གཞུང་པ་ཚེ་དབང་བསོད་ནམས།
࿑ ཀ་ཡེ་སྙིང་སྟོབས་ཅན་གྱི་གཞིས་བྱེས་བོད་རིགས་སྤུན་ཟླ།
ཁ་ཕྱོགས་ལངས་ཕྱོགས་མ་ནོར་༧རྒྱལ་བའི་བཀའ་དགོངས་སྒྲུབ་དང་།
ག་ལེ་ག་ལེའི་ངང་ནས་གཞིས་བྱེས་མཉམ་དུ་འཛོམས་དུས།
ང་བདེན་ཁོ་རྫུན་མིན་པའི་ཀུན་སྙོམས་སྲིད་གཞུང་བཙུགས་དང་།
ཅ་ཅོ་འར་འུར་མང་བའི་དེང་དུས་རྒྱལ་སྤྱིའི་ཆབ་སྲིད།
ཆ་འཇོག་ཅིག་ཏུ་མ་ངེས་སྟོབས་ཤུགས་རྗེས་སུ་འབྲངས་ནས།
ཇ་ཆང་ངོ་སྲུང་འོག་ཏུ་སྔ་དགོང་རྣམ་འགྱུར་འགྱུར་གྱིས།
ཉ་རྒྱས་ཟླ་བའི་འོད་ཟེར་འཛམ་གླིང་ཡོངས་ལ་ཁྱབ་སོང་།
ཏ་བ་ཐ་དད་ཅན་གྱི་རྒྱལ་མང་སྲིད་གཞུང་ཀུན་གྱིས།
ཐ་མ་བོད་ཀྱི་འཐབ་རྩོད་བདེན་པའི་ཕྱོགས་སུ་འཛིན་ནས།
ད་ཆ་རང་དབང་སླར་གསོའི་སྐྱ་རེངས་ཤར་ལ་ཉེ་དུས།
ན་གཞོན་བསམ་ལུས་རྒྱས་པའི་ཆབ་སྲིད་ལངས་ཕྱོགས་མ་ནོར།
པ་ཕ་ཨ་མས་བསླབ་བྱ་མ་བརྗེད་བློ་ལ་ཉར་ནས།
ཕ་རོལ་དགྲ་བོ་རྒུད་ལ་ཐབས་ཀྱི་གོ་མཚོན་འཕེན་དང་།
བ་དང་གླང་གོག་ནང་བཞིན་ནང་དུ་འཁྲུགས་པ་མ་མང་།
མ་དང་བུ་ཕྲུག་བཞིན་དུ་བློ་སེམས་ཅིག་ཏུ་སྒྲིལ་དང་།
རྩ་བ་རང་ཡུལ་ལེན་ལ་ནང་ཁུལ་དམ་ཚིག་བརྟན་དང་།
ཚ་གྲང་རྣོ་ངར་མ་ཤེས་རང་གི་རང་ཉིད་ཕུང་ཡོང་།
ཛ་ར་རྫེ་རེ་མིན་པའི་གཞུང་མང་བློ་ཁ་མཐུན་ན།
ཝ་ར་འུར་རེ་ཆེ་ཡང་ཆབ་སྲིད་སྟོང་པའི་བྲག་ཆ།
ཞ་ལ་ཞོ་ལེའི་མི་ཚོགས་གུང་ཁྲན་ཏང་ལ་མང་ཡང་།
ཟ་འཐུང་གནས་མལ་དཀའ་སྡུག་གཞིས་ཡོད་བོད་མིར་འཕྲད་འདུག།
འ་ཆད་འུ་ཐུག་ཅན་གྱི་གཞིས་ཡོད་བོད་མིའི་དོན་ལ།
ཡར་རྒྱས་གླིང་དུ་ཡོད་པའི་ཤ་རུས་སྤུན་ཟླ་རྣམས་ནས།
རཱ་བ་བརྟན་པོའི་རོགས་རམ་རང་ཡུལ་ཕྱོགས་སུ་གནང་ན།
ལ་རྒྱ་བརྟན་པོའི་གཏམ་དོན་ལོ་རྒྱུས་ནང་དུ་འཇོག་ཐུབ།
ཤ་ཚ་སྙིང་ནས་ཡོད་ན་རང་ཡུལ་རང་མིར་བསམ་ནས།
ས་ཕྱོགས་གངས་ལྗོངས་ཕྱོགས་སུ་སྙིང་དང་གློ་བ་མ་འགྱངས།
ཧ་ཅང་ཕ་ཡུལ་བསམ་ནས་གང་བྱུང་འཁྲུལ་བའི་བསམ་བློ།
ཨ་ཁ་མཛུབ་མོ་མགྱོགས་ནས་ཤོག་དཀར་སྟེང་དུ་ཐལ་སོང་།
གཞུང་པས། ༢༠༢༣/༠༨/༢༨