( གསས་ཁང་ལེགས་གྲུབ་བྱུང་བའི་དུས་སྟོན་དང་འབྲེལ་བའི་‘‘འབྲས་དཀར་’’ཡིད་ཀྱི་དགའ་སྟོན།)
(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་གྱི་ཆེད་དུ་ཕུལ་བ།)
ཧོས་ཕྱྭ་སྲས་དགྱེས་པའི་ཟླ་གཞོན།།
ཀ༽ཨཱོྃ་སྭསྟི།
སྟོང་ཕྲག་བཅོ་བརྒྱད་བགྲང་བྱའི་ཡར་སྔོན་དུ།
འོལ་གླིང་ཞིང་དུ་མཚན་དཔེའི་དཔལ་བརྟས་པའི།།
ཁམས་གསུམ་སྐྱེ་རྒུ་འདྲེན་པ་དམུ་རྒྱལ་སྲས།།
བསྐལ་བཟང་དུས་ཚིགས་འདི་ལ་ཤིས་པར་སྒྲུབས།།
པད་དཀར་འདབ་མ་བརྩེགས་པའི་དབུས་དཀྱིལ་ན།།
རབ་དཀར་དགྱེས་བརྩེའི་འཛུམ་རླབས་གཡོ་བ་མོས།།
རྣམ་དཀར་དགེ་བའི་ལོ་ཟླའི་ཁུག་པ་འདིར།།
འབྲས་དཀར་འཆད་པའི་བུ་ལ་རམ་འདེགས་མཛོད།།
སྤུ༵་ལྡེ་གུང་རྒྱལ་བསྟན་འཛིན་རྒྱལ་པོ་ཡིས།།
བླ༵་ཡི་མཆོད་གནས་བཀུར་ཕྱིར་སྤྱན་དྲངས་བའི།།
ཁྱུ༵ང་གི་གདུང་འཛིན་སྟོན་པ་དམུ་ཁྱུང་ཞེས།།
ན༵ག་ཕྱོགས་བདུད་རིགས་འདུལ་བའི་བླ་མར་འདུད།།
གོང་གི་གདུང་འཛིན་རྨ་མེད་ལྷ་ཡི་སྲས།།
མ༵དོ་སྔ༵གས་བཤ༵ད་སྒྲུ༵བ་པད་མོའི་ཚལ་སྐྱོང་བའི།།
ལེགས་མཛད་ཉི༵་མ༵འི་ཟེར་ཕྲེང་གཡོ་བའི་སར།།
གཙུག་ལག་ཁང་ཆེན་བཞེངས་གྲུབ་བསྐལ་པ་བཟང་།།
ཞེས་ཤིས་བརྗོད་ཝེར་མ་དགྱེས་པའི་གླུ་དབྱངས་ཀྱིས་མདུན་ནས་བསུས་ཏེ་སྐབས་སུ་གླེང་སློང་བར་བྱ་བ་ནི།
ཐོག་མར་སྔར་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོས་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་དེ་ཉིད་མངའ་དབུལ་རབ་གནས་མཛད་པར་ཇི་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་དེ་བཞིན་དུ་དེ་རིང་ཡང་ཕུན་སུམ་ཚོགས་པ་ལྔ་དང་པའི་ཚུལ་ཞིག་བཤད་དོ་ལཱ་་་་་ཧ་ཧཱ།
ཁ༽འོ་་་་་ལགས་སོ།
སྟོན་པ་ཕུན་སུམ་ཚོགས་པ་ནི།
སྤྲོས་བྲལ་གདོད་མའི་མགོན་པོ་ཆེན་པོ།།
རིག་སྣང་འོད་ཀྱི་རྒྱལ་པོའི་ཐུགས་སྤྲུལ།།
བསྟན་བདག་གཤེན་གྱི་གདུང་དྲུག་གི་ཡ་རྒྱལ།
དམ་པ་ཁྱུང་ནག་བླ་མ་རྣམ་པ།།
གནས་ཕུན་སུམ་ཚོགས་པ་ནི།།
འཛམ་གླིང་གོ་ལ་ཧྲིལ་པོའི་ཡོངས་རྩེ།།
སྡེ་བཞིའི་མངའ་ཐང་དར་བའི་ཡུལ་གྲུ།།
དངུལ་རྫ་ཟལ་མོ་སྒང་གི་སྙིང་དབུས།།
སྤུ་བླ་བན་བོན་གཉིས་དར་གྱི་ཞིང་མཆོག
འཁོར་ཕུན་སུམ་ཚོགས་པ་ནི།།
འོད་གསལ་ལྷ་ལས་ཆད་པའི་རིགས་རྒྱུད།།
རྣམ་དཀར་ལས་ལ་མོས་པའི་ལྷ་མི།།
སྐུ་གསུང་ཐུགས་རྟེན་སྟོང་གི་དད་སྦྱིན།།
ལས་སྨོན་དབང་གིས་འཛོམས་པའི་ལྷ་སྡེ།།
དུས་ཕུན་སུམ་ཚོགས་པ་ནི།།
གཟའ་སྐར་འཕྲོད་སྦྱོར་དགེ་བའི་དུས་བཟང་།།
གསས་ཁང་ལེགས་གྲུབ་བྱུང་བའི་དགའ་སྟོན།།
ཆེས་མཐོའི་སྐུ་མགྲོན་ཕེབས་པའི་ཐོག་མ།།
འགོ་དམངས་གླུ་གར་རོལ་བའི་ཉིན་མོ།
བཀའ་ཕུན་སུམ་ཚོགས་པ་ནི།།
ཀི་བསྭོ་ལྷ་རྒྱལ་སྟོང་གི་འབོད་པ།།
མངའ་དབུལ་རབ་གནས་བོན་གྱི་གསུང་སྒྲ།།
སེམས་བསྐྱེད་སྐྱབས་འགྲོ་ལམ་གྱི་ཁྲིད་གདམས།།
ལེགས་ཉེས་བླང་དོར་མི་ཚེའི་ལམ་སྟོན།
ཡཱ་་་་་དེ་ལྟ་བའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་དུས་ཚིགས་ཁྱད་པར་ཅན་འདི་ལ། གོང་ན་དྲིན་ཆེན་བླ་མ་ཉི་མ་ཤར་འདྲ། བར་ན་དབང་ཆེན་དཔོན་པོ་ཟླ་བ་ཚེས་འདྲ། མཐའ་ན་བསོད་ཆེན་མི་དམངས་སྐར་ཚོགས་བཀྲ་བ་ལྟ་བུ་འདི་དག་ནི། ལས་སྨོན་ལམ་གྱི་འབྲེལ་བ་ཟབ་ཅིང་།ཐུགས་བརྩེ་བའི་འོ་ཆུ་འདྲེས་པ་ཤ་སྟག་ཏུ་ལགས་པས། ནང་གི་ཐུགས་སེམས་སྤྲོ་སེང་སེང་དང་།
ཕྱི་ཡི་བཞིན་རས་འཛུམ་མུལ་མུལ་གྱི་སྒོ་ནས། ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་འདི་ལ་གསན་པར་མཛོད་ཅིག ལ་་་་་་ཧ་ཧཱ།
ཀ༽འོ་་་ལགས་སོ།
རབ་དགའ་སྣོད་ཀྱི་འཇིག་རྟེན་འདི་ནི་རབ་དང་རིམ་པར་གྲུབ་ལགས་ཏེ།།
རབ་མང་འགྲོ་བའི་སྤྱི་མཐུན་ལས་དང་རབ་འཕགས་རྒྱལ་བའི་ཐུགས་རྗེ་ལས།།
རབ་འབྱམས་ནམ་མཁའ་སྟོང་པའི་ཀློང་ནས་རབ་བསིལ་རླུང་ངད་ཙམ་བྱུང་བས།།
རབ་ཡངས་སྣོད་ཀྱི་འཇིག་རྟེན་དང་པོ་རབ་བརྟན་རླུང་རིའི་དཀྱིལ་འཁོར་ཆགས།།
སྒྲིབ་བྱེད་སྤྲིན་དང་རླངས་པའི་དྲོད་ལས་བསྲེགས་བྱེད་མེ་རིའི་པད་འདབ་ཆགས།།
གནོད་བྱེད་མེ་རླུང་འཐབ་པའི་སྟོབས་ལས་རླན་བྱེད་ཆུ་ཡི་འཁོར་ལོ་གྲུབ།།
དག་བྱེད་སྲིད་པའི་ཆུ་བོ་དེ་ཉིད་བསིལ་བྱེད་རླུང་གིས་ཉེར་སྐྱོམས་པས།།
གསོ་བྱེད་འོ་མར་སྤྲི་མ་ཇི་ལྟར་འདེགས་བྱེད་གསེར་གྱི་ས་གཞི་ཆགས།།
མུ་མེད་ཐེག་ཆེན་ས་གཞི་དེ་ཡི་སྐྱོན་མེད་མཛེས་པའི་སྙིང་དབུས་སུ།།
འགྲན་མེད་གསེར་གྱི་རི་རབ་ལྷུན་པོ་གྲངས་མེད་འགྲོ་བའི་རྟེན་གཞིར་གྲུབ།།
རིས་མེད་ལྷ་མིའི་དབུལ་བ་ཀུན་སེལ་བཏབས་མེད་དཔག་བསམ་ལྗོན་བཟང་དེ།།
གཞོམ་མེད་ལྷུན་པོའི་སྲོག་ཤིང་ཚུལ་དུ་ཟད་མེད་ལོ་འདབ་དགུ་དུ་འཕྱོ།།
གསེར་གཡུ་ཟངས་སོགས་རིན་ཆེན་ལས་གྲུབ་གསེར་མདོག་ལྷུན་པོའི་བང་རིམ་མཛེས།།
ཕྱི་རིམ་ཕྱོགས་བཞིར་གླིང་ཆེན་རྣམ་བཞི་ཕྱི་དབྱིབས་འདྲ་མིན་ཚུལ་དུ་ཆགས།།
གླིང་ཆེན་དེ་བཞིའི་གཡས་གཡོན་གཉིས་ལ་གླིང་ཆུང་གཉིས་རེར་ལྷུན་གྱིས་གྲུབ།།
སྐྱེ་འགྲོ་རང་རང་ལས་དབང་སྟོབས་ཀྱིས་སྐྱེ་ཁམས་འཁོར་ཡུག་འདྲ་མིན་ཆགས།།
གསེར་གྱི་རི་བདུན་ཚར་དུ་དངར་ཞིང་རོལ་པའི་མཚོ་བདུན་འོད་དུ་འཁྱིལ།།
སྲ་བརྟན་ལྕགས་རི་ཁོར་ཡུག་དེ་དག་སྲ་བ་བྲག་གི་གཤིས་སུ་གྲུབ།།
རབ་བརྗིད་ལྷུན་པོའི་བང་རིམ་སྟེང་ན་རབ་མཛེས་ཁང་བཟང་ལྟ་ན་སྡུག།
དཀོར་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་དཀོར་སྤྱོད་བྱ་ནས་འཛད་དུ་མེད།།
རབ་ཡངས་འཛམ་གླིང་འཛིན་མའི་ཡང་རྩེ་རབ་མཛེས་ཁ་བའི་ཡུལ་གྲུ་ཞེས།།
རབ་དཀར་གངས་རིའི་མཐའ་ནས་སྐོར་ཞིང་གངས་དཀར་ཏི་སེ་སྟོད་ན་བརྗིད།།
མ་ལུས་འགྲོ་བའི་གསོས་སུ་གྱུར་པའི་མ་ཕམ་གཡུ་མཚོ་ལྟེམ་མེར་འཁྱིལ།།
རྟ་སྒོ་དྭང་རའི་གནས་མཆོག་དེ་དག་རྟ་སོ་ཇི་བཞིན་ཚར་དུ་དངར།།
ཁ་ཁུ་སིམ་པོའི་རྨོངས་གཉིད་དཀྲོགས་པའི་ཁ་བབ་རྣམ་བཞི་ཕྱོགས་སུ་བཞུར།།
བསམ་པའི་སྤོབས་པ་མཁའ་ལ་འདེགས་པའི་བསམ་གཏན་གང་བཟང་སྲིད་ན་མཐོ།།
དོན་ཆེན་ལས་ལ་དམ་བཅར་མཚོན་པའི་གཉན་ཆེན་ཐང་ལྷ་རབ་ཏུ་བརྟན།།
གནམ་སྔོན་ཉི་མས་ས་ལ་བཞུས་འདྲའི་གནམ་འཚོ་ཕྱུག་མོ་འོད་དུ་འཚེར།།
རྨ་མེད་གཤེན་གྱི་རིང་ལུགས་ཇི་བཞིན་རྨ་རྒྱལ་པོམ་ར་ཁྱད་དུ་འཕགས།།
ཐུགས་མཆོག་དགྱེས་པའི་མཆོད་སྤྲིན་བཤམས་འདྲའི་ཐུགས་སྤྲུལ་བོན་རིའི་བཀོད་པ་ལེགས།།
ཁ་བ་དཀར་པོའི་ཞིང་མཆོག་ཞེས་གྲགས་འགྲོ་བ་འབུམ་གྱི་དད་རྟེན་བཞུགས།།
གཟི་འོད་འཕྲོ་བའི་ལྷ་གནས་དང་མཚུངས་གཟི་ཚ་སྡེ་དགའི་ཡུལ་ལྗོངས་མཛེས།།
ཁམས་གསུམ་ནོར་གྱི་བང་མཛོད་ལྟ་བུའི་ཁམས་ཡུལ་གཏེར་གྱི་ཞིང་དུ་གྲུབ།།
དབུས་ཡུལ་བྱིན་ཆེན་རི་མཚོ་མང་བ་མི་ཡུལ་ནང་གི་དག་ཞིང་ཡིན།།
སྨད་ཕྱོགས་རི་ཀླུང་བཀོད་པ་མཛེས་པ་ཕྱི་ཕྱོགས་མགྲོན་པོའི་ཡིད་དབང་འགུག།
བསིལ་ལྡན་སྣོད་ཀྱི་འཇིག་རྟེན་འདི་ནི་དགའ་ལྡན་ལྷ་ཡི་ཞིང་ཁམས་བཞིན།།
ཅེས་ཚིག་བཅད་ལྷ་ཀླུ་དགྱེས་པའི་གླུ་དབྱངས་ཀྱི་སྒོ་ནས་མི་མཇེད་འཇིག་རྟེན་སྤྱི་དང་སྒོས་སུ་བོད་ཁ་བ་ཅན་གྱི་རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ཟུར་ཙམ་བཤད་པ་འདི་ནི་ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་འདི་ཡི་དངོས་གཞིའི་ལེའུ་དང་པོ་རུ་གཏོགས་སོ་ལཱ་་་་ཧ་ཧཱ།།
ཁ༽འོ་་་་ལགས་སོ།།
སྲིད་པའི་ཡབ་གཅིག་སངས་པོ་འབུམ་ཁྲི་དང་།
ཀུན་གྱི་ཡུམ་གྱུར་ཆུ་ལྕམ་རྒྱལ་མོ་གཉིས།།
གང་འདུལ་ཐབས་དང་ཐུགས་རྗེའི་ཆོ་འཕྲུལ་ལས།།
སྲིད་པའི་ཁྱེའུ་ལྕམ་དྲལ་བཅོ་བརྒྱད་བལྟམས།།
དེ་ལས་ཡང་སྤྲུལ་ཕོ་ཁྲི་མོ་འབུམ་སྟེ།།
ཡར་གྱི་གནམ་ལ་ལྷ་གར་རྟེན་གསུམ་འཁྲུངས།།
བར་གྱི་གཞི་ལ་མི་སྨྲ་གཤེན་གསུམ་བྱུང་།།
མར་གྱི་ས་ལ་འདྲེ་སྲི་བྱུར་གསུམ་སྲིད།།
ཁྱད་པར་ལྷོ་གླིང་འཛིན་མའི་འཇིག་རྟེན་དུ།།
འོད་གསལ་ལྷ་འགའ་རང་འོད་དང་བཅས་ཏེ།།
མཁའ་ནས་དོག་བབས་ས་ཞག་ཟས་སུ་རོལ།།
སྲིད་པའི་མཐུན་འཇུག་མཛད་པས་གྲངས་མེད་འཕེལ།།
རང་བྱུང་རྩྭ་ལྡུམ་ཟོས་ནས་ལོང་ཚོ་འཕེལ།།
རྨོ་རྐོ་འདེབས་འཛུགས་འོག་ནས་འདོད་རྔམ་རྒྱས།།
རྐུ་རྫུན་འཐབ་འཁྲུགས་བྱུང་ནས་རྒྱལ་འབངས་གྱེས།།
བཟང་ངན་བྱ་སྤྱོད་སྟོབས་ཀྱིེས་རིགས་མང་གྲོལ།།
ཡང་ཁྱད་བོད་ཡུལ་ཁ་བ་ཅན་གྱི་ཞིང་།།
དང་པོ་ཐུགས་དཀར་གཙང་རིགས་ལྷ་ཡིས་བཟུང་།
ལྷ་ཡུལ་གུང་ཐང་མཚན་གྱི་སྙན་པ་འབར།།
བར་དུ་འདྲེ་སྲིན་བདུད་ཀྱི་མགོ་ལོ་རྒོད།།
ཐ་མར་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས།།
མེད་ཁམས་བདུད་ཀྱི་དཔུང་ཚོགས་དབང་དུ་བསྡུས།།
ཡོད་ཁམས་ལྷ་མིའི་དབུ་འཕང་དགུང་དུ་བསྟོད།།
ལྷ་བབ་བཙན་པོའི་རྒྱལ་འབངས་རིམ་པར་གྲོལ།།
ཞེས་ཚིག་བཅད་མདངས་མཛེས་རྨ་བྱ་མྱོས་པའི་ཟློས་གར་སྒོ་ནས་ནང་བཅུད་ཀྱི་སེམས་ཅན་སྤྱི་དང་།སྒོས་འཛམ་གླིང་མི་ཡི་འགྲོ་བ་ཡང་སྒོས་བོད་ཁ་བ་རི་པའི་བཅུད་གྱི་སེམས་ཅན་གྲོལ་ཚུལ་ཟུར་ཙམ་བཤད་པ་འདི་ནི་ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་གྱི་དངོས་གཞིའི་ལེའུ་གཉིས་པ་རུ་གཏོགས་སོ།ལཱ་་་་་ཧ་ཧཱ།།
ཀ༽འོ་ལགས་སོ།
དང་པོ་རླབས་ཆེན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།།
བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས།།
མཐའ་མར་བདེ་ཆེན་མངོན་པར་རྫོགས་པའི་སངས་རྒྱས་ནས།
མི་མཇེད་རྩོད་ལྡན་ཚེ་ལོ་བརྒྱ་པའི་འགྲོ་བ་དམུ་རྒོད་དག་འདུལ་བར་ཞལ་གྱིས་བཞེས་པའི༧རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད།གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས་གནས་རིགས་ཆེན་མོ་བཞི་ནས་ཡས་མར་བྱོན་ཏེ།།
སྟོང་གསུམ་འཇིག་རྟེན་ཆེན་པོའི་སྙིང་དབུས།།
ཚངས་རྒྱུང་ཉེར་ལྔ་བརྩེགས་པའི་དབུ་མ།།
ལྷོ་གླིང་གོ་ལ་ཟླུམ་པོའི་སྤྱི་ཕུད།།
སྲིད་པའི་མྱ་ངན་མེད་པའི་ཞིང་ཁམས།།
ཕུན་ཚོགས་འདོད་རྒུ་འབྱུང་བའི་གྲོང་ཁྱེར།།
མཚན་དུ་སྨོས་ན་རྟག་གཟིགས་འོལ་མོ་ལུང་རིང་ཞེས་ཐོས་པ་ཙམ་གྱིས་ཡིད་ལ་བདེ་བའི་དཔལ་སྟེར་བའི་བདེ་ལྡན་གྱི་ཡུལ་གྲུ་དེ་ཡི་དབུས་ཀྱི་ཕོ་བྲང་ཆེན་པོ་མཁར་བར་པོ་སོ་བརྒྱད་བྱ་བ་རུ། ཡབ་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་ལས་དམུ་རིགས་འཕྲུལ་གྱི་རྒྱལ་པོ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཐུགས་རྗེ་བྱམས་མའི་རྣམ་སྤྲུལ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ།
ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ།
ཟླ་བའི་འགོ་མ་དཔྱི་ར་མེ་སྟག་ཟླ་བ།
ཞག་གི་སྙིང་པོ་ཚེས་བཅོ་ལྔ།
དུས་ཚོད་ཀྱི་དང་པོ་ནམ་ལང་ཡོས་ལ།
ཡུམ་གྱི་གློ་སྐལ་གཡས་ནས་སྐུ་མཚན་དཔེའི་མེ་ཏོག་ཨུ་དུམ་ཝ་ར་དེ་ཉིད། ལྷར་བཅས་འགྲོ་བ་ཡོངས་ཀྱི་མཆོད་པའི་གནས་དང་བཀུར་བའི་དུ་མངོན་པར་བལྟམས་ཤིང་། མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་རྒྱ་ལག་ཕྱེད་པར་མཛད་པའོ།
ཞེས་བཅད་ལྷུག་སྤེལ་མའི་སྙན་ཚིག་ཁྲི་ལོ་གནམ་གྲག་བཀྲོལ་བའི་སྒྲ་དབྱངས་ཀྱི་སྒོ་ནས་སྟོན་པ་སྲིད་པའི་སྒྲོན་མེ་བྱོན་རབས་ཟུར་ཙམ་བཤད་པ་འདི་ནི་ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་གྱི་དངོས་གཞིའི་ལེའུ་གསུམ་པ་རུ་གཏོགས་སོ།ལཱ་་་་་ཧ་ཧཱ།།
ཁ༽འོ་་་་ལགས་སོ།།
ཇི་སྲིད་འགྲོ་བའི་མོས་ངོར་འཚམས་པར་དེ་སྲིད་ཐབས་ཐུགས་མ་འགག་པར།།
ལྷ་མིའི་འདྲེན་མཆོག་གཤེན་རབ་མི་བོ་ལྷར་བཅས་འགྲོ་བ་འདུལ་བའི་སླད།།
ཐེག་པ་དགུ་ཡི་བོན་སྒོ་བསྟན་ཞིང་རིམ་པ་གསུམ་གྱི་བཀའ་འཁོར་བསྐོར།།
འོལ་གླིང་ཞིང་དུ་རྗེས་བཞག་མཛད་ཅིང་འཛམ་གླིང་ཀུན་ལ་སྤེལ་བར་སྐུལ།།
གནམ་བབས་ལྷ་ཡི་སྲས་པོ་ངོ་མ་གནམ་གྱི་ཁྲི་བདུན་སྐུ་རིང་ལ།།
ཞང་བོད་ཡུལ་གྱི་མཁས་གྲུབ་རྒྱ་རྩ་མཚོ་བོད་མཐོ་སྒང་ལ་ཕེབས་ཏེ།།
ཞྭ་དཀར་བསྟན་པའི་བ་དན་མཐོན་པོ་གངས་དཀར་འདབས་ནས་དགུང་དུ་བསྒྲེངས།།
བསྟན་འཛིན་གཤེན་གྱི་གདུང་དྲུག་བླ་མས་བསྟན་འགྲོའི་དོན་ལ་ཉིན་མཚན་གཞོལ།།
སྤུ་རྒྱལ་བོན་གྱི་ལས་དབང་གཟིགས་ནས་སྤུ་ལྡེ་གུང་རྒྱལ་དོག་ལ་ཕེབས།།
བླ་རི་ཏི་སེའི་མདུན་ཞོལ་ཞིག་ནས་བླ་མཆོད་གསར་པ་སྤྱན་དྲངས་མཛད།།
ཁྱུང་གི་སྟོན་པའི་འཕྲིན་ལས་སྟོབས་ཀྱིས་ཁྱུང་ཆེན་བཞིན་དུ་གཞན་ཟིལ་གནོན།།
ནག་པོའི་བསམ་སྦྱོར་རྒྱུན་དུ་བཤམ་པའི་ནག་ཕྱོགས་བདུད་རིགས་དམ་ལ་བཏགས།།
གསུང་གི་འདུལ་དཔོན་མུ་ཆོ་ནས་བཟུང་གསུང་རབ་གླེགས་བམ་བྱེ་བ་བརྒྱ།།
སྐད་གཉིས་སྨྲ་བའི་ལོ་པཎ་དག་གིས་སྐད་རིགས་དུ་མའི་ལམ་བུ་ནས།།
ཤར་ནུབ་ཀུན་ལ་བསྒྱུར་ཅིང་བཤད་པས་མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས།།
བསྟན་པ་སྔ་དར་ཉི་མ་ཤར་ཞེས་དམ་པ་ཀུན་གྱིས་མགྲིན་གཅིག་གླིང་།།
ཞི་བདེའི་བསྟི་གནས་མིང་དུ་གྲགས་པའི་ཞི་བསིལ་ཁ་བའི་སྨན་ལྗོངས་སུ།།
བཙན་པོའི་རྒྱལ་རབས་ཞེ་གཉིས་རིང་ལ་བཙན་ཕྱུག་འཕན་དར་དགུང་དང་མཉམ།།
གཤེན་ཤག་བསྟན་པའི་གཞི་རྐང་ཚུགས་ཤིང་གཤེན་རབ་སེམས་དཔས་ས་སྟེང་གང་།།
འཆད་རྩོད་རྩོམ་པའི་བཤད་གྲྭ་མོད་ཅིང་ཐོས་བསམ་སྒོམ་པའི་སྒྲུབ་སྡེ་རྒྱས།།
ཟབ་མོ་བོན་གྱི་གཏེར་སྟོན་བྱོན་ཞིག་ཟབ་གསལ་གསུང་གི་ཆར་རྒྱུན་ཕབས།།
སྙན་རྒྱུད་བོན་གྱི་བཀའ་བབ་འཁྲུངས་ཤིས་སྒྲུབ་རྒྱུད་བསྟན་པའི་དབུ་འཕང་བསྟོད།།
ཉམ་གུད་བོན་གྱི་ཆད་པ་འཐུད་ཅིང་ཉམ་པ་སླར་གསོའི་མེ་ཆེན་སྤར།།
བསྟན་པ་ཕྱི་དར་མཁའ་ལ་དར་ཞེས་བསྟན་བསྲུང་བོན་སྐྱོང་དགྱེས་པས་ཁེངས།།
འཕགས་མཆོག་ཐུབ་དབང་ཐུགས་རྗེ་ཆེན་པོ་འཕགས་པའི་ཡུལ་དུ་མཚན་དཔེ་བཞད།།
རྒྱ་གར་རིགས་ངན་མུ་སྟེགས་འདུལ་ཞིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོ་བསྐོར།།
སློབ་དཔོན་པདྨ་མ་བོད་དུ་ཕེབས་ཞིང་སློབ་ལ་གཞོལ་བའི་ཆོས་སྡེ་བསྐྲུན།།
སྔ་འགྱུར་རྙིང་མའི་ལང་ཚོ་དར་བས་ལྔ་སྙིགས་འགྲོ་བའི་རྒུད་པ་བསལ།།
བཀའ་རྒྱུད་བསྟན་པའི་མེ་རོ་བསླངས་བས་བཀའ་ཉན་ལྷ་ཀླུའི་ཐུགས་མཆོག་དགྱེས།།
ས་ཆེན་གོང་མའི་སྲོལ་ཆེན་ཚུགས་པས་ས་སྟེང་དགེ་བའི་མཚན་མ་བརྟས།།
དགེ་ལྡན་དགེ་བའི་ཆོས་སྒོ་ཕྱེས་པས་དགེ་འདུན་སྡེ་ཚོགས་སླར་ལ་འཕེལ།།
ཇོ་ནང་རྒྱལ་བའི་བསྟན་པ་བྱུང་བས་ཕྱི་ནང་ཕན་བདེའི་གཞི་མར་གྱུར།།
ཞེས་སྙན་ཚིག་དཀར་ཕྱོགས་ལྷ་སྲུང་དགྱེས་པའི་གླུ་དབྱངས་ཀྱི་སྒོ་ནས་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེ་དང་དམ་པའི་ཆོས་རྣམ་གཉིས་ཇི་ལྟར་དར་བའི་ཚུལ་ཟུར་ཙམ་བཤད་པ་དེ་ནི་ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་གྱི་དངོས་གཞིའི་ལེའུ་བཞི་པ་རུ་གཏོགས་སོ།ལཱ་་་་་ཧ་ཧཱ།།
ཀ༽འོ་་་ལགས་སོ།།
གནས་སྤུ་རྒྱལ་གངས་རིའི་ཉེ་འདབས་འདིར།།
ལྷ་བླ་མ་སྟོང་གི་སྒྲུབ་གནས་བྱས།།
ཡུལ་སྤུ་བླ་མིང་གི་སྙན་པ་དེ།།
དུས་དེ་ནས་བཟུང་ཐོགས་རབས་ཡོད།།
གནའ་སྔ་མོ་སྐལ་པ་ཡར་འགྲོ་དུས།།
རླངས་ཨ་གཉེན་བྱང་ཆུབ་འདྲེ་བཀོལ་ཞེས།།
བཀའ་བན་བོན་གཉིས་ཀྱི་བསྟན་འཛིན་དེ།།
སྡེ་སྤུ་བླའི་མཆོད་གནས་བྱས་རབས་ཡོད།།
རླངས་ལྷ་རིགས་བླ་མའི་བརྒྱུད་འཛིན་དུ།།
སྐྱབས་ཁྱུང་ནག་ལྷ་གཉེན་མགོན་འབུམ་དེ།།
ཁྲིམས་ལུགས་གཉིས་ཀྱི་མངའ་བདག་བྱས་ནས་བཟུང་།།
དཔལ་དམ་པ་ཁྱུང་གི་གདུལ་ཞིང་ཡིན།།
ཡུལ་ཅུང་པ་ཤོག་སྡེ་དགུ་པོ་དེ།།
རྗེ་བླ་མའི་དབང་གི་དམ་ཚིག་དང་།།
དཔོན་མི་ཆེན་མནའ་གན་འབའ་གསུམ་དང་།།
གཉེན་ཉེ་བ་སོགས་ཀྱི་དམ་འབྲེལ་ཡོད།།
འབངས་ལྷ་སྡེ་བརྒྱ་སྟོང་ཁྲི་འབུམ་དེ།།
ཡུལ་ཅུང་པའི་བླ་ལྡིང་དཔོན་གསུམ་འོག
ལས་སྐྱིད་སྡུག་ཁུར་པོ་མཉམ་ཁུར་དེ།།
ཕ་མེས་པོས་བཞག་པའི་སྲོལ་བཟང་རེད།།
བོན་ཞྭ་དཀར་དང་ས་དགེ་བཀའ་རྙིང་སོགས།།
མཐར་དམིགས་ཡུལ་རྒྱལ་བའི་སར་གཅིག་པས།།
ཕྱོགས་རུ་ཏྲ་མེད་པར་དག་སྣང་གིས།།
ཕྱག་གུས་བརྩིའི་ངང་ནས་མཉམ་གནས་ཡིན།།
རི་རིན་ཆེན་ནོར་གྱི་གཏེར་ཁ་དེ།།
གོང་རིན་གྱིས་ཉོ་ནས་ཁུག་ཏུ་མེད།།
ཐང་མདངས་མཛེས་དཀར་དམར་མེ་ཏོག་དེ།།
དཔེ་ཚད་གཞི་འཇོག་ནས་གཞལ་དུ་མེད།།
ཀླུ་འཇོག་པོའི་དཀོར་གྱི་གཏེར་མཛོད་ཅེས།།
མཚོ་མཚེའུ་ཡོན་ཆབ་བཤམ་འདྲ་ཡོད།།
ལྷ་དཀར་ཕྱོགས་འདུ་བའི་བརྟེན་གནས་ཞེས།།
རི་བརྗིད་ལྡན་རྒྱལ་པོ་བཞུགས་འདྲ་ཡོད།།
གྲོགས་ཁ་འཛིན་ཅན་གྱི་རྒྱབ་རི་ལ།།
གྲགས་ཆེ་བའི་ཤྭ་རྐྱང་གཙོད་རྒོ་སོགས།།
བཀོལ་བདག་མེད་རི་དྭགས་གཅན་ཟན་སྟོང་།
ཡིད་བག་ཕེབས་ངང་དུ་རྒྱུ་ས་ཡིན།།
ཉམས་དགའ་བའི་རྒྱ་ཆེའི་རྩ་ཐང་དུ།།
རྟ་ནོར་ལུག་སྐར་ཚོགས་བཀྲ་འདྲ་ཡོད།།
དབྱིབས་བཀོད་ལེགས་མཐིང་སྨུག་རེ་སྦྲའི་སྦུབས།།
ཟས་བཅུད་ལྡན་ཤ་མར་ཐུད་གསུམ་ཡོད།།
ཆབ་གྱ་གྱུའི་རླབས་སྒྲ་ཆིལ་ལི་ལི།།
བྱ་ཁུ་བྱུག་གསུང་སྐད་ལྷང་ལྷང་ལྷང་།།
འབྲི་མ་མོའི་ངུར་སྒྲ་དི་རི་རི།།
ཕྱུགས་རྫི་བོའི་གླུ་དབྱངས་ཀྱུ་རུ་རུ།།
ཡུལ་གཞན་ནས་འབད་རྩོལ་མི་དགོས་པར།།
ཕ་འབྲོག་པའི་དཀར་དམར་ཕྱུར་གསུམ་དང་།།
བུ་ཞིང་པའི་ལོ་ཐོག་སྣ་དགུ་སོགས།།
ཡིད་གང་དགའི་ལོངས་སྤྱོད་རང་འགྲུབ་ཡོད།།
དྲིན་ཕ་མ་ནང་གི་ནོར་བུ་ལ།།
བཟང་ཡ་རབས་ཀྱི་བསླབ་བྱ་རང་གྲུབ་ཡོད།།
ཆུང་བྱིས་པ་མ་འོངས་བདག་པོ་ལ།།
ཡག་ཤེས་ཡོན་སྦྱོང་བརྩོན་རང་གྲུབ་ཡོད།།
སྟོབས་དཔའ་རྩལ་རྫོགས་པའི་སྟག་ཤར་ལ།།
གོང་འཁོར་གསུམ་འོག་རྟ་རང་འགྲིགས་ཡོད།།
ལུས་ལང་ཚོ་དར་བའི་སྨན་ཤར་ལ།།
གོས་གསེར་གཡུའི་རྒྱན་ཆ་རང་འགྲིགས་ཡོད་།།
མགོན་རྩ་གསུམ་ཚོགས་ཀྱི་གནས་རི་ཞེས།།
རི་བརྗིད་ཆགས་གཡུང་དྲུང་སྤུངས་རྫོང་ལ།།
བྲག་བཀའ་རྟགས་ཐོད་པ་བོར་ཆོག་དང་།།
མཚོ་ཁྲུས་རྫིང་ཁ་ལ་རེག་ཆོག་ཡོད།།
ལྷ་བླ་མ་ཡིད་བཞིན་ནོར་བུ་ལ།།
ཐུགས་མངོན་ཤེས་མཐུ་བྱིན་རང་འགྲུབ་ཡོད།།
སྐྱབས་ཡུལ་མཆོག་དགེ་འདུན་རྒྱ་མཚོ་ལ།།
ཤེས་ལྔ་རིག་ཡོན་ཏན་རང་གྲུབ་ཡོད།།
ཞིང་བཀྲ་གསལ་རྣམ་རྒྱལ་ཁང་བཟང་ལ།།
ནང་སྐུ་གསུང་ཐུགས་རྟེན་ཟུང་འཇུག་ཡོད།།
འདི་ལེགས་གྲུབ་བྱུང་བའི་དགའ་སྟོན་ལ།།
རྟགས་རྟེན་འབྲེལ་མཚན་མ་རང་གྲུབ་བྱུང་།།
ལས་སྐལ་ལྡན་དང་བ་འདྲེན་པ་དང་།།
རྒྱུ་འབྱོར་བསོད་ནམས་བསགས་པའི་ཞིང་།།
༧དགོན་སྤུ་བླ་གཡུང་དྲུང་བསྟན་འཕེལ་གླིང་།།
བོན་ཞྭ་དཀར་གྱི་བསྟན་པ་དར་ས་རེད།།
ལྷོ་འཛམ་གླིང་ནོར་གྱིས་མི་ཁུག་པའི།།
མཚན་ཡོངས་གྲགས་འཛམ་གླིང་རྒྱན་ཆེན་ཞེས།།
རྟེན་བྱིན་ཆེན་ཁམས་ཆེན་གསེར་བྲིས་མ།།
ཞིང་འདི་ཡི་སྐྱེ་རྒུའི་མགོན་དུ་བཞུགས།།
ཁྲ་ལམ་ལམ་མིག་གི་མཛེས་རྒྱན་དུ།།
ཕྱི་ལྷ་ཁང་རྟེན་སྐུའི་འབྲི་བཞེངས་ཡོད།།
དྲན་ལྷང་ལྷང་ཡིད་ཀྱི་དགའ་སྟོན་དུ།།
ནང་མདོ་སྔགས་བཤད་སྒྲུབ་འཆད་ཉན་ཡོད།།
མགོན་བླ་མ་ཐུགས་རྗེ་ཅན་པོ་དང་།།
དཔོན་དབང་ཆེན་བསོད་ནམས་ཅན་པོ་དང་།།
འབངས་མི་སེར་འབྱོར་ཕྱུག་ཅན་པོ་གསུམ།།
གནས་འདི་རུ་འཛོམས་པ་སྐལ་པ་བཟང་།།
ལུས་མཛེས་སྡུག་གི་སྐྱེ་ལོ་སུ་ཡག་གཅིག།
རྒྱན་གསེར་དངུལ་གྱི་འབྱོར་བ་གང་ཕྱུག་གཉིས།།
ལུས་ལྡེམ་མྱུར་གྱི་བྲོ་འཁྲབ་གར་བསྒྱུར་གསུམ།།
སྐྱིད་དགའ་བའི་ཡོ་ལང་འདི་རུ་འཛོམས།།
རྩལ་ཤེད་ཤུགས་ཀྱི་རྡོ་བཀྱག་ཐག་འཐེན་གཅིག།
ངག་གང་བཟང་གླུ་ལེན་གཞས་གཏོང་གཉིས།།
རྟ་འདོ་ལུའི་བང་འགྲོས་འགྲན་བསྡུར་གསུམ།།
བོད་ཁ་བའི་རིག་གཞུང་འདི་རུ་འཛོམས།།
མཐོ་གནམ་གྱི་གཟའ་སྐར་འཕྲོད་སྦྱོར་ཤིས།།
དམའ་ས་གཞིའི་རྩི་ཐོག་ལོ་བཅུད་ཡག།
བར་འགོ་དམངས་དགའ་སྐྱིད་གླུ་སྒྲ་སྙན།།
དུས་དེ་རིང་འབྲས་དཀར་ཅིས་མི་བཤད།།
ཞེས་སྤྱིར་ཕྱི་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། ནང་སེམས་ཀྱི་བདེ་སྐྱིད་ལྷ་དང་མཉམ་པའི་ཡུལ་ཅུང་པ་ཤོག་དགུའི་སྡེ་འབངས་དང་།སྒོས་ཕ་ཚེ་བུ་རབས་དུ་མ་ནས་རྣམ་དཀར་དགེ་བཅུ་ལས་ལ་མོས་ཤིང་། རྒྱལ་བ་སྨན་རིའི་མཁན་རབས་རིམ་བྱོན་གྱི་བསྟན་པའི་སྦྱིན་བདག་མྱོང་བའི་ངེད་སྤུ་བླ་ཤོག་ཁག
ཡང་སྒོས་སུ༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ལ་རླབས་གྱི་ཆེན་འཕྲིན་ལས་བསྐྱངས་བའི་མངའ་བདག་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། ཡུལ་མི་དབུ་ཁྲིད་འགོ་དམངས་ཡོངས་ཀྱིས་མཐུ་དཔུང་མཉམ་སྒྲིལ་ལ་བརྟེན་ནས་དད་ལྡན་དང་བ་འདྲེན་པའི་མིག་རྒྱན།
འབྱོར་ལྡན་བསོད་ནམས་བསགས་པའི་ཞིག་མཆོག་ཏུ་གྱུར་པ་༧བཀྲ་གསལ་རྣམ་པར་རྒྱལ་བའི་གཙུག་ལག་ཁང་ཆེན་གྱི་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་ལེགས་གྲུབ་བྱུང་བའི་དགའ་སྟོན་བཅས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཚིགས་སུ་བཅད་པའི་སྙན་ངག་དམ་པ་དགྱེས་པའི་མཆོད་སྤྲིན་གྱི་སྒོ་ནས་ཕུལ་བ་འདི་ནི་ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་གྱི་དངོས་གཞིའི་ལེའུ་ལྔ་པ་རུ་གཏོགས་སོ།ལཱ་་་
་་ཧ་ཧཱ།།
ཁ༽ འོ་་་་ལགས་སོ།།
ཡ་རབས་མི་ལ་བསྟོད་བསྔགས་མཛེས་མོད་ཀྱང་།།
བསྟོད་པ་ཆེ་ན་ང་རྒྱལ་ཟུར་ནས་ཡོང་།།
མ་རབས་ཚོགས་ལ་སྐྱོན་བརྗོད་དེ་བས་གལ།།
དེ་ཡི་ཟུར་ནས་བསླབ་བྱའི་ལེགས་ཆ་ཡོད།།
ལེན་པར་ཤེས་ན་རང་ལ་ཡོན་ཏན་ཡོང་།།
སྐྱོན་གྱི་ཕུང་པོ་སྤྱི་ལ་སྨྲས་ན་ཡང་།།
རང་གི་ཐོག་ཏུ་རང་བཞིན་བབ་གྱུར་ན།།
ཁྲོ་བ་མེད་པར་སྐྱོན་ཏུ་ངོ་ཤེས་པ།།
སྐྱོན་ལས་བསླབ་བྱ་ལེན་པའི་མཁན་པོ་ཡིན།།
དེ་ལ་སྨན་དུ་འགྱུར་རོ་གྲོགས་པོ་ལགས།།
ཁྲ་ལ་པུ་སུད་ཅིག་གིས་ཡིད་ཚིམས་ནས།།
ཡོད་ཚད་གཏོར་ལ་དགའ་བ་སེམས་རེ་ཆུང་།།
རྒྱབ་ལྗོངས་མ་མཐོང་གསོག་འཇོག་ནོར་མེད་པས།།
གལ་ལ་ཐུག་དུས་ས་ཟ་རྡོ་མུར་བྱེད།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
མི་ཚོགས་འདུ་འཛོམས་མོད་པའི་སྲང་ལམ་ན།།
ཤར་ནུབ་མགོ་བོ་འཁྲུགས་ཏེ་ཁྱི་ལྟར་འཁྱམས།།
རྐུ་ཇག་ཁྲམ་གསུམ་ཐུག་ནས་སྤྲང་སར་བསྐྱལ།།
མཐའ་མར་རང་གི་གནས་ཚང་བོར་རབས་ཡོད།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
དེང་རབས་གློག་འཕྲུལ་ལག་ཏུ་འབྱོར་ན་ཡང་།།
འཛམ་གླིང་རྒྱལ་སྤྱི་གནས་ཚུལ་མི་མཐོང་ལ།།
སྐད་དང་ཡིག་གེའི་ལེགས་ཆ་མི་ལོན་ཞིང་།།
དགོས་མེད་རྩེད་འཇོ་ཁོ་ནས་དུས་འདའ་བ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
སྣ་ཚོགས་འཁྲུལ་འཁོར་བཀོད་སྤྱོད་ཡོད་ན་ཡང་།།
བྱིན་ཆེན་གནས་ཡུལ་མཇལ་སྐལ་མ་ཐོབ་ལ།
གྲགས་ཅན་གྲོང་ཁྱེར་རྡོག་ཁ་མ་བསྒྱུར་བ།།
ཉེ་བའི་ཁྲོམ་སྲང་འཁོར་ལོ་ལྟར་སྐོར་བ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
རིན་ཆེན་དངུལ་སྒོར་རང་ལ་ཡོད་ན་ཡང་།།
དཀར་པོའི་དགེ་ལ་གཏོང་སྒོ་མ་མྱོང་ལ།།
ནོམ་པའི་རྒྱུ་ནོར་ཉོ་བའི་བློ་མེད་པར།།
ཆང་རག་དུག་རྫས་ཆེད་དུ་རྫོགས་འཇུག་པ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
རིག་པ་གསལ་ཞིང་ཤེས་པ་གྲུང་ན་ཡང་།།
ཤེས་རིག་སྦྱོང་བའི་གོ་སྐབས་མི་བཙལ་ལ།།
ཞིང་འབྲོག་སྐྱོང་བའི་འབད་པ་མི་བསྟེན་པར།།
ཤོ་བག་མ་ཅཱང་སོགས་ཀྱིས་ཚེ་བསྐྱལ་བ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
དུས་རབས་ཉེར་གཅིག་སླད་ལ་ཤར་ན་ཡང་།།
བུ་ཕྲུག་སློབ་གྲྭའི་ཆེད་དུ་མི་གཏོང་ལ།།
དེང་རབས་ཤེས་ཡོན་སྦྱོང་ལ་མི་མོས་ཤིང་།།
ཕྱུགས་ཁྱུའི་རྗེས་སུ་བཙན་བཙན་གྱིས་རྫོང་བ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
དལ་བརྒྱད་འབྱོར་བཅུའི་ཡོན་ཏན་ཚང་ན་ཡང་།།
ཚེ་འདིར་འདུག་པའི་འབྱོར་བ་མི་བསྒྲུབ་ལ།།
ཕྱི་མར་འགྲོ་བའི་ལམ་རྒྱག་མི་བཙལ་བར།།
མི་ཚེ་བྲང་ལག་སྦྱར་ནས་འདུག་བཟོད་པ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
གཞན་གྱིས་ཞི་བདེའི་ལྗོངས་སུ་འབོད་ན་ཡང་།།
རྩྭ་ཞིང་ལག་མཐིལ་ཙམ་གྱི་ཆེད་དུའང་།།
གཉེན་དང་ཉེ་བའི་དམ་ཚིག་མི་བསམ་པར།།
ནང་དམེ་འཐབ་འཁྲུགས་བྱ་ལ་ཐོགས་མེད་པ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
གལ་ལྟེ་འབྱོར་བ་ཅན་དུ་འབོད་ན་ཡང་།།
རང་དང་ནང་མིའི་ལྟོ་གོས་ཕྱུག་ཙམ་ལས།།
ཡུལ་དང་ལུང་པ་སྤྱི་ལ་མི་སེམས་ཤིང་།
དབུལ་དང་ཉམ་ཐག་རིགས་ལ་མི་དྲན་པ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
བསམ་ཤེས་མི་བུའི་གྲལ་དུ་ཡོད་ན་ཡང་།།
ལྔ་རིགས་མཁས་ལ་ཆེད་མཐོང་མི་ཤེས་ལ།།
ཤེས་རིག་སློབ་པ་དོན་ཆེན་མི་འཛིན་པར།།
རང་ཁ་སོས་ན་བུ་ཡི་རབ་བརྩི་བ།།
དེ་ཡང་སློབ་སྦྱོང་མེད་པའི་སྐྱོན་ཞིག་ལགས།།
འདི་ལྟར་བཤད་པ་ཧོབ་ཏེ་བལྟས་པའི་ཚེ།།
གཞན་སྐྱོན་བརྗོད་པ་ཁོ་ནར་མཐོང་སྲིད་ཀྱང་།།
དོན་གྱི་གནད་ལ་ལེགས་པར་བརྟག་ཤེས་ན།།
ནད་ལ་ཁེལ་བའི་སྨན་གྱི་རིལ་བུ་ཡིན།།
ཐུན་རེ་ཟོས་ལན་རེ་ཕན་པར་ངེས།།
ཞེས་ཚིག་བཅད་འཚོ་བྱེད་དྲང་སྲོང་དགའ་བའི་ཟློས་གར་གྱི་སྒོ་ནས་ཁ་ཕྱོགས་ངེས་མེད་ཀྱི་གྲོགས་པོ་དག་ལ་སྐྱོན་ངོ་སྤྲད་པའི་ཟོལ་གྱིས་དགོས་པའི་མི་ལ་ཕན་ངེས་ཀྱི་བསླབ་བྱ་མདོར་ཙམ་སྨྲས་པ་དེ་ནི་ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་གྱི་དངོས་གཞིའི་ལེའུ་དྲུག་པ་རུ་གཏོགས་སོ།ལཱ་་་་་ཧ་ཧཱ།།
ཀ་ཁ།༽འོ་་་་ལགས་སོ།།
རྗེ་བླ་མ་སྲིད་པའི་ཉི་མ་དེ།། སྐུ་འཕེལ་འགྲིབ་མེད་པའི་བཀྲ་ཤིས་ཤོག།
གོང་དཔོན་པོ་རི་རྒྱལ་ལྷུན་པོ་དེ།། ཐོབ་མངའ་ཐང་དཔག་བསམ་ཚལ་རྒྱས་ཤོག།
སྐྱབས་དགེ་འདུན་སེམས་དཔའ་རྒྱ་མཚོ་དེ།། ནང་དགེ་སློབ་ཐུགས་མཐུན་ཁྲིམས་གཙང་ཤོག།
སྒར་དགོན་གནས་ལྷ་ཡི་ཞིང་ཁམས་ལ།། བོན་བསྭོ་སྒྲ་རྒྱུན་ཆད་མེད་པར་ཤོག།
འོག་སྡེ་འབངས་ལྷ་མི་དད་ལྡན་དེ།། སྐྱིད་དགའ་བདེའི་ཉི་མ་རྟག་འཆར་ཤོག།
རྟ་ནོར་ལུག་སྐར་ཚོགས་བཀྲ་འདྲ་དེ།། རྐྱེན་དུས་མིན་གྱི་གོད་ཁ་མེད་པར་ཤོག།།
དྲིན་ཕ་མ་སེམས་ཀྱི་ནོར་བུ་དེ་།། ཚེ་ཁ་རྗེ་ལ་བར་ཆད་མེད་པར་ཤོག།
སྟག་ཤར་ལུ་ཕོ་རྩལ་དགུ་འཛོམས་དེ།། ལས་དབང་ཐང་ལ་ཉམ་གུད་མེད་པར་ཤོག།
སྨན་བུ་མོ་དགའ་ཡག་དགུ་མཛོམས་ལ།། རྒྱུ་ཟས་ནོར་གྱི་འཁོར་ཀ་ཆེ་བར་ཤོག།
ཆུང་བྱིས་པ་སྤྱང་གྲུང་གཉིས་ལྡན་ལ།། ཤེས་ཡོན་ཏན་གྱི་གོ་ས་རེག་པར་ཤོག།
སྡེ་ཡུལ་ཤོག་དམ་ཚིག་གཉིས་སྦྲེལ་དེ།། ནང་མཐུན་ལམ་བྲག་ལས་སྲ་བར་ཤོག།
བཀའ་བོན་བན་ཉི་ཟླ་ཟུང་སྦྲེལ་དེ།། དུས་ནུབ་མེད་སྲིད་མཐར་འཆར་བར་ཤོག།
གནས་ཡིད་འོང་ལྷ་ཡི་དགའ་ཚལ་འདིར།། སྟོན་ལོ་ཐོག་རྟག་ཏུ་ལེགས་པར་ཤོག།
རིགས་མི་གཅིག་སྐྱེ་འགྲོའི་དགའ་སྟོན་དུ།། གནམ་ཆར་ཆུ་དུས་སུ་འབེབ་པར་ཤོག།།
ཞེས་ཤིས་ཚིག་དྲང་སྲོང་བདེན་པའི་སྨོན་ལམ་གྱི་སྒོ་ནས་བཀྲ་ཤིས་པའི་ཁ་གཡང་ཟུར་ཙམ་བརྗོད་པ་འདི་ནི་ངའི་འབྲས་དཀར་ཡིད་ཀྱི་དགའ་སྟོན་གྱི་དངོས་གཞིའི་ལེའུ་བདུན་པ་རུ་གཏོགས་སོ།ལཱ་་་་་ཧ་ཧཱ།།
གསལ་བཤད། ༼‘‘འབྲས་དཀར་’’ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ཐུན་མིན་གྱི་རིག་གཞུང་གི་ཡ་གྱལ་ཞིག་ཡིན་པ་མ་ཟད། ངེད་ཅག་ཁ་བ་རི་པའི་མི་རིགས་རྣམས་ཀྱིས་དགའ་བའི་དུས་སྟོན་གྱི་སྐབས་སུའང་རྕེད་རིགས་ཀྱི་ནང་ནས་གོ་གནས་གལ་ཆེན་བཟུང་མྱོང་ཡོད་པའི་རིག་གཞུང་ཞིག་ཡིན་མོད།
འོན་ཀྱང་ཡིད་ཕང་བ་ཞིག་ལ་ཁ་སང་དེ་རིང་འདི་དང་འདི་ལྟ་བུའི་རིག་གཞུང་མང་པོ་ཞིག་ཁུ་སིམ་སིམ་ངང་ཉམ་གུད་དུ་འགྲོ་བཞིན་འདུག་པ་ནི་དཔེར་ན། དེང་དུས་བོད་དུ་ཆ་མཚོན་ན་ཡུལ་ལུང་ཁ་ཤས་ལས་སྤྲོ་སྐྱིད་ཀྱི་དུས་སྟོན་སྐབས་‘‘འབྲས་དཀར་’’བཤད་སྲོལ་ཉུང་ཉུང་ཡིན་པ་མ་ཟད།
བཙན་བྱོལ་སྤྱི་ཚོགས་ནང་དུའང་དེ་བས་ཀྱང་མང་ཆེ་བ་ཞིག་གིས་‘‘འབྲས་དཀར་’’གྱི་མིང་ཙམ་ཡང་གོ་མྱོང་མེད་པའི་ཚོད་དུ་སྣང་བས་དེ་ནི་ཁོ་བོ་ཅག་གི་ནག་ཉེས་སུ་བགྲང་འོས་སྙམ། དེས་ན་ངས་ནི་སྔ་གཞུགས་སུ་སོ་སོས་ལྷག་བསམ་རྣམ་དག་གིས་བརྗོད་བྱའི་དོན་སྐབས་དོན་ལ་འབྲེལ་བ་ཡོད་པ་གཞི་བཟུང་ཐོག་སྤྱི་ཚོགས་ལ་སྨན་ངེས་ཀྱི་བསླབ་བྱ་གཙོ་བོར་བྱས་ཤིང་།
རྗོད་བྱེད་ཀྱི་ཚིག་ཀྱང་དམངས་ཀྱིས་གོ་བདེ་ཞིང་། རྒྱས་བསྡུས་འཚམས་པའི་ཚིག་བཅད་ལྷུག་སྤེལ་མ་ཅི་རིགས་ཀྱི་ལམ་ནས་‘‘འབྲས་དཀར་’’ཐེངས་ཁ་ཤས་ཤིག་བྲིས་ཏེ་བཀྲམ་ཁུལ་བྱས་པ་ཡིན་ལ་།
དེ་བཞིན་ཉེ་ཆར་ཡང་བོད་ལྗོངས་སྦྲ་ཆེན་རྫོང༧སྤུ་བླ་དགོན་གྱི་གཙུག་ལག་ཁང་བཞེངས་གྲུབ་ཀྱི་མཛད་སྒོའི་དུས་སྟོན་སྐབས་‘‘འབྲས་དཀར་’’ཞིག་འབྲི་རོགས་ཞེས་ནན་ཆེར་སྐུལ་བ་ལ་བརྟེན་ནས་གོང་གི་‘‘འབྲས་དཀར་’’དེ་བྲིས་ཁུལ་བྱས་པ་ཡིན་ཡང་དུས་རྐྱེན་གྱིས་ཁོ་ཚོར་ཕན་ཐོགས་བྱུང་མ་སོང་བས་དེ་རིང་རྣམ་པ་ཚོའི་སྤྱན་ལམ་བསྟར་བ་ཡིན།།༽
དངོས་གནས་འབྲས་དཀར་ཞེས་པ་དེ་བོད་མི་རིགས་ཀྱི་རིག་གཞུང་ཐུན་མིན་ཞིག་ཡིན་རབས་བཤད་སྲོལ་འདུག འོན་ཀྱང་ད་བར་འདིའི་སྐོར་ཡིག་ཐོག་ཏུ་འཁོད་པ་ཆེས་ཉུང་བའི་ཚད་དུ་སྣང་བས། དོ་བདག་དང་དྲ་གྲོགས་ཚོས་འདིའི་ཐད་བསམ་ཚུལ་དང་བྱུང་ཁུངས་སྐོར་གསལ་འགྲེལ་རེ་ཐུབ་ཚེ་དགེ་མཚན་ཆེན་པོར་འདུག་སྙམ།
སྤྱིར་འབྲས་དཀར་ཞེས་པའི་འབྱུང་ཁུངས་གང་ཡིན་དཔྱད་པ་གཏོང་རྒྱུ་བྱུང་མ་སོང་ན་ཡང་གནའ
་སྔ་མོའི་དགའ་སྟོན་སྐབས་དང་རྟགས་རྟེན་འབྲེལ་ཆང་ས་སོགས་ལ་རྟེན་འབྲེལ་མཚོན་བྱེད་གཅིག
་ཡིན་ངེས་སྙམ། དེ་མིན་གཞུང་ལུགས་དང་རིག་གཞུང་སོགས་འབྲེལ་བ་ཇི་ལྟར་ཡོད་མེད་གསལ་
ཁ་འདྲ་འདོན་རྒྱུ་ཡོད་ན་ངོ་མཚར་བ་ཞིག་ཡོད་སྲིད་པ་རེད།
རྩོམ་ནི་སྙན་ཐག་ཆོད་འདུག ནང་དོན་ནི་ཟབ་ཐག་ཆོད་འདུག ཡིན་ན་ཡང་འབྲས་དཀར་ཡིན་ནམ་འདྲེ་དཀར་ཞེས་པའི་སྲོལ་རྒྱུན་ལ་ཡོད་པའི་བཤད་སྟངས་དེའི་ཁྱད་ཆོས་ངོ་མ་འདྲ་ཞིག་ཐོན་མི་འདུག་སྙམ། མཇུག་གི་བཀྲ་ཤིས་བརྗོད་པ་དེ་ངོ་མ་འདྲེ་དཀར་བཤད་སྟངས་འདྲ་བོ་ཞིག་འདུག དེ་མིན་ལྷག་མ་དེ་ཚོ་ནི་སྲོལ་རྒྱུན་གྱི་རྩོམ་ཚིག་བཅད་མ་ཞིག་ལས་འདྲེ་དཀར་གྱི་བཤད་སྟངས་ཐོན་མི་འདུག་སྙམ།
འབྲས་དཀར་དེང་དུས་མ་ཞིག་རེད་འདོད།
སྤོབས་པ་མཐའ་ཡས ཀྱི་གསུང་པ་ལ་སྔོན་པར་སྟོད་དོ་།
གོང་དུ་དྲ་གྲོགས་གང་མང་ཞིག་གིས་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ།།
དང་པོ་འཕག་ཚག་ལགས་ནས་‘‘སྤྱིར་‘འབྲས་དཀར་’གནའ་སྔ་མོའི་དགའ་སྟོན་སྐབས་དང་རྟགས་རྟེན་འབྲེལ་ཆང་ས་སོགས་ལ་རྟེན་འབྲེལ་མཚོན་བྱེད་གཅིག་ཡིན་ངེས་སྙམ་’’ཞེས་གསུངས་པ་ནི་དོན་ལ་གནས་པར་སེམས། འོན་ཀྱང་‘‘དེ་མིན་གཞུང་ལུགས་དང་རིག་གཞུང་སོགས་འབྲེལ་བ་ཇི་ལྟར་ཡོད་མེད་གསལ་ཁ་འདྲ་འདོན་རྒྱུ་ཡོད་ན་ངོ་མཚར་བ་ཞིག་ཡོད་སྲིད་པ་རེད་’’ཅེས་གསུངས་པ་ནི་ཏག་ཏག་གནས་མི་འདུག་བསམ་པ་བྱུང་། རྒྱུ་མཚན་ནི་སྐུ་ཉིད་ཀྱིས་‘འབྲས་དཀར་’ཞེས་པ་འདི་གནའ་སྔ་མོའི་དུས་ནས་བོད་མི་རིགས་ཀྱི་དགའ་སྟོན་སྐབས་དང་རྟགས་རྟེན་འབྲེལ་ཆང་ས་སོགས་ལ་རྟེན་འབྲེལ་མཚོན་བྱེད་གཅིག་ཡིན་པར་མཁྱེན་བཞིན་དུ་དེ་ཉིད་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པར་གསལ་ཁ་འདོན་རྒྱུ་ཡོད་ཚེ་ངོ་མཚར་དགོས་དོན་ཅང་མེད་པ་མ་ཟད། ད་དུང་ངས་བལྟས་ན་གོང་དུ་རྩོམ་པ་པོས་གསུངས་པ་བཞིན་འབྲས་དཀར་ནི་ ‘‘ ངེད་ཅག་ཁ་བ་རི་པའི་མི་རིགས་རྣམས་ཀྱིས་དགའ་བའི་དུས་སྟོན་གྱི་སྐབས་སུའང་རྕེད་རིགས་ཀྱི་ནང་ནས་གོ་གནས་གལ་ཆེན་བཟུང་ཡོད་ལ།’’ བརྗོད་བྱའི་ཐད་ནས་ཕལ་ཆེར་གོང་བཞིན་བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་དང་དེ་བཞིན་རི་ཆུ་ཀླུང་གསུམ་སོགས་དང་། ལྷ་བླ་མ་ལ་མཆོད་བསྟོད་སོགས་མདོར་ན་བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་རགས་རིམ་ཙམ་མཚོན་ཐུབ་པ་ཞིག་སྣང་བ་འདིས་‘འབྲས་དཀར་’ཞེས་པ་དེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཉིས་ཀ་ལ་འབྲེལ་བ་ཡོད་པར་གསལ་ཁ་ཅུང་ཙམ་སྟོན་འདུག་སྙམ། འདི་ནི་དགག་པ་ཞིག་མ་ཡིན་ལ་ཁྱེད་ལ་བསམ་བློ་བརྗེ་རེས་ཙམ་ཡིན། རྗེས་སུ་མུ་འཐུད་དཔྱད་པ་གནང་རོགས།
སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱིས་‘‘ཡིན་ན་ཡང་འབྲས་དཀར་ཡིན་ནམ་འདྲེ་དཀར་ཞེས་པའི་སྲོལ་རྒྱུན་ལ་ཡོད་པའི་བཤད་སྟངས་དེའི་ཁྱད་ཆོས་ངོ་མ་འདྲ་ཞིག་ཐོན་མི་འདུག་སྙམ། མཇུག་གི་བཀྲ་ཤིས་བརྗོད་པ་དེ་ངོ་མ་འདྲེ་དཀར་བཤད་སྟངས་འདྲ་བོ་ཞིག་འདུག དེ་མིན་ལྷག་མ་དེ་ཚོ་ནི་སྲོལ་རྒྱུན་གྱི་རྩོམ་ཚིག་བཅད་མ་ཞིག་ལས་འདྲེ་དཀར་གྱི་བཤད་སྟངས་ཐོན་མི་འདུག་སྙམ།’’ཞེས་གསུངས་པ་ནི་ངས་བལྟས་ན་དེ་སྐྱོན་མི་འདུག རྩོམ་པ་པོ་ཁོང་གིས་‘འབྲས་དཀར་’བྲིས་འདུག་པ་ལས་‘འདྲེ་དཀར་’བྲིས་མེད་པས་སོ། ལར་འདྲེ་དཀར་ཞེས་པ་དེ་རྒྱ་དཀར་ནག་གང་གི་ཡིན་པ་དང་། དེའི་ལོ་རྒྱུས་འཕེལ་རིམ་གང་འདྲ་ཡིན་ཚུལ་སྐོར་ཅུང་ཙམ་གསུངས་རོགས་ཞུ་རྒྱུ་ཡིན།
མ་གཞི་བྱས་ན་འདིར་ངེད་ཅག་གིས་མི་རིགས་རང་གི་རིག་གཞུང་སྲུང་སྐྱོབས་བྱ་བའི་ས་མིག་ཞིག་ཏུ་ངོས་འཛིན་དགོས་མོད་ཀྱང་། མང་པོ་ཞིག་གིས་མེད་རབས་དང་གཞན་གྱི་ཡིན་རབས་བསྙད་པ་ཁོ་ནས་དུས་ཚོད་འདའ་བཞིན་འདུག་པ་ནི་བློ་ཕམ་སྐྱེ་འོས་པའི་གནས་ཤིག་མ་ཡིན་ནམ།
འབྲས་དཀར་མ་ཡིན་པ་འདྲ། འདྲེ་དཀར་ཡིན་པ་འདྲ། འདྲེ་དཀར་ནག་གཉིས་སམ་འདྲེ་ཡག་བཙོག་གཉིས་ཀྱི་ནང་ནས་འདྲེ་དཀར་རམ་འདྲེ་ཡག་པོ་དེ་ཡིན་ཞེས་པའི་དོན་མིན་ནམ་སྙམ། ང་འདྲེ་དཀར་བསམ་པའི་དོན་གྲུབ་ཡིན༎འདྲེ་ཕྲུག་ཡིད་བཞིན་ནོར་བུ་ཡིན༎ཞེས་བརྗོད་ན་གོ་རྒྱུ་ཡོད་པ་མ་གཏོགས། ང་འབྲས་དཀར་བསམ་པའི་དོན་འགྲུབ་ཡིན༎འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན༎ལབ་ན་གོ་རྒྱུ་གང་ཡང་མི་འདུག འདིའི་འབྱུང་ཁུངས་གང་ཡིན་མི་ཤེས་མོད་འདྲེ་དཀར་བཤད་མཁན་ཞེས་བརྗོད་དུ་ཕལ་ཆེར་འཁྱམས་ཉུལ་སྤྲང་པོ་ཚོས་ལྟོ་སློང་སྤྱད་ཙམ་ལས་སྤྱི་ཚོགས་ཀྱི་ཁྲོད་དུ་བརྩི་བཀུར་ཡོད་པའི་རིག་གནས་ཤིག་ཅང་རེད་མི་འདུག
འདྲེ་གར་ཞེས་པ་ཡིན་ནམ། འདྲེ་ཡི་གར་འཁྲབ་པ་ཞེས་པའི་དོན་ཡིན་ཡང་ཆོག་པ་འདུག
སྤོབས་མཐས་བཤད་ཚུལ་ལྟར་ན་འབྲས་དཀར་གྱི་འགོ་ཁུངས་འདྲེ་ལས་བྱུང་བ་འདྲ་ད་ཁྱེད་ཀྱིས་སྔོན་
ལ་འདྲེ་དཀར་འཁྲབ་སྟོན་བྱེད་མཁན་གྱི་འདྲེ་དེ་ལུང་པ་གང་ནས་ཡིན་ངོས་བཟུང་དེ་ནས་འབྲས་
བཙོས་མ་ཞིག་རེད་འདུག་གམ་ཟ་འདྲེ་སྟོབས་ལྡན་ཞིག་ཡིན་གསལ་པོར་ཤེས་ཐུབ་ཀྱི་རེད་ཡ། ཧཧཧཧ
རྩོམ་འདི་འདྲ་སྤེལ་གནང་བར་ཐུགས་རྗེ་ཞུ་འདོད་ཡོད།
ཡ་སྤོབས་པ་མཐའ་ཡས་ཀྱིས་མཁས་པའི་རང་རྟགས་བསྟན་འདུག་གཱ་ཧ་ཧ་ཧ་་་།
ཁྱེད་རང་གིས་གོ་བ་བསྐྱོན་སྟངས་དེ་‘སྤང་བྱ་’ཞེས་སྤང་ལ་གནས་པའི་བྱ་རིགས་ལ་བཤད་ན་གོ་རྒྱུ་ཡོད་པ་ལས་ཉོན་མོངས་སོགས་ལ་འགྲེལ་ན་གོ་རྒྱུ་མི་འདུག་ཅེས་བཤད་པ་དང་གཅིག་མཚུངས་རེད།
དེ་ནི་བླུན་པོའི་ལོག་འགྲེལ་ཞེས་པ་དེ་རེད་སྙམ། དེ་མིན་འབྲས་དཀར་ཞེས་པ་དེ་ནི། སྐུ་ཞབས་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས། ( བདག་གི་དགེ་རྒན་དཔལ་ལྡན་བཀྲ་ཤིས་ལགས་ཀྱིས་མཛད་པའི་༼འབྲས་དཀར་གྱི་བཤད་པ་༽ལས། ‘‘འབྲས་དཀར་ཞེས་པའི་གོ་དོན་ནི། དེ་ཡིས་བཤད་པའི་འབྲས་བུའམ་སྙིང་དོན་མཐའ་དག་ལ། མ་རུང་བའི་ཚིག་རྩ་ནག་པོའི་དྲི་ཙམ་ཡང་མ་གོས་པར་ལས་དཀར་ནག་ལ་དཔེ་འདྲེན་ན་དཀར་བའམ་བཟང་པོ་བསྒྲུབ་པ་དང་། སེམས་དཀར་ནག་ལ་དབྱེ་ན་བསམ་དཀར་ཚགས་ནས་ཚིག་སྙན་ཞིང་བརྟེན་འབྲེལ་ལེགས་པ་ཁོ་ན་བརྗོད་པས་ན་འབྲས་དཀར་ཟེར་སྐད། དེ་ཡང་བོད་རིགས་དམངས་ཁྲོད་ཀྱི་བཤད་གཏམ་བརྗོད་པའི་རིག་རྩལ་གྱི་རིགས་ཤིག་ཡིན་ལ། འདིས་བོད་རིགས་མི་མང་ནི་གཏམ་བརྗོད་ལ་མཁས་ཤིང་རྟེན་འབྲེལ་ལ་ཆེ་མཐོང་བྱེད་པའི་ཁྱད་ཆོས་དང་གོམས་གཤིས་གསལ་པོར་བསྟན་ཡོད།’’ ཅེས་གསུངས་སོ། གང་ལྟར་ཡིན་ཡང་། བོད་ཀྱི་གནམ་ལོ་གསར་ཚེས་དང་། རྟ་རྒྱུགས་ཚོགས་ཆེན། རི་བསྟོད་ཆུ་གསོལ། ལབ་ཙེ་གོ་བསང་དང་བག་མ་གཏོང་ལེན། རིག་རྩལ་འགྲན་ཚོགས། བླ་མ་ཁྲི་འདོན། མདོར་ན་བཀྲ་ཤིས་བདེ་ལེགས་ཀྱི་དུས་ཆེ་ཆུང་གང་རུང་གི་སྐབས་སུ་མེད་དུ་མི་རུང་བའི་རིག་རྩོམ་ཞིག་ཡིན།)ཞེས་གསུངས་པ་ལྟར། འབྲས་དཀར་ཞེས་པ་དེ་རྟགས་རྟེན་འབྲེལ་གྱི་ཆ་ནས་བཏགས་པ་ཞིག་ཡིན་པ་མངོན་གསལ་རེད། དཔེར་ན་འབྲས་དཀར་འཆད་སྐབས།
‘‘ལས་དགེ་བའི་འབྲས་བུ་དཀར་པོ་ཡིན།།
གོང་དཔོན་པོའི་མཛད་རྗེས་དཀར་པོ་ཡིན།།
དྲིན་ཕ་མའི་བྱམས་བརྩེ་དཀར་པོ་ཡིན།།’’
ཞེས་བཤད་སྲོལ་ཡོད་པར་བསམ་ན་རང་གཞན་གྱིས་བྱ་བ་གང་ཞིག་བརྩམས་ཀྱང་མཐར་ཐུག་གི་འབྲས་བུ་བཟང་པོ་ཞིག་འབྱུང་བའི་རྟེན་འབྲེལ་དུ་བྱས་ནས་བཏགས་པར་བཤད་མ་དགོས་པ་ཞིག་རེད་ལ། དེ་བཞིན་‘‘འབྲས་དཀར་བསམ་པའི་དོན་འགྲུབ་དེ་’’ཞེས་བཤད་པར་བདེན་མོད་ཀྱང་དེ་ནི་གོང་བཞིན་རང་གིས་རྒྱུ་གང་ཞིག་འབད་བཞིན་ཡོད་པ་དེ་དག་བདེ་བླགས་ངང་ལེགས་འགྲུབ་ཡོང་ནས་མཐར་ཐུག་འབྲས་བུ་བཟང་པོར་སྨིན་པའི་རྟེན་འབྲེལ་དུ་དམིགས་ནས་བརྗོད་པ་འདིས་བོད་མིས་རེ་སྨོན་དང་རྟེན་འབྲེལ་ལ་གཙིགས་ཆེར་འཛིན་པའི་ལྟ་བ་ངོ་མ་དེ་མཚོན་ཡོད། དེ་མིན་‘‘འདྲེ་ཕྲུག་ཡིན་བཞིན་ནོར་བུ་ཡིན་’’ཞེས་པ་ཞིག་ཁྱོད་རང་རྨི་ལམ་ནང་ལྷ་འདྲེས་ལུང་བསྟན་བྱས་པ་མིན་ནམ་སྙམ།
ཡང་ཁྱོད་ཀྱིས་འབྲས་དཀར་གྱི་བྱུང་ཁུངས་མ་ཤེས་པའི་ཁར་འདི་ནི་‘‘འཁྱམས་ཉུལ་སྤྲང་པོ་ཚོས་ལྟོ་སློང་སྤྱད་ ཙམ་’’རེད་གསུངས་པ་དེ་ནི་གོང་དུ་མང་པོ་ཞིག་གིས་གནའ་སྔ་མོའི་དུས་ནས་བོད་མི་རིགས་ཀྱི་དགའ་སྟོན་ རྟེན་འབྲེལ་སྤྱི་དང་། ལྷག་ཏུ་བོད་ཀྱི་གནམ་ལོ་གསར་ཚེས་དང་། རྟ་རྒྱུགས་ཚོགས་ཆེན། རི་བསྟོད་ཆབ་གསོལ། ལབ་ཙེ་བསང་མཆོད། བག་མ་གཏོང་ལེན། རིག་རྩལ་འགྲན་ཚོགས། བླ་མ་ཁྲི་འདོན་སོགས་མདོན་ན་བཀྲ་ཤིས་པའི་དུས་ཆེ་ཆུང་རྣམས་ཀྱི་སྐབས་སུ་མེད་དུ་མི་རུང་བའི་རྟེན་འབྲེལ་མཚོན་བྱེད་ཀྱི་རིག་རྩོམ་ཞིག་ཡིན་པར་བཤད་པའི་དངོས་ཡོད་གཏམ་གླེང་དེའི་ཁ་གཏད་དུ་ཨུ་ཚུགས་ཀྱིས་ལངས་པ་མ་ཡིན་ནམ། གཉིས་སུ་གཏིང་ཟབ་པའི་གཞུང་ལུགས་དང་། རྒྱ་ཆེ་བའི་ལོ་རྒྱུས་ཀྱི་གླེགས་བམ་བསྔོགས་མི་དགོས་པར་ཁ་སང་དེ་རིང་བོད་གངས་ལྗོངས་ལྷ་ས་གཙོས་པའི་དབུས་ཁུལ་དང་ཁམས་ཁུལ་རྣམས་སུ་སྤྲོ་སྐྱིད་ཀྱི་དུས་སྟོན་སྐབས། ལུས་ལང་ཚོའི་ཁ་འབྲས་གཞན་ལས་ལྷག་པའི་སྟག་ཤར་གཞོན་པ་དག་གིས་དར་རས་ཕྲུག་གསུམ་སོགས་ཀྱི་ལྭ་བ་གྱོན་ཞིང་། གསེར་དངུལ་གཡུ་བྱུར་སོགས་ཀྱི་རྒྱན་ཆ་སྤུད་དེ་རྩེད་འགྲན་གྱི་སྡིངས་ཆའི་སྒང་འབྲས་དཀར་ཡུལ་ཆུ་འབབ་འབབ་བཤད་བཞིན་པ་འཛམ་གླིང་གང་སར་དེང་སྐབས་བརྙན་འཕྲིན་ཁག་གི་ལམ་ནས་མཐོང་རྒྱུ་ཡོད་པས་ཁྱོད་ཀྱིས་འབྲས་དཀར་ནི་‘‘འཁྱམས་ཉུལ་སྤྲང་པོ་ཚོས་ལྟོ་སློང་སྤྱད་ ཙམ་’’རེད་ཅེས་བཤད་པའི་གཏམ་འཆལ་དེ་སུ་ཞིག་གིས་བདེན་པར་འཛིན།
ད་དུང་ཁྱོད་ཀྱིས་‘‘སྤྱི་ཚོགས་ཀྱི་ཁྲོད་དུ་བརྩི་བཀུར་ཡོད་པའི་རིག་གནས་ཤིག་ཅང་རེད་མི་འདུག་’’བཤད་པ་ནི་ཁྱེད་རང་གི་ལྟ་བ་ཙམ་ལས། ‘‘འབྲས་དཀར་གྱི་རིག་རྩོམ་འདིས་ནི་སྐབས་དེའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་རོལ་ཞིང་། དུས་བདེ་ཞོ་འཇགས་ཀྱི་གནས་ཚུལ་མཚོན་པར་མ་ཟད། སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད་ཀྱི་དབང་ཆ། མི་དམངས་ཤེས་རབ་རྩལ་གྱིས་རིག་གནས་རྒྱུ་རྩལ་བཅས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་བཀྲ་ཤིས་ཀྱི་སྙིང་པོ་སོགས་མཚོན་ཡོད།’’ ཞེས་དང་ཡང་།‘‘མདོར་ན་བཀྲ་ཤིས་བདེ་ལེགས་ཀྱི་དུས་ཆེ་ཆུང་གང་རུང་གི་སྐབས་སུ་མེད་དུ་མི་རུང་བའི་རིག་རྩོམ་ཞིག་ཡིན།’’ཞེས་བཤད་པར་གཞིགས་ན་ བོད་ཀྱི་མཁས་པ་ཚོས་འབྲས་དཀར་ལ་གདེང་འཇོག་གང་འཚམ་ཞིག་གནང་འདུག་སྙམ།།
ལར་ཁྱོད་ཀྱིས་ད་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཚིག་མཛོད་ཁག་གི་ནང་ནས་‘‘འབྲས་དཀར་’’ཞེས་པའི་ཐ་སྙད་དེ་མཐོང་མེད་པའི་ཚོད་དུ་སྣང་བས། དེས་ཁྱོད་ཉིད་ཐོས་རྒྱ་ཇི་ཙམ་ཡོད་མེད་གསལ་བཤད་གཅིག་བྱས་མི་འདུག་གམ། གལ་སྲིད་ཁྱོད་ཀྱིས་ངེད་ཅག་གི་ལོ་རྒྱུས་ཡིག་ཚོགས་ལས་འབྲས་དཀར་ཞེས་པའི་ཐ་སྙད་དམར་རྗེན་མ་ཞིག་མཐོང་ཡོད་པའི་དབང་དུ་བཏང་ན་དེ་བས་ཀྱང་ཁྱོད་ཀྱིས་བཙན་བཙན་གྱི་རྟེན་གསུམ་རྙིང་པ་ལ་རྟེན་བཤད་གསར་པ་བྱེད་དགོས་དོན་མེད་མོད།
རྗེས་སུ་མུ་མཐུད་དེ་མཇལ་ཡོང་།
ངས་སྤོབས་པ་མཐའ་ཡས་ལ་བཤད་བཞིན་ཡོད།
ང་སྤོབས་པ་མཐའ་ཡས་དང་བགྲོ་གླེང་བྱ་འདོད་ཡོད། མཆན་བུ་དག་དོན་མེད་མ་བསུབ་རོགས་ཞེས་རེ་སྐུལ་ཞུ་རྒྱུཡིན།