ལྟར་སྐབས་རེ་བསམ་བློ་ལེགས་པོ་མ་བཏང་བས་མི་མང་པོ་ཞིག་གིས་བརྩེ་དུང་ནི། དུས་རབས་ཉེར་གཅིག་པའི་ཁྲོད་དུ་མི་གསོད་རྐུན་འཕྲོག། མགོ་སྐོར་དང་གཡོ་སྒྱུ། གཞན་ལ་གནོད་འཚེ། ཉམ་ཆུང་ལ་མཐོང་ཆུང་སོགས་ཀྱི་རྩ་བ་རེད་ཅེས་གསུངས་ནས་དོན་མེད་ལ་མི་དང་མིའི་བར་ལ་འགལ་ཟླ་ལྟ་བུ་ཞིག་དང་རྙིང་ཞེན་ཅན་ལ་ངོས་འཛིན་གནང་མཁན་མང་། ད་དུང་སློབ་མ་ཞིག་གི་སློབ་སྤྱོང་ཡར་རྒྱས་ཀྱི་འགོག་རྐྱེན་ཞིག་ཏུ་མཐོང་མཁན་ཡང་མང་། ཕྱོགས་གཅིག་ནས་བདེན་པ་ཡང་རེད་ལ་ཁ་ནང་དུ་བསྐོར་ནས་བལྟས་ན་འགྲོ་བ་སེམས་ཅན་ཞིག་ལ་མཚོན་ནས་བཤད་ནས་བརྩེ་དུང་ནི་བདེ་སྐྱིད་ཀྱི་རྩ་བ་དང་བརྗོད་དཀའ་བའི་བསམ་བློའི་རྒྱབ་བརྟན་ངོ་མ་ཞིག་མཐོང་། མ་ཟད་སློབ་མ་མང་པོ་ཞིག་རང་གི་ཕ་མ་དང་རྒྱང་ཐག་རིང་བས། སྡུག་དུས་སྙིང་གཏམ་བཤད་ས་དང་་དགའ་དུས་བཟང་གཏམ་བཤད་ས་ནི་སེམས་ལྡན་མི་ལ་མཚོན་ན་ཧ་ཅང་གལ་ཆེན་མཐོང་། གཞི་རྩ་འདི་ལ་བསམ་བློ་བཏང་ན་ཧ་ཅང་གསལ་པོ་རྟོགས་ཐུབ། དེ་ཡང་ང་རང་ཉིད་ལ་མཚོན་ན་བརྩེ་དུང་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
༩༽ དྲི་བ། ཉིན་འགའི་སྔོན་ལ་ཁྱེད་རང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ལ་བཞུགས་འདུག་པས་ངས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རང་ཚོགས་པ་འདིའི་ནང་ལ་བཞུགས་དོན་གྱི་དམིགས་ཡུལ་དང་མ་འོངས་པ་རྩོམ་པ་པོ་དང་ཡིག་བསྒྱུར་གྱི་ཕྱོགས་སུ་ལས་གང་ཞིག་གནང་འདོད་ཡོད་དམ།
ལན། ཐོག་མར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལ་བཀའ་དྲིན་ཆེ་ཞུ་པ་དང་ཆབས་ཅིག་ཕྲན་ཚོགས་མི་ལ་གསར་འདེམས་གནང་བ་ཧ་ཅང་དགའ་པོ་བྱུང་། དེ་ཡང་ང་ལ་མཚོན་ན་ཕྱི་ལོ་༢༠༠༩ ནས་བཟུང་སྐད་ཡིག་རིགས་གཉིས་ཀྱིས་ལམ་ནས་སློབ་གྲྭའི་དུས་དེབ་དང་དྲ་ལམ་ཁག་ལ་བསྒྱུར་རྩོམ་ཐར་ཐོར་རེ་འབྲི་འགོ་བརྩམས་ནས་ད་བར་འདས་ཟིན་པའི་མི་ལོ་བརྒྱད་ཙམ་རིང་ལ་བདག་གི་བསྒྱུར་རྩོམ་དང་སྙན་ངག་སོགས་གང་མང་བྲིས་ནས་བོད་ཕྱི་ནང་གི་དུས་དེབ་དང་དྲ་ལམ་ཁག་ནས་སྤེལ་བ་མ་ཟད། དེ་དག་གི་ཁྲོད་ནས་ལེགས་སྐྱེས་ཀྱི་བྱ་དགའ་དང་བསྒྱུར་རྩོམ་དང་འབྲེལ་བའི་ལས་ཀ་གང་མང་ཞིག་ལ་མཉམ་ཞུགས་བྱེད་པའི་གོ་སྐབས་མི་ཉུང་བ་བྱུང་།
མ་ཟད་འདས་ཟིན་པའི་འཚོ་བའི་ཉམས་མྱོང་དང་མ་འོངས་པའི་ཁ་ཕྱོགས་གང་ལ་དམིགས་ནས་བརྗོད་ན་། སྙན་ངག་དང་ཡིག་བསྒྱུར་སོགས་ནི་ང་ཆེས་དུང་བའི་ལས་ཀ་དང་རང་ཉིད་ཀྱི་འཚོ་བ་དང་ཕུགས་བསམ་གང་གི་ཐད་ནས་བྲལ་ཐབས་མེད་པའི་ལམ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དམིགས་ཡུལ་འདི་གཞིར་བཟུང་ནས་བརྗོད་ན་མ་འོངས་པར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའི་ཁྲོད་ནས་རྩོམ་རིག་དང་ཡིག་བསྒྱུར་ཀྱི་ལས་ཀ་གང་དང་གང་ཞིག་ཡོད་ཀྱང་དགའ་སྣང་ངང་བྱེད་འདོད་ཡོད་ལ་དེ་དག་ཡོད་ཚད་རང་མི་རིགས་ཤིག་གི་རིག་གནས་ཀྱི་འགན་འཁྲི་ངོ་མ་ལ་ངོས་འཛིན་བྱེད་བཞིན་ཡོད།
༡༠༽དྲི་བ། ཁྱེད་རང་ཉིད་རྩོམ་དང་སྙན་ངག་ལ་དགའ་བའི་བུད་མེེད་ཅིག་ཡིན་པས། དེང་སང་བོད་ཕྱི་ནང་གཉིས་ཀྱི་བུད་མེད་རྩོམ་པ་པོའི་གནས་སྟངས་གང་འདྲ་ཞིག་འདུག་གམ།
ལན། སྤྱིར་བཏང་ནས་མི་ལ་མི་ཡི་མཚན་ཉིན་དང་ལྡན་པའི་བསམ་བློའི་ནུས་པ་ཁྱད་པར་ཞིག་ཡོད། མི་ལ་མི་ཡི་རྣམ་དཔྱོད་ལྡན་པའི་གསར་གཏོད་ཀྱི་རིག་པ་ཡོད། དེ་དག་གཞིར་བཟུང་ནས་བཤད་ན་འུ་ཅག་གངས་རིའི་བུད་མེད་དག་ཀྱང་ང་ཚོས་མིག་གིས་ཕུགས་རྒྱང་ལ་་བལྟས་ཤིང་། རྣ་བས་ཕྱོགས་ལ་ཉན་ཏེ། ཐབས་ཀྱི་སྒོ་སྣ་ཚོགས་ནས་ལས་སྒོ་ཕྲ་རགས་ཅི་བྱེད་ཡིན་རུང་ཡུལ་དུས་དང་མི་ཆོས་ལ་མཐུན་ཞིང་། མི་རིགས་ཀྱི་རྩ་དོན་དང་མི་འགལ་བའི་ལམ་ལུགས་རེ་འཚོལ་ཐབས་སུ། དེང་སང་བོད་ཕྱི་ནང་གཉིས་སུ་བུད་མེད་རྩོམ་པ་པོ་དང་སྙན་ངག་པ་ཇེ་མང་དུ་འགྲོ་དང་འགྲོ་བཞིན་ཡོད་པ་དུས་རབས་དེ་དག་ཏུ་འཚོལ་ཞིང་སྤྱི་ཚོགས་དེ་དག་ཏུ་གནས་པའི་མི་རིགས་དག་གི་ཉིན་རེའི་དྲ་ལམ་ཁག་དང་དུས་དེབ་སོགས་ཀྱི་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ཏེ་མི་ཉུང་བ་ཞིག་ཤེས་ཐུབ་བ་ངས་གླེང་ག་ལ་དགོས། མདོར་ན། དུས་རབསའཕེལ་རྒྱས་ཀྱི་དཀྱོགས་མཚམས་རེ་རེ་ནི་རིག་གནས་བསམ་བློའི་སྟེང་འགྱུར་ལྡོག་བཤད་ཐུབ་མཁན་གྱི་གངས་རིའི་བུད་མེད་རྩོམ་པ་པོ་མང་ཙམ་ཡོང་བའི་ང་ལ་རེ་བ་དང་ཡིད་ཆས་ཡོད་ལ།ནང་སེམས་ཀྱི་དཔའ་མོ་ཞིག་བྱ་བ་ལས། ཕྱི་ཚུལ་གྱི་དཔའ་མི་ཞིག་བྱ་མི་ཉན།
༡༡༽ སྤྱི་ཚོགས་མི་ལོང་གི་དུས་དེབ་འདིའི་བརྒྱུད་ནས་དམིགས་གསལ་ཀྱི་བཤད་འདོད་པ་དང་། ཡང་ན་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། ཕྲན་ལ་མཚོན་ན་འདས་པའི་མི་ལོ་བཅུ་ཕྲག་རིང་ལ་སློབ་གྲྭའི་ར་བ་ནས་འཚར་ལོངས་བྱུང་བའི་ས་མཐའི་འཁྱམས་མོ་ཞིག་ཡིན། མི་ལོ་དེ་དག་ལ་ཕྱིར་འདའ་ཞིག་བརྒྱབ་ན། ད་གཟོད་ང་ལ་བཤད་པ་ཚིག་འགའ་ཁོག་ན་ལྷག་འདུག། དེ་རིང་གི་གོ་སྐབས་དེ་བརྒྱུད་ནས་གངས་རིའི་སྤུན་ཟླ་ཡོངས་ལ་ཞུ་འདོད། སྤྱིར་ཡིན་ན་རྨང་གཞིའི་སློབ་གསོའི་སྤུས་ཚད་ལྡན་པ་དང་། རྣམ་དཔྱོད། དྲང་བདེན་དང་གནས་ལུགས་རྟོགས་པའི་མི་རིགས་ཤིག་གི་ལྟ་ཚུལ་ལ།ནང་པའི་ཆོསབརྒྱུད་པ་དག་ཕན་ཚུན་མི་མཐུན་པ་དང་རྩོད་རྙོག་གང་ཡང་མེད་ལ་སྔར་ཡོད་ཀྱི་ཆོས་ལུགས་ཆེ་ཁག་དམིགས་ཡུལ་དང་ཕུགས་འདུན་ཡོད་ཚད་གནམ་འོག་གི་འགྲོ་བ་མིའི་ཁྱད་ཆོས་དང་སྤྱོད་བཟང་དག་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། ང་ཚོ་ལ་ཆེས་གལ་གནད་ཆེ་བའི་བྱམས་སྙིང་རྗེ་དང་། བཅོས་མེད་ཀྱི་བཟོད་པ། ལྷག་བསམ། མི་སྒེར་གྱི་རང་ཚུགས་ཀྱི་ལྟ་བ་ཡང་དག་རྣམས་གཅེས་སྐྱོང་ལ་དམིགས་ཡོད་པ་གསལ་པོ་མཐོང་། འོན་ཀྱང་མི་དང་མིའི་བར་ན་གནས་ལུགས་དང་ཕྱོགས་རིས་མེད་པའི་ཆོས་ལུགས་ཤིག་ད་བར་ང་ཚོས་བསྐྲུན་ཐུབ་མེད།
ད་དུང་མི་རབས་གསར་པ་དག་ལ་དུས་རབས་དང་མཐུན་པའི་བསམ་བློའི་རང་དབང་དང་ཤེས་ཚད་ངོ་མ་ཞིག་གི་སློབ་གསོ་ཐོབ་མེད་པས། སྔར་མེད་ཀྱི་གནས་ལུགས་དང་། ལྟ་གྲུབ། ལམ་དང་ལུགས་སྲོལ་ཇེ་མང་ཞིག་བསྐྲུན་ནས་མི་དང་མིའི་བར་ན་རྒྱང་ཐག་གི་འགལ་ཟླ་བཟོས་ཡོད་པས། ང་ཚོས་མི་རབས་གསར་པ་དག་གི་མི་རིགས་ཀྱི་འདུ་ཤེས་དང་། ཆོས་ལུགས་ཀྱི་འགན་འཁྲི་སྐད་ཡིག་སོགས་ཀྱི་རིན་ཐང་ཤེས་པའི་ཐོག་ནས་མདུན་ནས་མདུན་དུ་སྐྱོད་བཞིན་འཛིན་སྐྱོང་སྤེལ་གསུམ་གནང་རོགས།
ད་དུང་གུས་མོའི་རེ་བར་བོད་ཀྱི་རྩོམ་པ་པོ་དག་གི་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོངས་པ་གཞིར་བཟུང་ནས་ཞུམ་མེད་ཀྱི་སྙིང་སྟོབས་དང་། བཅོས་མིན་གྱི་ལྷག་བསམ་གཉིས་ཟུང་འབྲེལ་ཐོག་མི་རིགས་ཀྱི་ཆབ་དཔལ་རིགས་གསུམ་ལ་སྔར་མེད་ཀྱི་བདག་སྐྱོང་གནང་རོགས་ཞེས་སེམས་ཀྱི་རེ་འབོད་ཡིན། རྩོམ་སྒྲིག་པ་ཁྱེད་རྣམས་ཀྱིས་བདག་ལ་གོ་སྐབས་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
ཆབ་བྲག་རྒད་པོ་ཡང་ཞི་མོ་འདི་འདྲ་ཞིག་ལ་མགོ་འཁོར་འདུག་ག