བསྡུ་འགོད་པ་ཨ་མྱེས་བྱ་ཁྱུང༌།
སོ་སོའི་རིག་གཞུང་སོ་སོས་ཉམས་དམས་བཏང་ན་ཐབས་སྐྱོ་པོ་ཡིན།
བོད་ཀྱི་ས་ཁུལ་ཁ་ཤས་ནང་རི་དྭགས་རྔོན་པ་རྒྱག་མཁན་ཡོད་འདུག དེ་ནི་ཧ་ཅང་ཐབས་སྡུག་གི་བྱ་བ་རེད། ང་རང་ཚོ་བོད་མི་རིགས་ཀྱི་རིག་གཞུང་ནི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལྟར། བསླབ་བྱ་གཙོ་བོ་འཚེ་བ་མི་བྱེད་པ་དང༌། བྱམས་བརྩེ་བྱེད་དགོས་པ་བསྟན་ཡོད། སྔར་བོད་ཀྱི་ཡུལ་ལུང་གང་སར་རི་རྒྱ་ཀླུང་རྒྱ་བསྡམས་ཏེ་སྲོག་ཆགས་གང་བྱུང་བསད་ཆོག་གི་མེད། བོད་པའི་གོམས་གཤིས་ཡ་རབས་སྤྱོད་བཟང་འདི་ཧ་ཅང་གལ་ཆེན་པོ་ཡིན། དེང་སང་འཛམ་བུ་གླིང་ཐོག་ནས་བོད་པར་དོ་སྣང་དང༌། དགའ་པོ་བྱེད་པའི་རྒྱུ་མཚན་རྩ་བ་གཅིག་བོད་ཀྱི་རིག་གཞུང་ལ་ཐུག་ཡོད། བོད་ཀྱི་རིག་གཞུང་གི་སྙིང་དོན་འཚེ་མེད་ཞི་བ་དང༌། བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡིན་པས་སོ་སོའི་རིག་གཞུང་སོ་སོས་ཉམས་དམས་བཏང་ན་ཐབས་སྐྱོ་པོ་ཡིན། ནོར་བུ་རང་གི་ལག་པར་ཡོད་པ་འདི་རྩ་ཆེ་ཡིན་པ་ངོ་ཤེས་པ་བྱས་ནས་བདག་པོ་རྒྱག་ཐུབ་པ་བྱེད་དགོས།
སྤྱོད་བཟང་གི་རྒྱུན་ཞིག་ཡོད་པ་འདི་ཉམས་ཆག་ཕྱིན་ན་མི་འགྲིགས
བོད་མི་ཚོ་ལ་སྙིང་རྗེ་ཟེར་བ་དང༌། དེ་བཞིན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཟེར་བ་དང༌། མ་གྱུར་སེམས་ཅན་ཐམས་ཅད་ཟེར་བ་འདི་ང་ཚོའི་ཁ་རྒྱུན་ལ་འཇགས་ཡོད་པ་ཧ་ཅང་གི་རྩ་ཆེན་ཡིན། དེ་ནི་བྱམས་བརྩེའི་བསམ་པ་ཡོད་པའི་མཚོན་རྟགས་ཡིན། བྱ་བྱེའུ་སོགས་གསོད་པ་ལ་འཛེམས་བག་མི་བྱེད་པའི་མི་དེའི་བསམ་བློའི་ནང་བྱམས་བརྩེའི་ཚོར་བ་མེད་པར་བརྟེན་རིམ་པས་མི་དང་མིའི་བར་ལའང་བརྩེ་བ་མེད་པར་འགྱུར་གྱི་ཡོད། བྱམས་བརྩེའི་ཚོར་བ་མེད་ན་མིའི་སྤྱི་ཚོགས་ནང་ལ་བདེ་སྐྱིད་ཡོང་ཐབས་མེད། ང་རང་ཚོ་བོད་པར་ཕ་མེས་དུས་ནས་ཡ་རབས་བྱམས་བརྩེའི་སྤྱོད་བཟང་གི་རྒྱུན་ཞིག་ཡོད་པ་འདི་ཉམས་ཆག་ཕྱིན་ན་མི་འགྲིགས་པས་བདག་པོ་ཡག་པོ་རྒྱག་དགོས། དེ་ཚང་མས་སེམས་ལ་ངེས་པ་བྱེད་དགོས།
ཚེ་རིང་ཙམ་སྡོད་རྒྱུའི་འདུན་པ་ཡོད།
ང་རང་སྐྱེ་འཆིར་རང་དབང་ཐོབ་པ་ཞིག་མ་ཡིན་ཡང༌། ྋརྒྱལ་མཆོག་དགེ་འདུན་གྲུབ་སྐུ་ཚེ་རིང་པོར་བཞུགས་འདུག་པ་དེ་བཞིན་ནམ། དེ་ལས་རིང་ཙམ་ཞིག་སྡོད་རྒྱུའི་འདུན་པ་ཡོད་ཀྱང༌། ཚེ་ཡུན་དུ་བརྟན་དང་མི་བརྟན་ཟེར་བ་འདི་ཡང་རྒྱུ་རྐྱེན་རྟེན་འབྲེལ་ཞིག་ལ་ངེས་པར་ལྟོས་དགོས། དཔེར་ན། ང་རང་ལ་མཚོན་ན་བསྟན་འཛིན་རྒྱ་མཚོ་ཟེར་བ་ཨ་མདོ་བའི་ཕྲུ་གུ་ཕལ་པ་ཞིག་རེད། འོན་ཀྱང་ལས་སྨོན་རྟེན་འབྲེལ་གྱི་མཐུ་ལས་ཁྱོད་ཚོས་ང་ལ་ྋརྒྱལ་བ་རིན་པོ་ཆེ་ཞེས་བརྩི་མཐོང་ཆ་འཇོག་བྱེད་དགོས་པ་ཞིག་དང༌། ངས་ཀྱང་བསྟན་པ་ཆབ་སྲིད་ཀྱི་ཁུར་འགན་རང་ནུས་ཀྱིས་མི་ལྡེང་མི་ཐེག་བཞིན་དུ་ལེན་དགོས་པ་ཞིག་བྱུང་བ་རེད། དེར་བརྟེན་ད་ལྟའི་གནས་སྐབས་སུའང་ཚང་མས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་གྱིས་སྤྱི་དོན་ལ་ཁུར་འགན་མཉམ་ལེན་གཅིག་མཐུན་བྱུང་ན་ངའི་ཚེ་ལའང་སྐྱོན་ཡོང་མདོག་ཁ་པོ་མ་རེད། དེ་འདྲ་མ་ཡིན་པར་སྤྱི་དོན་བློས་བཏང་གིས་རང་བཞིན་སྤྱི་ཟོམ་དུ་བཞག་སྟེ་ཚང་མ་ཆིག་སྒྲིལ་མ་བྱུང་ན་མི་གཅིག་གི་ཚེ་རིང་པོ་བསྡད་དེ་དཀའ་ལས་བརྒྱབ་ཀྱང༌། རང་ཉིད་ངལ་བའི་རྒྱུ་ལས་མེད་སྟབས་མི་ཚེ་རིང་པོར་བསྡད་ཀྱང་དགེ་མཚན་གང་ཡང་མ་མཐོང་བས་ལོ་མང་སྡོད་རྒྱུའི་གྲབ་གཤོམས་བྱས་ཀྱང་དགོས་པ་མེད། གནས་ཚུལ་དེ་འདྲར་བརྟེན་རང་རེ་བོད་རིགས་ཚང་མས་རང་འདོད་ཕྱོགས་ལྷུང་གི་བསམ་ཚུལ་རིང་དུ་དོར་ཏེ་དམ་ཚིག་ཆིག་སྒྲིལ་གྱིས་སྤྱི་དོན་ཚགས་ཚུད་འབྱུང་ཐབས་རང་གི་ནུས་པ་ཇི་ཡོད་བཏོན་ཏེ་མཉམ་རུབ་བྱས་ན་དེ་དང༌། ངོས་རང་ནས་ཡུན་རིང་དུ་སྡོད་རྒྱུའི་འདུན་པ་བཏང་བ་དེ་གཉིས་རྒྱུ་རྐྱེན་རྟེན་འབྲེལ་ཞིག་འཛོམས་ན་བསྐལ་བ་ཁྲི་ཕྲག་ཟེར་བ་དེ་འདྲ་ནི་གང་ཤེས། ཚེ་རིང་ཙམ་སྡོད་རྒྱུའི་འདུན་པ་ཡོད་ཅིང༌། སྨོན་ལམ་ཡང་བརྒྱབ་ཆོག ཚང་མ་དམ་ཚིག་མཐུན་ནྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར་བ་ངའི་ཚེ་ལ་ཡང་སྐྱོན་ཡོང་གི་མ་རེད་བསམ་པ་འདུག་པས་དེ་དོན་ཁྱོད་ཚོ་ཚང་མ་བློ་སེམས་བདེ་པོ་བྱས་ནས་སྡོད།
བོད་རྒྱ་གཉིས་ཀར་ཕན་ཐོགས་ཡོད།
ང་ཚོས་རྒྱ་བོད་མི་རིགས་ཕན་ཚུན་བར་འགལ་ཟླར་འཛིན་གྱི་མེད། མ་འོངས་པར་ཡང་བོད་དང་རྒྱ་གཉིས་གྲོགས་པོ་གྲོགས་མཆེད་དང༌། གཅིག་གིས་གཅིག་ལ་ཕན་ཐོགས་རོགས་རམ་བྱས་ཏེ་སྡོད་རྒྱུ་ལས། དགྲ་ཟླ་དགྲ་གཤེད་བྱས་ཏེ་སྡོད་རྒྱུ་མིན། ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་པ་འདི་ཕྱོགས་གཅིག་ནས་རྒྱ་བོད་བར་འཁྲུག་རྩོད་བྱས་ཏེ་རང་དབང་ལོན་ཐུབ་རྒྱུ་དཀའ་བ་དང༌། གལ་ཏེ་ལོན་པའི་དབང་དུ་བཏང་ཡང་དེ་ནི་ཚབས་ཆེའི་གཏོར་བཤིག་དང༌། མི་གསོད་ཁྲག་སྦྱོར་ལས་བྱུང་བ་ཞིག་ཡིན་པས་དགའ་རྒྱུ་མེད། གཉིས་ནས་འདོད་རུང་མ་འདོད་རུང་རྒྱ་བོད་གཉིས་སྔར་ནས་ད་བར་ཁྱིམ་མཚེས་སུ་གནས་ཡོད། མ་འོངས་པར་ཡང་ཁྱིམ་མཚེས་བྱས་ཏེ་སྡོད་རྒྱུ་ལས་གཞན་མེད། དེ་འདྲའི་གནས་ཚུལ་འོག་ནས་ང་ཚོ་ཕན་ཚུན་བར་གཅིག་གིས་གཅིག་ལ་མཛའ་བརྩེའི་བསམ་པ་མ་བརླགས་པ་ཞིག་དང༌། གཅིག་གིས་གཅིག་ལ་གྲོགས་པོ་གྲོགས་མཆེད་ཀྱི་འདུ་ཤེས་འཛིན་ཐུབ་ན། བོད་རྒྱ་གཉིས་ཀར་ཕན་ཐོགས་ཡོད། ཕན་ཚུན་དགྲ་ཟླ་དགྲ་གཤེད་དུ་བསྡད་པ་ཡིན་ན། མ་འོངས་པར་ཡང་དཀའ་ངལ་རྒྱུན་ཆད་མེད་པར་ཡོང་རྒྱུ་ཡིན། དེར་བརྟེན་ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པའི་རྒྱུ་མཚན་འདི་ལྟར་ཡིན།
ཚང་མས་ཁུར་མཉམ་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ང་རང་ཚོ་དམ་ཚིག་མཐུན་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། ཆོས་ལུགས་དང་ལུང་ཚན་གྱི་འཐེན་འཁྱེར་བྱེད་མི་རུང༌། ཆོས་ལུགས་འདྲ་མིན་ནང་མི་སྡུག་པ་རེ་ཟུང་ཏན་ཏན་ཡོང་སྲིད། ཆོས་ལུགས་ཀྱི་མིང་འཁྱེར་ནས་མདོ་དོན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གཏོང་མཁན་ཏན་ཏན་ཡོང་གི་རེད། དེ་རིགས་ཀྱིས་ཆོས་ཀྱི་མིང་འཁྱེར་ནས་ཡོང་བ་མ་གཏོགས་ཆོས་དང་མཐུན་པའི་ལས་ཀ་བྱེད་ཀྱི་མེད། དེ་བཞིན་ཆོལ་ཁའི་འཐེན་འཁྱེར་བྱས་ཏེ་ཁ་ཤས་ཀྱིས་ཁ་ནས་སྤྱི་སེམས་ཡིན་ཁུལ་གྱིས་དོན་སྙིང་ཆགས་སྡང་ཕྱོགས་རིས་བྱེད་མཁན་དེ་འདྲ་ཡོང་གི་རེད། ང་རང་ཚོས་དེ་འདྲ་ནམ་ཡང་མི་ཡོང་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་རང་ཚོ་ཚང་མ་ཕན་ཚུན་མཐུན་པོ་བྱེད་དགོས། བོད་ནང་དུའང་དེ་སྔོན་ཡར་ཐོན་དང་ཧུར་བརྩོན་བྱེད་མཁན་དེ་རིགས་མང་ཆེ་བར་ཁག་མེད། སྙིང་རྗེའི་ཡུལ་ཡིན། ཕྱོགས་གཅིག་ནས་ཤེས་རྨོངས་ཁ་ཤས་ཀྱིས་རྒྱ་མིས་གང་བཤད་ལ་ཡིད་ཆེས་བྱེད་པ་ལས་གནས་ཚུལ་ངོ་མ་ཤེས་ཀྱི་མེད། གཉིས་ནས་དེ་ཚོ་མང་ཆེ་བ་ཞེད་སྣང་དབང་གིས་དེ་འདྲ་མི་བྱེད་ཀ་མེད་བྱུང་བ་ཞིག་རེད། དེ་འདྲ་ཡིན་པའི་རྟགས་ནི་སྤྱིའི་གནས་ཚུལ་ལ་འགྱུར་བ་ཕྱིན་ནས་དངངས་སྐྲག་ཕྲན་བུ་ཆུང་དུ་འགྲོ་བའི་སྐབས་མིའི་གཤིས་ཀ་དང་སྤྱོད་པར་འགྱུར་བ་ཡོང་གི་ཡོད་པ་དེ་ཡིས་ར་གསལ་བོར་འཕྲོད་ཀྱི་ཡོད། ད་ཆ་ནང་ཁུལ་དུ་སྔོན་མ་མི་འདི་དང་འདི་ཞེས་བྱ་བས་ངའི་ཁྱིམ་ཚང་གི་མི་ལ་སྡུག་པོ་འདི་དང་འདི་ལྟ་བུ་བཏང་བྱུང༌། ངའི་ཕ་མར་སྡུག་པོ་བཏང་བྱུང་བསམ་པའི་འཁོན་འཛིན་བྱེད་རྒྱུ་མེད། དེའི་རྩ་བ་རྒྱ་མི་གུང་ཁྲན་གྱིས་ང་ཚོའི་ལུང་པ་དབང་བསྒྱུར་ནས་བསྡད་པ་འདི་ལ་ཐུག་ཡོད། ང་རང་ཚོ་ནང་ཁུལ་གཅིག་གིས་གཅིག་ལ་འཁོན་འཛིན་བྱས་ནས་དམ་ཚིག་མི་གཙང་བའི་ལས་ཀ་བྱས་ན་ཡག་པོ་མེད། དེ་སྐོར་བོད་ཀྱི་མ་འོངས་ཆབ་སྲིད་ལམ་སྟོན་ནང་གསལ་པོ་བཀོད་ཡོད་ལ། ད་ལྟ་རྒྱ་མིས་བཀོད་སྒྲིག་བྱས་ནས་ལས་ཁུངས་ནང་ལས་ཀ་བྱེད་མཁན་དེ་དག་ལ་རྒྱ་མིས་ཕོགས་སྤྲད་ནས་གྲོད་ཁོག་རྒྱ་མིས་གསོ་གི་ཡོད་པར་མ་ཟད། མིང་ལའང་རྒྱ་མིའི་ལས་ཁུངས་ཞེས་ཟེར་གྱི་ཡོད། མི་སྡུག་པ་རེ་ཟུང་ཡོང་སྲིད་ཀྱང༌། མང་ཆེ་བ་ལ་བོད་གངས་ཅན་པ་ཞེས་པའི་བསམ་བློ་འདི་མེད་པ་མིན། དེར་བརྟེན་ང་རང་ཚོ་ཚང་མ་མཐུན་པོ་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་བོད་སྤྱི་པའི་ཐོབ་ཐང་ཙམ་དུ་མ་ཟད། སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྐྲུན་རྒྱུའི་དམིགས་ཡུལ་བཟང་པོ་ཡོད་པ་འདི་འགྲུབ་པའི་ཆེད་དུ་ཚང་མས་ཁུར་མཉམ་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
མ་ཆང་བརྒྱབ་སྟེ་བསྡད་ན་ཡག་པོ་མེད།
བར་ལམ་ལོ་ཤས་གོང་བོད་ནང་ཆག་རག་འཐུང་མཁན་མང་དུ་སོང་བ་དེས་རྐྱེན་པས་ལུས་པོ་དང༌། དུས་ཚོད་ཆུད་ཟོས་སུ་འགྲོ་བའི་གནས་ཚུལ་མང་པོ་ཡོང་གི་འདུག མི་དེ་གྲས་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས། མ་གཞི་སེམས་མ་སྐྱིད་པ་དང༌། ཁོང་ཁྲོ་ལངས་པའི་སྐབས་ཉི་མ་འཁྱོལ་ཐབས་སུ་ཆང་རག་བཏུང་བ་ཞིག་ཡིན་པས་གནས་ཚུལ་ལ་བལྟས་ན་ཁག་མེད་པ་ལྟ་བུ་ཡང༌། ཕུགས་ནས་བསམ་བློ་བཏང་ན་རང་གིས་རང་ལ་དྲིན་ཆུང་བཏང་བ་ཞིག་ཡིན། དེའི་རྐྱེན་པས་ལས་ཀ་འཐུས་ཤོར་འགྲོ་བ་དང༌། སོ་སོའི་ལུས་པོར་ཡང་ན་ཚ་ཕོག་པ་བཅས་ཡག་པོ་མ་རེད། ཆང་རག་ཚོད་མེད་འཐུང་བ་དང་གཅིག གཉིས་ནས་དེང་སང་བོད་ནང་ཐ་མག་ཉལ་ཐ་འཐེན་མཁན་ཁ་ཤས་ཡོང་གི་ཡོད་འདུག དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། དེ་བཞིན་རྒྱན་པོ་འགྱེད་པའི་རྩེད་མོ་མ་ཆང་རྒྱག་མཁན་མང་པོ་ཡོད་པ་མ་ཟད། ད་དུང་དེ་ལ་ས་ཕག་རྩིག་ཟེར་མིང་གསར་པ་ཞིག་ཀྱང་བཏགས་འདུག མ་ཆང་བརྒྱབ་སྟཻ་བསྡད་ན་ཡག་པོ་མེད།
གྲྭ་བཙུན་ཚང་མས་ངེས་པར་དུ་བསླབ་པ་སློབ་གཉེར་བྱེད་དགོས།
དེང་སང་བོད་ནང་དགོན་པ་ཁག་ཉམས་གསོ་བྱེད་ཀྱི་ཡོད་པ་གཞི་རྐང་ཡག་པོ་རེད། འོན་ཀྱང་ཕྱིའི་ལྷ་ཁང་དང་དགོན་པ་ཞིག་ཉམས་གསོ་བྱས་པ་གཅིག་པུས་མི་འགྲིགས་པར། དེའི་ནང་སྡོད་མཁན་གྱི་གྲྭ་བཙུན་རྣམས་སྤུས་དག་པོ་དགོས་ཀྱི་འདུག སངས་རྒྱས་ཀྱི་བསྟན་པ་མཛུབ་མོ་འཛུགས་ས་དེ་ཕྱིའི་ལྷ་ཁང་ཞིག་དང༌། དེའི་ནང་སྐུ་གསུང་ཐུགས་རྟེན་ཡོད་པ་ཙམ་མ་ཡིན་པར། ནང་གི་སེམས་རྒྱུད་དང་འབྲེལ་ཡོད་ལུང་དང་རྟོགས་པའི་བསྟན་པ་གཉིས་ཡིན་པས། གྲྭ་བཙུན་ཚང་མས་ངེས་པར་དུ་བསླབ་པ་སློབ་གཉེར་བྱེད་དགོས་པ་དང༌། དེའི་དོན་སྒྲུབ་པ་ཉམས་ལེན་གྱིས་ལག་ཏུ་བླངས་ཏེ་བཤད་པ་དང་སྒྲུབ་པའི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་མ་གཏོགས། སྐྱབས་འགྲོ་ལས་འབྲས་ཀྱི་གནས་ལུགས་དང༌། གཞི་ལམ་འབྲས་བུའི་རྣམ་གཞག་རགས་ཙམ་ཡང་མ་ཤེས་པར་ལུས་ལ་གྲྭ་ཆས་གྱོན། ངག་ནས་ཁ་འདོན་སྒྲ་སྡུད་འཁོར་ལོ་བཏང་བ་ལྟ་བུས་གྲོང་ཆོག་རྒྱུགས་ཏེ་བསྡད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པར་ཕན་ཐོགས་ཡོང་མི་ཐུབ།
སྙིང་རྗེའི་ཚོར་བ་ཤུགས་ཆེན་ཡོད་པའི་མི་རིགས་ཤིག་ཡིན།
བོད་པའི་རིག་གཞུང་དང༌། གོམས་གཤིས་མི་ཉམས་རྒྱུད་འཛིན་བྱ་རྒྱུ་ནི་བོད་མི་ས་ཡ་དྲུག་གཅིག་པུའི་ཁེ་ཕན་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལའང་ཁེ་ཕན་ཡོད་པ་ཞིག་ཡིན། ང་ཚོ་བོད་པར་འཛམ་གླིང་ལ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་དང༌། གོ་སྐབས་ཡོད་པ་འདིས་རྒྱ་ནག་ལའང་ཕན་ཐོགས་ཡོང་གི་རེད། ང་རང་ཚོ་དེང་སང་དུས་ཚོད་གཉན་འཕྲང་དཀའ་ངལ་ཤིན་ཏུ་ཆེན་པོ་ཞིག་གི་ཐོག་བསྐྱོད་བཞིན་ཡོད་ཀྱང༌། རྩ་བ་བོད་མི་རིགས་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དང༌། རིག་གཞུང་དེ་དང་འབྲེལ་བའི་མིའི་གཤིས་ཀ་ཡང་དངོས་གནས་སྙིང་རྗེའི་བསམ་པ་དང༌། སྙིང་རྗེའི་ཚོར་བ་ཤུགས་ཆེན་ཡོད་པའི་མི་རིགས་ཤིག་ཡིན་པར་བརྟེན། ང་ཚོའི་མ་འོངས་པར་མདུན་ལམ་ཤིན་ཏུ་རྒྱ་ཆེན་པོ་ཡོད།
ང་རང་ཚོ་རང་གིས་གཏོར་བའི་རྒྱུ་རྐྱེན་ལ་འགྲོ་སྲིད་པ་རེད།
བོད་པའི་ཁྱིམ་ཚང་སོ་སོ་དང༌། ཁྱྀམ་ཚང་སོ་སོའི་ནང་གི་བོད་པ་མི་རེ་ངོ་རེ་ཚང་མས་སོ་སོའི་སེམས་ཀྱི་ནང་ལ་ང་ཚོའི་ཆོས་དང་རིག་གཞུང་འདི་དག་སོ་སོའི་ཁྱད་ནོར་རྩ་ཆེ་ཡིན་པ་ངོ་ཤེས་པའི་ཐོག་ནས་ཁྱིམ་ཚང་སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་སྤྱོད་ལམ་ནང་ཡ་རབས་བག་ཡོད་ལྡན་པ་དང༌། ངོ་ཚ་ཁྲེལ་གཞུང་ཡོད་པ། སེམས་པ་བཟང་པོའི་ཐོག་ནས་གཞན་ལ་ཕན་ཐོཊ་བྱེད་པ་ཡ་རབས་བཟང་སྤྱོད་རྣམས་ཉིན་བཞིན་ལག་ལེན་དུ་བཀལ། ཁྱིམ་ཚང་དེའི་ནང་ལ་ཡོད་པའི་ཕྲུ་གུ་ཚོ་ལ་ཡང་དེ་འདྲའི་བཟང་པོའི་གོམས་གཤིས་རྣམས་ངོ་སྤྲོད་བྱས་ནས་མིག་ལྟོས་ལ་འཇཊ་ཐུབ་པའི་ཐབས་ཤེས་ངེས་པར་དུ་རྒྱུན་བསྲིངས་ནས་བྱེད་དགོས་ཀྱི་འདུག དེ་འདྲ་མ་བྱས་པར་ཁྱིམ་ཚང་དེའི་ནང་གི་ཕ་མ་རྒན་རབས་ཚོ་མ་རབས་འཆལ་སྤྱོད་ལ་ཞུཊ་པ་ཡིན་ན། ཕྲུ་གུ་ཚོ་ལ་རང་བཞིན་གྱིས་ཕ་མའི་སྤྱོད་ལམ་དེ་འགོས་རྒྱུ་ཆོས་ཉིད་རེད། དེ་འདྲའི་གནས་ཚུལ་བྱུང་བ་ཡིན་ན། ང་ཚོའི་རིག་གཞུང་གོམས་གཤིས་བཟང་པོ་རྒྱ་མིས་གཏོར་མི་དགོས་པར་ང་རང་ཚོ་རང་གིས་གཏོར་བའི་རྒྱུ་རྐྱེན་ལ་འགྲོ་སྲིད་པ་རེད།
གོང་ས་མཆོག་གི་གསུངས་བཤད་དེ་དག་སྙན་པོ་འདུག བློ་ལ་འགྲོ་པོ་འདུག འབབ་ཆགས་པོ་འདུག
ཡིན་ནའི་མི་རིགས་ཤིག་གི་བདེ་སྡུག་དང་ཆག་འཇིགས་ཀྱི་སྐོར་ནས་བཤད་ན་གསུངས་བཤྡ་དེ་དག་གི་ནང་དོན་ཁ་ཤས་འཚམ་པོ་མིན་འདུག གཅིག མི་རིགས་ཤིག་འཚོ་གནས་ལ་སྡོད་མིན་དང་མི་རིགས་དེ་དར་རྒུད་ཡོང་མིན་དེ་བྱམས་སྙིང་རྗེས་མི་ཕན་པ་དེ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། གཉིས། རྗེས་མ་དགོད་རྒྱུ།