དམག
གཟའ་མཇུག་གི་དུས་ཚོད་མཇུག་རྫོགས་ནས་ཕྱིར་སློབ་གྲྭར་ལོག་སྐབས། དཔེ་ཆ་བླུ་བའི་གོམས་གཤིས་ཡོད་པ་ལྟར། ཉེ་ལམ་བོད་འགྱུར་བྱས་པའི«ཞར་ལའོ་ཁྲིའི་སྡོམ་ཐག»ཅེས་པ་དེ་བླུས་ཤིང་། སློབ་གྲྭར་འབྱོར་བའི་དགོང་མོ་དེ་ནས་བཟུང་ཐན་ཐུན་རེ་བཀླགས་པ་དང་། ཉིན་གསུམ་གྱི་རྗེས་སུ་བཀླགས་ཚོར་ཐན་ཐུན་འབྲི་ཁུལ་བགྱིས་པ་གཤམ་དུ།
རྩོམ་པ་པོས་སོས་དལ་བག་ཕེབས་ཀྱི་ཞིང་གྲོང་གི་འཚོ་བ་རྩོམ་གྱི་བརྗོད་བྱར་བཟུང་ཏེ། དེར་གནས་་་་་བཅས་བའི་སྒོ་ཕྱུགས་ལུག་དང་ཕག རྟ། བ་གླང་། ངང་བ་དང་ངུར་བ། ཙི་གུ སྡོམ། བ་མོ་སོགས་ལ་རབ་རྟོག་གི་ལམ་ནས་མི་སྐད་སྨྲ་རུ་བཅུག་པ་དང་། ལོ་ན་བརྒྱད་ལ་སོན་པའི་བུ་མོ་ཆུང་ཆུང”ཧྥིར”གྱིས་མིག་དབང་སྤྱད་དེ། ཁྱིམ་གྱི་སྒོ་
ཕྱུགས་དང་མིའི་བར་འདྲ་མཉམ་གྱི་འདུ་ཤེས་བཟུང་སྟེ་རྩོམ་གྱི་བློས་བསླངས་བྱས་པས། ཀློག་མཁན་ལ་དཀྱེལ་ཡངས་བག་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ལ། དེར་མཐུད་ནས་ང་ཚོའི་བློ་ངོར་ཡང་སྣུམ་ཚོམ་རི་མོ་ལྟ་བུའི་ཞིང་གྲོང་གི་ཡུལ་ལྗོངས་ཤིག་ལྷམ་མེར་དྲན་འོང་། «ཞར་ལའོ་ཁྲིའི་སྡོམ་ཐག»ནང་གི་སྒོ་ཕྱུགས་རྣམས་ནི། དོན་ལ་འཇིག་རྟེན་མི་ཡི་བསྡུས་གཟུགས་ཡིན་ཞིང་། གཏམ་རྒྱུད་ནང་གི་སྒོ་ཕྱུགས་རྣམས་ལ་སྣང་བརྙན་དོད་པོར་མ་ཟད། དེ་དག་གི་བསམ་སྤྱོད་ལས་མི་ཡི་རང་གཤིས་ལྷང་ལ་བུད་པ་སྟེ། བྱི་བ་ཁྲིན་པིལ་ཀྲིན་ནི་བཟང་སྤྱོད་དང་འབྲེལ་བའི་གཤིས་ཀ་བྲལ་ཞིང་ངོ་ཚ་ཁྲེལ་མེད་བྱ་རྒྱུར་ཐེ་ཚོམ་མེད་པ། སྡོམ་ཞར་ལའོ་ཁྲི་ནི་ཉམས་ཆུང་ལ་རོགས་རམ་དང་སེམས་ཁུར་བྱེད་པའི་ལྷག་བསམ་ཅན། ལུག་རྒན་པ་ནི་སྤྱི་དོན་ལ་ཐུགས་གཞིགས་གནང་མཁས་པའི་རྒན་པོ་བློ་རྒྱ་ཅན་དག་གི་མཚོན་བྱེད་ཡིན། ཕག་ཝིར་སྦིར་ནི་ནམ་ཡང་ནར་སོན་རྒྱུ་མེད་པའི་བྱིས་པ་བསམ་མེད་ཅིག་གོ །
སྡོམ་ཞར་ལའོ་ཁྲིས་ཕག་ཝིལ་སྦིར་ལ་རོགས་རམ་བྱས་པ་དང་། སྲོག་ཉེན་ལས་བསྐྱབས་ཏེ་རིམ་གྱིས་ཁོ་གཉིས་མཛའ་གཅུགས་ཀྱི་གྲོགས་པོར་གྱུར་བའི་གོ་རིམ་ནི་དོན་ལ་རྩོམ་པ་པོས་བྱིས་པའི་ནང་སེམས་འཚོལ་དཔྱོད(探索)དང་རྙེད་རྟོགས(发现)ཀྱི་དུས་རིམ་ཡིན་ལ། ལེའུ་བཅུ་དྲུག་པ”ཞིང་ལས་འགྲེམ་སྟོན་ཁྲོམ་རའི་འགྲུལ་བཞུད”ནས་བཟུང་། ཕག་ཝིལ་སྦིར་ལ་འབྲེལ་འདྲིས་ཆེ་བའི་བྱི་བ་ཁྲིན་པིལ་ཀྲིན་དང་སྡོམ་ཞར་ལའོ་ཁྲི་གཉི་ཀ་སྟེགས་བུ་གཅིག་གི་སྟེང་དུ་བཞག་པ་དང་། དེ་གཉིས་ཀ་གཤིབ་བསྡུར་བྱས་ཏེ་ཟུར་གཞན་ཞིག་ནས། ན་ཆུང་གྲོགས་པོ་རྣམས་ལ། ཁྲེལ་གཞུང་ཕྱི་ཐག་རིང་ཞིང་སྤྱང་གྲུང་ལྡན་པ། གཞན་ཕན་ལྷག་བསམ་གྱིས་ཕྱུག་
པའི་གྲོགས་པོ་ཞར་ལའོ་ཁྲི་ལྟ་བུ་ཞིག་ལ་གྲོགས་སྒྲིག་པ་དང་དེ་ལ་གཅེས་འཛིན་བྱེད་དགོས་པར་གདམས་ཏེ་རྣམ་དག་གི་མི་གཤིས་དང་ཟོལ་མེད་ཀྱི་མཛའ་བརྩེ་ལ་བསྟོད་གླུ་བླངས་ཡོད། ཡིན་ནའང་། མི་གཤིས་འཆིང་གྲོལ་དང་མི་གཤིས་སྒེར་ཚུགས་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད། ཉམ་ཆུང་རྣམས་ཀྱི་བཞོན་པ་བྱེད་པར་མོས(俯首甘为孺子牛)པའི་ཞར་ལའོ་ཁྲི་ལྟ་བུ་སྤྱི་ཚོགས་སྟེང་དུ་ཡོད་སྲིད་ཀྱང་མཐའ་འཁྱོལ་དཀའ་ལ། “ཁེ་ཕན་རིང་ལུགས་པ”ཀྱི་འཐུས་ཚབ་པ་ཅོལ་ཆུང་ཁྲིན་པིལ་ཀྲིན་ལྟ་བུའི་མི་ལ་འཕྱ་ཉམས་བསྟན་ཡོད་ནའང་། དེ་ནི་མཐའ་གཅིག་ཏུ་ནག་པོ་ཞིག་མིན་ཏེ། “དྲི་ངན་གྱི་འབར་མདེལ”དང”གད་སྙིགས་ཕུང་བོའི་ཁྲོད་ཡང་ནས་བསྐྱར་དུ་སོང་བ།” “མཇུག་མ་ལ་སོ་བཏབ་ནས་དྲན་པ་གསོས་པ”སོགས་ནི་ཝིར་སྦིར་མི་ཚེའི་གོ་རིམ་ཁྲོད་ཀྱི་དཀྱོགས་མཚམས་གལ་ཆེན་ཏག་ཏག་ཡིན་ལ། སྐབས་འདིར་བྱི་བ་ཁྲིན་པིལ་ཀྲིན་གྱིས་ཀྱང་ཝིལ་སྦིར་ལ་རོགས་རམ་བྱས་ཡོད། ཞར་ལའོ་ཁྲི་ནི་དོན་ལ་ཝིར་སྦིར་གྱི་ཁེན་ས་གསེར་གྱི་ཀ་བ་དང་འཇུ་ས་ཁྱུང་གི་རྭ་ཡིན་པ་བདེན་མོད། འོན་ཏེ། འདི་ལྟར་སོང་ཚེ་ཝིར་སྦིར་ནི་རང་སྟོབས་ཀྱིས་འཚོ་བ་རོལ་མི་ཐུབ་པར་གཞན་རྟེན་རྐྱང་རྐྱང་ལ་གོམས་པའི་ཉེན་ཁ་འདུག དེས་ན། ང་ཚོར་མཁོ་བ་ནི”སྲུང་གདུགས”(保护伞)ལྟ་བུའི་གྲོགས་པོ་ཞར་ལའོ་ཁྲི་ཁོ་ན་མིན་པར། རང་སྟོབས་རང་སྤེལ་དང་རང་བརྩོན་ཞུམ་མེད་ཀྱི་སྙིང་སྟོབས་ཡོད་པའི་ཁར། ད་དུང་འཕྱ་སྨོད་དང་མངོན་མཚང་འདྲི་མཁན་ཁྲིན་པིལ་ཀྲིན་ལྟ་བུ་ཡང་མེད་མི་རུང་ལ། ཁྱད་ཆོས་དེ་དག་ལྡན་ཚེ། སྤྱི་ཚོགས་ཀྱིས་གསེས་འདོར(淘汰)མི་ཐུབ་ལ་དུས་རབས་ཀྱི་རླུང་འཚུབ་ལའང་ཞེད་སྣང་སྐྱེ་མི་དགོས། ཁྲིན་པིལ་ཀྲིན”འགྲུལ་བཞུད་བྲེལ་བ”ས་རྒྱང་རིང་རིག་པའི་མིག་དང་རྒྱང་གཏམ་གོ་བའི་རྣ་ཡོད་ཟེར་བའང་དགེ་མཚན་ཞིག་སྟེ། ཕག་ཚང་མ་གཏོགས་ས་ངོ་མི་ཤེས་པའི”ཉམ་ཆུང་ནུས་མེད”ཀྱི་ཝིར་སྦིར་དང་བསྡུར་ན་ལྟ་རྒྱ་ཐོས་རྒྱ་ཡངས་ཤིང་། སྤྱི་ཚོགས་དང་ཉེ་རུ་ཕྱིན་པས་མི་གཤིས་ཀྱི་མཛེས་པའང་བོར་ཟིན་ལ། རིག་པ་འདིས་དཔགས་ན། ཁྲིན་པིལ་ཀྲིན་གྱི་གཤིས་ཀ་ལའང་གུ་ཡངས་གནང་མི་ཐུབ་པ་ཞིག་གཏན་ནས་མིན། ཕྱོགས་གཞན་ཞིག་ནས་བསམ་ན། འདི་ནི། ཁེར་སྡོད་ཀྱི་ཞན་ཆ་དང་འདུས་སྡོད་ཀྱི་དགེ་མཚན་ཞིག་ཀྱང་ཡིན་སྲིད།
འགྱུར་འདིའི་ནང་དུ་མཚམས་ལ་རེར་དཔེ་ཆོས་བཀོལ་ནོར་དང་ཡི་གེ་གཏག་ནོར། དོན་འགལ་བའི་ཚིག་ཕྲེང་རེ་ནོར་འཁྲུལ་བྱུང་ཡོད་ཀྱང་། ཐལ་ལྕག་གིས་རི་བོ་གླེབ་དོགས་མེད་ལ། ཁྭ་ཏས་གངས་རི་སྣོག་དོགས་ཀྱང་མེད་པས་བསྒྱུར་མཁན་ཁོང་ལ་སོར་བཅུ་སྙིང་ཁར་འཁྱེར་ཏེ་ཐུགས་རྗེ་ཆེ་ཞུ་ཞུ། །