ལྷ་སྡེ་གནམ་ལོ་ཡག་དང་འབྲོག་མྱི་སྟག་ལྷ་རྒྱལ།
སྔོན་གླེང་།
“ཕྱི་ཚེས་ ༢༧ ཉིན་གྱི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཉིན་གཉིས་པའི་སྟེང་། བཙན་བྱོལ་བོད་གཞུང་གི་ཚབ་ཏུ། ‘ བོད་མིའི་སྒྲིག་འཛུགས’ དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཚབ་ཏུ། ‘བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག’ ཅེས་གཏན་འབེབས་གནང་སོང”ཞེས<<བོད་ཀྱི་དུས་བབ་དྲ་རྒྱའི>>སྟེང་དུ་ཕྱི་ལོ ༢༠༡༡ལོའི་ཟླ ༥ཚེས ༢༨ཉིན་བཀོད་འདུག འོ་ན། ཨིན་ཇིའི་ནང་གི “Central Tibetan Administration”ཞེས་པའི་ཚིག་འདིར་འགྱུར་བ་ཡོད་དམ་མེད། ད་དུང་གསལ་ཁ་ཐོན་མི་འདུག
གསར་འགྱུར་འདི་མཐོང་མ་ཐག་བོད་ནང་གི་མི་གྲངས་ཉི་ཤུ་ལྷག་ལ་བརྡ་འཕྲིན་གྱི་ལམ་ནས་བསམ་ཚུལ་དྲིས་པ་ཡིན་ཞིང་། དེའི་ཁྲོད་ཀྱི་མི་བཅོ་ལྔས་རང་སྲོག་རང་གིས་བཅད་པ་ཞིག་ལ་ངོས་འཛིན་དང་བློ་ཕམ་ཚད་མེད་ཡོད་པའི་རྣམ་འགྱུར་བསྟན་པ་དང་མཉམ་དུ་པེ་ཅིན་སྲིད་གཞུང་གིས་བཙན་བཟུང་ནས་ད་བར་དུ། རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་རང་སྐྱོང་ཟེར་བ་དེ་བོད་ཁུལ་ཡོངས་ལ་ཡོད་བཞིན་པ་རེད། དེ་མ་གཏོགས་རྩོད་ལེན་བྱེད་ཀྱིན་མེད་དུས། རྣམ་པ་ཚོས་དཀའ་ལས་མྱོང་མི་དགོས་པར་ཕྱིར་ཕ་ཡུལ་དུ་ཕེབས་ཤོག་དང་། ང་ཚོས་མཉམ་དུ་ “རང་སྐྱོང་”ལོངས་སུ་སྤྱོད་དགོས་ཞེས་ཟེར། གཞན་མི་གསུམ་ལྷག་གིས་ཀུ་རེ་དང་སྦྲགས་ནས་རྒྱལ་གཅེས་ཀྱི་བསམ་བློའི་འགྱུར་བར་སྔ་ཕྱི་མེད་ཀྱང་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་ཅིག་ཡོད་གལ་གསུངས་སོང་། ལྷག་འཕྲོས་ཀྱི་མི་གཉིས་ཀྱིས་ཧ་གོ་ཐུབ་ཀྱི་མི་འདུག་པས། དེའི་ཐད་ངོ་སྤྲོད་རང་བཞིན་གྱི་དཔྱད་བརྗོད་ཅིག་འབྲི་དགོས་པར་མཐོང་གི་འདུག
དེ་བས། ཕྲན་གཉིས་ནས་ལས་འགན་འདི་ལྕོགས་མིན་ལ་མ་ལྟོས་པར“བོད་མིའི་སྒྲིག་འཛུགས”ཟེར་བའི་ཐ་སྙད་གསར་བ་འདིར་རོབ་ཙམ་དཔྱད་པའི་ལས་སུ་ཞུགས་པའི་ཁུལ་ཡིན།
“བོད་མིའི་སྒྲིག་འཛུགས”ཟེར་བའི་རྒྱབ་མདུན།
ཁྲིམས་ཀྱི་ངོ་བོར་འཕེལ་ལ་ཉེ་བའི་ཐ་སྙད་འདིའི་བྱུང་རིམ་ལ་རོབ་ཙམ་བལྟས་ན། ཧ་ལམ་ཕྱི་ལོ ༢༠༡༠ལོ་ནས་མི་མངོན་པ་ནས་དེང་སྐབས་མངོན་གསལ་དུ་གྱུར་བ་ཞིག་ཡིན་ཞིང་། རྩ་བའི་འབྱུང་རྩ་གྲོས་ཚོགས་ལ་བསྟན་ཡོད་མེད་ཀྱི་རྩོད་གཞིར་གྱུར་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ཕུལ་བའི༼བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་༼བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་འགྲེལ་བཤད༽ཅེས་པའི་ཡིག་ཆ་དེ་གཉིས་ལ་ཐུག་ཡོད་པར་མ་ཟད། སྐབས་དེ་དུས་ནས་པེ་ཅིན་སྲིད་གཞུང་གིས༼བསམ་འཆར་ཡིག་ཆ༽དེ་གཉིས་ངོས་ལེན་གནང་རྒྱུ་ཕར་ཞོག་བོད་ཀྱི་གནད་དོན་ཐད་ཀར“ཏཱ་ལའི་བླ་མའི་མདུན་ལམ་གྱི་གནད་དོན”སྒང་སྒྲུབ་ཅི་ཐུབ་ཀྱིས“དེང་ཕྱིན་ཏཱ་ལའི་བླ་མས་ཅི་ཞིག་བཤད་པ་ལ་མི་ཉན་པར་ཅི་ཞིག་ལས་རྒྱུ་ལ་ལྟ་རྒྱུ་ཡིན”ཞེས་བསྒྲགས་གཏམ་སྤེལ་ཡོད།
དོན་ལ་མཁན་པོ་སྐྱོ་བྲག་དགའ་དབང་མཆོག་གི་རྩོམ་ཡིག་ཏུ་གསལ་བ་ལྟར། “ལྐོག་བཤད་ཅིག་ཏུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། སྐལ་བཟང་རྒྱལ་མཚན་གསུམ། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་བར་བཅར་སྐབས་བསམ་ཚུལ་ཕུལ་བ་ཡིན་རབས་གླེང་གིན་འདུག”(༡) ཅེས་པ་ནི་སྒྲུབ་བྱེད་ཆགས་ཡོད་པར་མ་ཟད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བཅའ་ཁྲིམས་ཟིན་བྲིས་འགྲེལ་བཤད་གནང་སྐབས། “སི་ཝེ་ཌེན་སོགས་འཛམ་གླིང་རྒྱལ་ཁབ་ཁ་ཤས་ནང་གྲོས་ཚོགས་ཀྱི་ཁྲིམས་འཆར་ཁྲིམས་སུ་བཅས་པར་གྲོས་ཚོགས་ཚོགས་གཙོས་མཚན་རྟགས་སྐྱོན་གྱི་ཡོད་པ་རེད། དེ་ལྟར་བྱས་ན། ཁྲིམས་འཆར་བསྐྱར་སློག་བྱེད་པའི་ཆ་རྐྱེན་དེ་མེད་པ་ཆགས་འགྲོ་བ་རེད”(༢)ཅེས་པ་ནི་ཆ་རྐྱེན་མེད་པའི་ལག་བསྟར་ལྟ་བུར་གོ་ཆོག་པར་སྙམ། དེ་མིན་༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་སྟེང་ཕུལ་བའི་གསུང་འཕྲིན་ནང་“བཙན་བྱོལ་སྒྲིག་འཛིགས”ཞེས་པའི་མིང་དེ་བཀོད་ཡོད་པ་དང༌། དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྐུ་སྒེར་ཡིག་ཚང་ལ་ཞལ་པར་ཕུལ་ནས་བཙན་བྱོལ་བོད་གཞུང་གི་མིང་དེ་“བཙན་བྱོལ་སྒྲིག་འཛུགས”སུ་བསྒྱུར་རྒྱུར་གཏན་འཁེལ་མིན་བཀའ་འདྲི་ཞུས་དུས། སྐུ་སྒེར་ཡིག་ཚང་གིས་ཁ་པར་བརྒྱུད“བོད་མིའི་སྒྲིག་འཛུགས”ཞེས་བསྒྱུར་ན་ཞེས་བཀའ་ལན་གནང་ཡོད་པ་ཇི་བཞིན་བགྲོ་གླེང་སོགས་བརྒྱུད་རིམ་གཅིག་ཀྱང་མེད་པའི་སྒོ་ནས་དེ་ལྟར་གཏན་འཁེལ་བྱས་པ་ཞིག་ཡིན་པས། ཕྱི་ལོ ༢༠༡༡ལོའི་ཟླ ༥བའི་ཚེས ༢༧ཉིན། ལོ་ངོ ༢༠༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲིད་དབང་ལོ་རྒྱུས་ཀྱི་རྒྱུན་བཅད་ཡོད་པའི་ཁར། ཐ་ན་ཡིག་ཐོག་གི་གསལ་བཤད་ཙམ་ཡང་མེད་པར་ཤིན་ཏུ་ལས་སླ་བོས་ངང་ངག་ཐོག་གིས་ཀྱང་ཁ་པར་གཅིག་གིས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཅུག་འདུག
ཡིན་ན་ཡང། ༧གོང་ས་མཆོག་གི་མཐའ་མའི་ཐག་གཅོད་དེར་ཕྱིའི་གནོན་ཤུགས་གཅིག་པུ་ལས་ནང་གི་གནོན་ཤུགས་ཀྱང་མི་ཆུང་བ་ཞིག་ལ་ཐུག་ཡོད་པའི་དོགས་པ་སྐྱེ་རུ་བཅུག་པ་ནི། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་སྐབས་གནོན་ཤུགས་ཅི་ཞིག་སྤྲད་ཡོད་པ་དང། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཞལ་པར་ཕུལ་ནས་༧གོང་ས་མཆོག་གི་ཞལ་ནས“བོད་མིའི་སྒྲིག་འཛུགས”ཞེས་པའི་མིང་འདི་བཙན་གྱིས་བླངས་པ་ལས་ཀྱང་ར་འཕྲོད་ཐུབ་པ་ཞིག་རེད། ད་དུང་སྐུ་སྒེར་ཡིག་ཚང་གིས་གྲོས་ཚོགས་ཚོགས་དུས་འཕར་མར་བསྩལ་བའི་བཀའ་ཤོག་ཏུའང“ བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་གྱི་མཚན་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་ཞུ་གཉིས་འབུལ་གནང་མཛད”ཅེས“ བོད་གཞུང”འབུར་དུ་བཏོད་ཡོད་པ་དང་ཡང“བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད”ཅེས་བཀའ་ཤོག་གཅིག་ལས་མིང་མ་འདྲ་བ་གཉིས་ཐོན་ཡོད་པའི་ཆ་ནས་ཀྱང་དོགས་གཞི་ཆེན་པོ་ཞིག་བཞག་ཡོད། རྒྱུ་མཚན་གཞན་ཞིག་ནི་སྔར་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་ཞིང་གཤེགས་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་པེ་ཅིན་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་དེང་ཕྱིན་བོད་རྒྱ་ཁོངས་རེད་ཅེས་བཀའ་མོལ་མ་གནང་རོགས་ཞེས་ཐད་ཀར་ཞུས་ཡོད།
དེ་མཚུངས་སུ་སད་ཀྱི་ཁར་སེར་བའི་དཔེ་བཞིན་ཨིན་ཇི་གཞུང་གིས་ཀྱང་ན་ནིང“བོད་ཀྱི་བདག་དབང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་ཅེས་ངོས་ལེན་བྱས་ཡོད”ཅིང་། བོད་དོན་རྒྱབ་བསྐྱོར་བ་ཚོར་དེ་ནི་བཙན་བྱོལ་བོད་གཞུང་གི་ཐག་གཅོད་ཅིག་ཡིན་པའི་འགྲེལ་བཤད་ཀྱང་ཨིན་ཇི་གཞུང་ནས་བསྐྱོན་ཡོད། ཡིན་ནའང་། རྒྱ་ནག་གི་འཐབ་ཇུས་མཁས་དབང་ཁག་ཅིག་གིས་པེ་ཅིན་གཞུང་ལ“ཏཱ་ལའི་བླ་མ་ཕ་ཡུལ་དུ་བསུས་ནས་ཡང་སྤྲུལ་འཁྲུངས་པ”ཞེས་པའི་འཐབ་ཇུས་རང་བཞིན་གྱི་ཐབས་བཀོད་ཅིག་ཕུལ་ཡོད་པ་གསལ་བོ་རེད་ལ། དེའི་དོན་ནི་ཐབས་ལམ་སྤྱད་ནས་རྒྱལ་བ་རིན་པོ་ཆེ་ཕ་ཡུལ་ལ་ལྟ་སྐོར་དུ་གདན་འདྲེན་དང་དེའི་འཕྲོས་ཕྱི་ནང་གང་དུ་སྐུའི་འཕེན་པ་རྫོགས་ཀྱང་པེ་ཅིན་གཞུང་ལ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ཐོབ་ཐང་ཡོད་པའི་དོན་བཤད་ཀྱི་ཡོད།
“བོད་མིའི་སྒྲིག་འཛུགས”ཟེར་བའི་མདུན་ལྗོངས།
“བོད་མིའི་སྒྲིག་འཛུགས”ཞེས་གླེང་མ་ཐག་ཕ་རོལ་བོར་འཛམ་གླིང་གི་གྲུ་ག་གང་སར་ཡོད་པའི་ཚོགས་པ་སྤྱིར་བཏང་བ་ཞིག་ལས་གོ་བ་གཞན་སྟེར་རྒྱུ་མེད་ལ། བོད་མི་ཞེས་པའི་རྒྱབ་ཏུ་བཙན་བྱོལ་བ་བསྐུང་ཡོད་ཅིང་། བོད་དོན་སེལ་ཐབས་སུ་དམིགས་པའི་འཐབ་རྩོད་ཀྱི་ངོ་བོ་རྩ་བ་ནས་དོར་ཚར་འདུག་པའང་ཤེས་ཐུབ། དེ་བས། བོད་མི་དམངས་ཀྱི་ཕུགས་བསམ་གཏོར་ནས“རང་རང་མ་ཤི་རང་རང”ཞེས་པའི་གནས་སྟངས་ཤིག་གི་སྟེང་དུ་བསྐུལ་འདེད་བྱས་འདུག
ཕྱོགས་གཅིག་ནས་རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས་གསུངས་པ་ནང་བཞིན། “ སྔོན་མ་ཡིན་ན་ང་ཚོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟེར་པ་ཞིག་ཡོད། ད་ལྟ་ངས་ཡིག་ཆ་འདིར་བལྟས་ཡོང་དུས་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་འཁོད་འདུག གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན་ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད་དམ། དབྱིན་སྐད་དུ་ ( Is this a government in Exile or Is this a government of Tibetans in Exile? ) གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་ངས་དཔྱ་ཁྲལ་མ་དངུལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པོར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད”༣ ཅེས་པ་ནི་རྒན་གཅིག་པུ་མ་ཡིན་པར་སྨྱུག་ཐོགས་པ་གཉིས་ཀྱི་མཐའ་འཁོར་དུའང་ད་ནས་བཟུང་དཔྱ་ཁྲལ་མ་དངུལ་འབུལ་ས་ཞིག་ལ་མ་གཏོགས་“བོད་མིའི་སྒྲིག་འཛུགས་”ལ་འབུལ་རྒྱུ་མེད་ཟེར་མཁན་མང་པོ་བྱུང་སོང་།
ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་སྲིད་དོན་རིག་པའི་ལོ་རྒྱུས་རྒྱུན་རིང་ཞིང་། ཡིག་ཐོག་ཏུ་བཀོད་ནས་ལོ་ངོ་གཉིས་སྟོང་ལྷག་བརྒལ་ཡོད་པས། “རང་གཞན་གཉིས་ཀར་རྒྱུས་ལོན་ན། ཐེངས་བརྒྱར་འཐབ་ཀྱང་ཕམ་པ་མེད”ཅེས་སྲིད་དོན་འཐབ་རྩལ་ལ་བསྡོམས་ཚིག་བཀོད་པར་མ་ཟད། མའོ་ཙེ་ཏུང་གིས་རིགས་ལམ་དེ་དག་སྤྱི་བསྡོམས་ཀྱིས“གདེངས་ཚོད་མེད་པའི་འཐབ་འཁྲུག་རྒྱག་མི་རུང”ཞེས་མངག་བཅོལ་ནན་མོ་བྱས་ཡོད། དེ་བས། ཕྱི་ལོ ༢༠༡༡ལོའི་ཟླ ༥ཚེས་ ༥ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་སྟེང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་ལན་འདེབས་བཅར་འདྲིའི་ནང་། “ ཏཱ་ལའི་བླ་མའི་སྐུ་ཚབ་ཀྱིས་དབུས་གཞུང་ལ་སྤྲད་པའི‘བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར’ ཡིག་ཆ་དེ་གཞུང་གིས་སྐབས་ཐོག་དེར་ཕྱིར་སློག་ཟིན་ནའང་། ཡུལ་གྱར་སྲིད་གཞུང་གིས་རྒྱ་ནག་དབུས་གཞུང་གི་བརྡ་ལན་ལ་སྒུག་ཡོད་སྐོར་མ་ཡིན་ཡིན་མདོག་བསྟན་དེ། ད་ལྟའི་བར་རང་གཞན་གཉིས་ཀར་མགོ་སྐོར་གཏོང་བཞིན་ཡོད་པ་དང་། དབུས་གཞུང་གི་ཕྱོགས་ནས་བོད་ཀྱི་གནད་དོན་དང་། བོད་ཆེན་པོའི་ས་ཁུལ་རང་སྐྱོང་ཟེར་བ་ཞིག་རྩ་བ་ནས་གྲོས་མོལ་བྱ་མི་སྲིད། འབྲེལ་མོལ་གྱི་ཐད་དབུས་གཞུང་ལ་རྩ་གནད་གཉིས་ཡོད་དེ། གཅིག ཕར་ཕྱོགས་ཀྱི་ཐོབ་ཐང་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་འཐུས་ཚབ་ཁོ་ན་ལས། གཞན‘ཡུལ་གྱར་སྲིད་གཞུང’དེར་སུ་ཞིག་གིས་བཀའ་བློན་གྱི་འགན་འཁུར་ཡང་རུང་། དེ་དག་ཚང་མ་ནི་མེས་རྒྱལ་ལ་ངོ་ལོག་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་ཅིག་ལས་མ་འདས་པས། ཁྲིམས་མཐུན་གྱི་ངོ་བོ་མེད་པར་མ་ཟད། རྒྱ་གཞུང་དང་གྲོས་མོལ་གྱི་ཐོབ་ཐང་གང་ཡང་མེད། གལ་སྲིད་ཡུལ་གྱར་སྲིད་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཕན་ཚུན་གདོང་ཐུག་སྐབས་ག་དུས་ཡིན་ཡང་ཁོ་ཚོ་བཙན་བྱོལ་གཞུང་གི་འཐུས་ཚབ་ཡིན་ཞེས་བརྗོད་ཐུབ་ཀྱིན་མི་འདུག་ལ། རྒྱུན་པར་ཕྱིར་ལོག་རྗེས་བཙན་བྱོལ་གཞུང་གི་འཐུས་འཚབ་ཡིན་མདོག་གིས་རྒྱལ་སྤྱིའི་སྒང་ལ་རྫུན་གཏམ་ཤོད་ཀྱིན་འདུག དེ་ནི་འབྲེལ་མོལ་ལ་བསམ་ངན་ཞེ་བཅངས་ཀྱིས་གཏོར་བཤིག་བཏང་བ་ཞིག་རེད། གཉིས། འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཁོ་ན་དང་། ཆེས་མང་ནའང་ཁོའི་ཉེ་འཁོར་གྱི་མི་ཉུང་ཤོས་ཤིག་གི་མདུན་ལམ་གནད་དོན་ཡིན། ཡང་གཅིག་བཤད་ན། ཏཱ་ལའི་བླ་མས་ཁ་བྲལ་རིང་ལུགས་པའི་ལངས་ཕྱོགས་དང་བསམ་འདུན་རྨང་ནས་དོར་ཏེ། དབུས་གཞུང་དང་རྒྱ་ནག་མི་དམངས་ཀྱི་བསམ་ཤེས་ཐོབ་ཐུབ་ལ་བརྩོན་རྒྱུ་དང་། ཁོ་རང་སྐུ་སྒེར་གྱི་གནད་དོན་ཇི་ལྟར་ཐག་གཅོད་མིན་ཡིན། ”
དེ་མཚུངས་སུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཀྲུའུ་ཞི་པདྨ་འཕྲིན་ལས་ཀྱིས་ཕྱི་ཚེས ༡༩ཉིན་གསར་འགོད་པར་བརྗོད་དོན། དབུས་སྲིད་གཞུང་གི་ལངས་ཕྱོགས་གསལ་བོ་ཡིན། “འབྲེལ་མོལ་བྱེད་ནའང་། ཏཱ་ལའི་བླ་མ་སྒེར་དང་ཁོའི་ཉེ་འཁོར་གྱི་མིའི་མདུན་ལམ་གནད་དོན་ལས་མེད། … … གལ་སྲིད་ཁོ་བོས་བོད་རང་བཙན་གྱི་ལྟ་བ་དོར་ནས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་དང་། བོད་ལྗོངས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དང་ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པ་ངོས་ལེན་བྱས་ཚེ་ད་གཟོད་སྐད་ཆ་ཅི་ཡང་བཤད་ཆོག”( ༤)
གོང་གསལ་རྒྱ་རིགས་དཔོན་རིགས་འདི་དག་གི་གཏམ་བཤད་ལས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། བོད་གཞུང་ནས་སྒྲིག་འཛུགས། སྒྲིག་འཛུགས་ནས་ཀྲུང་གོའི་ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ལྟ་བུར་བསྒྱུར་ནའང་། བོད་ཀྱི་གནད་དོན་རྩ་བ་ཉིད་ནས་ཁས་ལེན་བྱེད་ཀྱི་མེད་པ་དང་བོད་རྒྱ་འབྲེལ་མོལ་ཟེར་བའང་མི་ཁ་ཤས་ཀྱི་མདུན་ལམ་མ་གཏོགས་གླེང་རྒྱུ་ལྷག་མེད་པའི་བསྒྲགས་གཏམ་ཡིན་པ་ངེས་པར་དུ་བོད་མི་ཚོས་ཤེས་དགོས་ཀྱི་ཡོད། ད་དུང་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུའི་གནད་དོན་གྱིས་མཚོན་པའི་ངོས་ལེན་བྱེད་དགོས་པ་ཁག་ཅིག་རྒྱབ་ལོགས་སུ་ཡིབ་ཡོད་པས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱང་ལམ་ལོགས་ཤིག་ཏུ་འཁྲིད་རྩིས་མེད་པའང་མིན།
“བོད་མིའི་སྒྲིག་འཛུགས”་དང་དབུ་ཁྲིད་གསར་བ།
སྔར་ཟམ་གདོང་རིན་པོ་ཆེ་ཡིས་གངས་ཅན་སྐྱིད་གཤོངས་ནི་མོ་ཊ་ཀོབ་ཏོ་ཞིག་ཡིན་ཞེས་བསྡོམས་ཚིག་བཞག་ཡོད་པར་ལྟ་སྐབས། ཀོབ་ཏོ་ཡིན་པ་མ་གཏོགས་ད་དུང་བསྐོར་ནས་འགྲོ་ཆོག་པ་གསལ་བོར་བསྟན་ཡོད། འོན་ཀྱང་། སྟབས་ཉེས་ནས་དབུ་ཁྲིད་གསར་བ་ཐད་འདེམས་གནང་གྲུབ་མཚམས་གངས་ཅན་སྐྱིད་གཤོངས་སྔར་གྱི་མོ་ཊ་ཀོབ་ཏོ་ནས་བསྐོར་ནས་འགྲོ་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། གལ་སྲིད་མོ་ཊ་ཀོབ་ཏོ་དེ་བསྐོར་ནས་འགྲོ་དགོས་ཚེ་རྡོ་སྣུམ་ཐད་ཀར་པེ་ཅིན་ནས་ཉོ་དགོས་པ་དང་བཟོ་མཁན་རྒྱ་གར་ནས་གླ་ཆོག་མིན་ཡང་པེ་ཅིན་ལ་ཐུག་ཡོད་པའི་གནས་སྟངས་འོག་ཚུད་ཡོད་པས། རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་ནས་རྒྱལ་བ་རིན་པོ་ཆེར་སྲིད་འགན་ཕུལ་དུས་ཀྱི་གནས་སྟངས་ལས་ཀྱང་ཡ་ང་བ་ཞིག་ཆགས་ཡོད་ཅིང་། བློ་བཟང་སེང་གེ་མཆོག་གིས“ངས་འོས་བསྡུའི་ལས་རིམ་སྐབས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་གཞི་རིམ་གྱི་ལྟ་གྲུབ་གསུམ་བཤད་པ་ཡིན། ལས་གཞི་དེ་ཚོ་གཞི་ནས་མགོ་བརྩམ་དགོས་པ་ཞིག་ཡིན་ཡང་། ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཕྱིར་མིག་ཅིག་བལྟས་ན། ཁོང་གིས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་གསུམ་གྱི་ཐོག་ཕྱག་ལས་གནང་ཚར་ཡོད་པ་ཞིག་རེད” ཅེས་པའང་སྐབས་སུ་བབས་པའི་གཏམ་དོན་སྙིང་ཅན་ཞིག་ཏུ་འདོད།
མ་གཞི་དབུ་ཁྲིད་གསར་བའི་ལག་པ་ནས་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་ཐུག་ནའང་། ཁྲིམས་ཐོག་ནས་རྩོད་པ་བྱེད་ས་ཞིག་ལྷག་ཡོད་པར་མ་ཟད། རྒྱལ་ཁབ་གཞན་ལ་གནས་སྤོར་ནས་མུ་མཐུད་བོད་ཀྱི་གནད་དོན་གཙང་སེལ་མ་ཡོང་བར་དུ་གནས་ཐུབ་པ་ཞིག་ཡིན་མོད། ད་ལྟ་དེ་གཉིས་ཀྱི་ལམ་ཁའང་རྦད་དེ་འགག་ཚར་བ་ཞིག་རེད།
“བོད་མིའི་སྒྲིག་འཛུགས”་དང་མ་འོངས་རྒྱང་ལྟ།
རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པའི་བརྗོད་པ་ལྟར། “གལ་སྲིད་ཡུལ་གྱར་སྲིད་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད”ཅེས་པ་ལྟར། ད་ལྟ་རང་འགུལ་གྱིས་སྒྲིག་འཛུགས་ལ་འཕོ་བསྐྱོད་བྱས་ཡོད་པས། པེ་ཅིན་སྲིད་གཞུང་ལ་བོད་ཀྱི་གནད་དོན་ཐད་རང་འགུལ་དབང་ཆ(Initiative)རག་ཡོད་ཅིང་། སྔར་ཕན་ཐོགས་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ངོས་ནས་སྔར་བཙན་བྱོལ་བོད་གཞུང་ཞེས་བོད་ལ་མགྲིན་ཚབ་པ་ཞིག་ཡོད་པ་དང་དེར་འཇུས་ནས་བོད་ཀྱི་གནད་དོན་མུ་མཐུད་དུ་གླེང་སློང་གིས་ནུས་པ་གང་ལ་གང་འཚམས་ཤིག་འདོན་ཐུབ་ཀྱི་ཡོད་ནའང་། ད་ལྟ་རྦད་དེ་རྒྱ་ནག་གི་ནང་སྲིད་དུ་གྱུར་ཡོད་པ་དང་སྒོས་སུ་བོད་ལ་གནད་དོན་ཞེས་པ་ཞིག་མེད་ཅེས་གོང་དུ་གསལ་བརྗོད་བྱེད་ཀྱིན་པ་ལྟར་རེད་ལ། བཙན་བྱོལ་བ་རྣམས་སྟབས་བསྟུན(passive)གྱི་གནས་སྟངས་འོག་ཚུད་ནས་ཁྲིམས་འགལ་ཡིན་མིན་དང་ཕྱིར་ཕ་ཡུལ་དུ་ལོག་ཆོག་མིན་ཙམ་གྱི་སྨྲ་དབང་མ་གཏོགས་ཅི་ཡང་ལྷག་མེད། དེ་བས། བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་《ཆུ་ངོགས་གཏམ་རྒྱུད་》ས་པའི་སྒྲུང་གཏམ་སྐད་གྲགས་ཅན་དེ་ཀློག་འོས་པའི་དུས་སུ་བབས་ཡོད་པ་ཞིག་ཡིན།
འོ་ན། ད་ཐབས་ལམ་ཅི་ཡང་ལྷག་མེད་དམ་ཞེ་ན། དེའང་མ་རེད། དབུས་གཞོན་ནུ་ལྷན་ཚོགས་ཀྱིས་དེང་གི་བར་རྒྱལ་ཁབ་སླར་གསོའི་ལྟ་བ་ཁུར་ནས་ཡོང་ཡོད་པ་དང་ལས་འགུལ་ཡང་དེའི་ཐད་སྤེལ་ཡོད་པས། ‘བཙན་བྱོལ་བོད་གཞུང’ཞེས་པའི་མིང་བྱང་འདིར་བདག་པོ་རྒྱག་པའི་དུས་སུ་སླེབས་ཡོད་ལ། དེ་ལྟར་དབུས་གཞོན་ནུ་ལྷན་ཚོགས་བོད་ཕྱི་ནང་གཉིས་ཀྱིས་རང་དབང་སླར་གསོའི་རེ་བ་རྒྱག་ཡུལ་དུ་འགྱུར་སྲིད་པར་མ་ཟད། “བོད་མིའི་སྒྲིག་འཛུགས་” ཟེར་བར་དང་བླངས་དཔྱ་དངུལ་མི་ཕུལ་མཁན་རྣམས་ཀྱིས་ཀྱང་གཞོན་ལྷན་ལ་ཕུལ་སྲིད་པར་མ་ཟད། དབུས་གཞོན་ལྷན་ནས་བོད་ཀྱི་རང་དབང་སླར་གསོ་དང་རྒྱལ་ཁབ་སླར་གསོའི་ཁུར་ཆེན་དང་དུ་བླངས་ནས་གྲ་སྒྲིག་གི་རིམ་པ་ཆ་ཚང་མ་ནོར་བ་ཞིག་དང་ཐག་གཅོད་ཀྱི་རིམ་པ་དུས་བསྟུན་གྱིས་མ་འོངས་པར་འཇོག་པའི་ལས་གཞིའི་མགོ་བརྩམ་འོས་པ་ཞིག་ཡིན། དེ་ལ་དགོས་པ་རྒྱུ་མཚན་ཁ་ཤས་ཡོད་པ་གཤམ་གསལ།
༡ ༽བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་འཐབ་ཇུས་བར་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་པར་མ་ཟད། རྒྱ་ནག་གི་སྟོབས་ཤུགས་ཇི་ལྟར་རྒྱས་ན་དེ་ལྟར་བོད་དོན་གྱི་རིན་ཐང་མཐོ་ནས་མཐོ་རུ་འགྲོ་སྲིད་པའི་མདུན་ལྗོངས་ཡངས་པོ་ཡོད། ཡིན་ནའང་། བོད་ཀྱི་ཚབ་མཚོན་ཐུབ་པའི་གཞུང་ཞིག་གི་མིང་གནས་ངེས་པར་དུ་འཛིན་ཐུབ་དགོས་པའང་ཆོས་ཉིད་ལྟ་བུར་བརྗོད་ཆོག
༢ ༽རྒྱ་གར་ནག་བར་གྱི་འབྲེལ་ལམ་དཔལ་འབྱོར་གྱི་མགྱོགས་ཚད་དང་བསྟུན་ནས་སྣ་མང་གི་ཕྱོགས་སུ་འཕེལ་སྲིད་ཀྱང་རྒྱལ་སྲུང་འཐབ་ཇུས་ཐད་ཕན་ཚུན་གཉིས་ཀྱིས་ལྷོད་ཡངས་གཏོང་མི་སྲིད་པས། བོད་ཀྱི་གནད་དོན་ནི་རྒྱ་གར་ལ་མཚོན་ན་རིན་ཆེན་ནོར་བུ་ཞིག་ཡིན་ལ། དེའི་ཚབ་མཚོན་ཐུབ་པའི་བཙན་བྱོལ་བོད་གཞུང་གི་མིང་གནས་ནི་རྒྱ་གར་རྒྱལ་སྲུང་བདེ་འཇགས་ཀྱི་ཁག་ཐེག་གམ་ཁ་གཡར་ས་གཙོ་བོ་ཞིག་ཏུ་ལྟ་ཆོག་གི་ཡོད།
༣༽ བོད་ཀྱི་ཁོར་ཡུག་ནི་ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་འཚོ་སྡོད་དང་ཐད་ཀར་འབྲེལ་ཡོད་པས། རིམ་པས་བཙན་བྱོལ་བོད་གཞུང་གི་མིང་གནས་འདི་བཞིན་གཙིགས་ཆེན་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པའི་ཁར། དེར་བརྟེན་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་ཞིག་སྤྲོད་ཐུབ་ཀྱི་ཡོད་པས་ཡིན།
༤༽ བོད་ཕྱི་ནང་གཉིས་སུ་གཞོན་སྐྱེས་མི་རབས་ཀྱིས་བོད་ཀྱི་གནད་དོན་ཕྲག་སྟེང་དུ་བླངས་དང་ལེན་བཞིན་པའི་དུས་སུ་སླེབས་ཡོད་པས། བཙན་བྱོལ་བོད་གཞུང་ཞེས་པའི་མིང་གནས་འདིར་ཚོན་མདོག་ལྷག་མ་ཞིག་སྣོན་བཞིན་ཡོད་ཅིང་། ཕུགས་བསམ་ནས་དངོས་ཡོད་ཀྱི་ལམ་ཁར་འཇུག་ཐུབ་པར་རེ་བ་ཤིན་ཏུ་ཆེ།
༥༽ རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ལ་བོད(Tibet)ཅེས་མི་འབོད་པར་བོད་མི(Tibetan) ཡང་ན་བོད་ཡུལ (Tibet area) ལྟ་བུར་བརྗོད་ཚེ་ཐད་ཀར་རྩོད་པ་རྒྱག་མཁན་དང་ཧང་སངས་པའི་རྣམ་འགྱུར་སྟོན་མཁན་མང་པོ་འདུག་པས། ཉུང་མཐར་འདི་དག་ཀྱང་བོད་མི་དམངས་ལ་མཚོན་ན་རྒྱབ་བསྐྱོར་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡན་གར་བ་ཞིག་ཀྱང་ཡིན། དེའང་གཞན་མ་ཡིན་པར་ཁྲིམས་ཐོག་ནས་མུ་མཐུད་དུ་རང་ཉིད་ཀྱི་བདེན་པ་དམ་འཛིན་གྱིས་གོ་སྐབས་ནམ་ཡོང་ལ་སྒྲ་སྒྲིག་ཨང་གསར་གྱིས་སྒུག་དགོས་ཀྱི་ཡོད་པ་དེ་སྟོན་བཞིན་ཡོད།
མཐའ་བསྡོམས་དང་རྟིང་བསྐུལ།
བོད་ཀྱི་གཏམ་དཔེར། “བུ་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག”ཅེས་པའི་དཔེ་ལྟར། “བོད་མིའི་སྒྲིག་འཛུགས”ཟེར་བའི་བྱུང་སྟངས་དང་ནུས་པ་ཅི་ཐོན་རྒྱུ་ཡིན་མིན་སྐོར་རོབ་ཙམ་གླེང་ཟིན་པའི་ཁུལ་ཡིན་ལ། ད་ལྟ་བོད་ཕྱི་ནང་གཉིས་དང་རྒྱ་ནག་གསར་ལམ་དུ་ཁྱབ་བརྡལ་མ་སོང་བའི་ཡར་སྔོན“བཙན་བྱོལ་བོད་གཞུང”གི་མིང་གནས་འདིར་བདག་པོ་རྒྱག་མཁན་མ་བྱུང་བའི་ཕྱི་ཉིན། བོད་ཕྱི་ནང་གཉིས་ནས་བདག་པོ་རྒྱག་མཁན་བྱུང་སྲིད་ཀྱི་རེད་ལ། དེ་དུས་བོད་མི་ཚོས་ནང་འཁྲུག་གསར་བ་ཞིག་རྒྱག་དགོས་ཐུག་ཡོད་པར་མ་ཟད། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོ་ནང་བཞིན་གཅིག་འོག་གཅིག་ལ་མི་འདུ་བའི་ཤོག་ཁག་དུ་མར་འགྱུར་སྲིད་པའི་ཁར། གཅིག་གིས་གཅིག་ལ་རྒྱ་ནག་གཞུང་གི་སོ་བ་ཡིན་མིན་གྱི་བསྙོན་འཛུགས་འོག་ཡུན་རིང་ལྷག་མི་སྲིད་པའང་མིན། གཅིག་བྱས་ན་གྲ་སྒྲིག་བློ་མཐུན་ཚོའི་སྐད་མགོ་གཞན་ལས་མཐོ་མི་སྲིད་པའང་མིན། ཡིན་ནའང་། བོད་ཀྱི་གནད་དོན་གྱི་རིན་ཐང་ཡལ་མི་སྲིད་པས། བོད་ལ་དངོས་གནས་ཕན་ཐོགས་མཁན་ནམ། རྒྱ་ནག་དང་འཛམ་གླིང་གི་འགྱུར་བར་བསྟུན་ནས་གྲ་སྒྲིག་ཨང་གསར་བྱེད་ཐུབ་མཁན་གྱི་ཤོག་ཁག་དེར་རང་བཞིན་གྱིས་གུས་བརྩི་དང་རྒྱབ་བསྐྱོར་ཐོབ་ཀྱི་རེད།
ཕྱི་ལོ ༢༠༡༡ལོའི་ཟླ ༥ཚེས ༢༩ཉིན་རྩོམ་མཇུག་བསྡུས།
མཆན། ༡ བཙན་བྱོལ་བོད་གཞུང་། ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༧ ལ་ སྣ་ཚོགས་ཀྱི་གྲས་སུ་བཀོད།
༢ བཀའ་བློན་ཁྲི་པ་ཡང་བསྐྱར་བསྐོ་མིན་མི་མང་གི་ལག་ཏུ་ཡོད། བོད་ཀྱི་དུས་བབ་དྲ་རྒྱ། འདོན་སྤེལ། ༢༠༡༡/༠༥/༢༠
༣ བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུཊ་དགོས་དོན་མེད། བོད་ཀྱི་དུས་བབ་དྲ་རྒྱ། འདོན་སྤེལ། ༢༠༡༡/༠༥/༢༢
༤ http://china.dwnews.com/news/2011-05-19/57730096-6.html
ཉེན་བརྡ་གསལ་བོ་རེད། ཚོད་དཔག་ལ་རིན་ཐང་དང་དོན་དངོས་སུ་གཞོལ་བའི་རྒྱུ་མཚན་མང་གི།
འོན་ཀྱང་། དེ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་། དེ་ལྟར་དུ་འགྲོ་བའི་དབང་དུ་བཏང་ན་བོད་མི་རྣམས་ཀྱི་དུས་རབས་བརྒྱ་ལ་རྒྱར་འཐབ་ཀྱང་།། མཐའ་མ་རྒྱ་ཡི་དབང་དུ་འགྲོ་ཞེས་པའི་རྒྱ་མའི་ཁ་ཕོ་དེ་ལ་ལགས་སོ་མི་ཟེར་རང་ཟེར་རེད།
ཁ་བཤད་ལག་ལེན་ཚིག་ལ་མི་གནས་ན།།
དོན་མེད་སྒྲོ་གཏམ་བཤད་ན་ངོ་ཚའི་གནས།།
རང་གི་གཞུང་ལ་རང་གིས་མ་བཀུར་ན།།
སྡེ་བ་ཡོད་ཚད་རང་གི་དགྲ་རུ་འགྱུར།།
གཞུང་ལུགས་འདྲ་བོ་དང་མི་ཞིག་གིས་ཅིག་བཤད་འདུག་ཉུག་བཤད་འདུག།ཡང་ན་སྔོན་མ་ཞིག་ལ་ཅིག་བཤད་སོང་དེ་དང་མི་འདྲ་བ་འདུག་ཟེར་བ་སོགས་ཚང་མ་བསྡད་ནས་ཡང་ན་ཟ་ཉལ་རྒྱག་བཞིན་དོན་དངོས་མ་མཐོང་བ་འམ་མ་ཤེས་པའི་ཡིག་འབྲི་བ་སྐོར་ཞིག་གི་ལས་ཀ་བྱེད་སྟངས་རེད།གོང་གི་རྩོམ་འདྲ་བོ་དེ་དོན་དངོས་མ་ཤེས་དང་འགན་འཁུར་མེད་པའི་ཁ་རྒྱག་པ་རང་རེད།ད་ལྟ་འགྱུར་བ་གཏོང་བཞིན་པའི་བོད་གཞུང་གི་གནས་སྟངས་དག་མི་གཏོང་རང་གཏོང་ཆགས་ཀྱིན་ཡོད་པ་རེད་མ་གཏོགས་ཚོད་ཚོད་ལ་དགའ་དགའ་སྤྲོ་སྤྲོའི་ངང་བྱེད་བཞིན་པ་མ་རེད།གོང་དུ་བཤད་བའི་རྒྱུ་མཚན་འདྲ་བོ་དག་ཚང་མའི་སེམས་ལ་འཁོར་ཚར་བ་རྐྱང་རེད།བྱས་པ་ཞིག་མ་འགྲིག་པ་རྐྱང་བཤད་བསྡད་པ་ལས་མ་འོངས་པར་འདི་འདྲ་བྱས་ན་ག་འདྲ་འདུག་ཟེར་བའི་རྩོམ་རེ་བྱུང་ན་དགའ་ཨང་།
ཁ་བཤད་ལག་ལེན་མེད་པའི་ཉེར་ལེན་ལས།
དགྲ་དགའ་གཉེན་སྡུག་ངོ་ཚའི་གནས་སུ་གྱུར།
རང་གི་གཞུང་དེ་རང་གིས་བསྣུབས་པ་ན།
སྡེ་བ་དགྲ་རུ་གྱུར་ཀྱང་བྱ་ཐབས་ཅི།
ཚང་མས་བགྲོ་གླེང་ཡག་པོ་ཞིག་གནང་རོགས། གཅིག་བྱས་ན་ཚང་མས་ཧ་གོ་ནས་དོ་སྣང་བྱེད་རིན་མེད་པ་ཞིག་ལ་མཐོང་གི་ཡོད་སྲིད་ཀྱི་རེད་དེ། དཀའ་ངལ་ཆ་ཚང་རྗེས་ན་རུབ་འདུག་པ་སུས་ཀྱང་མཐོང་གི་མེད་པའི་བཟོ་རེད།
དཔེར་ན།
༡ པེ་ཅིན་གྱིས་ད་ལྟ་བར་བཙན་བྱོལ་བ༼རུ་ཚོགས༽ཤིག་ལ་ངོས་འཛིན་དང་ཁྱབ་བསྒྲགས་བྱས་ཡོད་པ་རེད། ད་ལྟ་དེ་ག་ནང་བཞིན་ཡག་བཤད་ལ་སྒྲིག་འཛུགས་དང་བཙོག་བཤད་ལ་རུ་ཚོགས་སུ་གྱུར་བ་རེད། འདས་པའི་ལོ་ངོ ༦༠རིང་བཙན་བྱོལ་བས་རྫུན་ལབ་པ་དང་རྒྱ་ནག་གིས་བདེན་པ་བཤད་ཡོད་པའི་སྒྲུབ་བྱེད་དུ་གྱུར་ཡོད་པ་རེད།
༢ རྒྱ་ནག་གི་རུ་ཚོགས་ཞེས་འབོད་དོན་གྱི་འབྱུང་རྩ་ནི་ཕྱི་ལོ ༡༩༥༩ལོར་བོད་ས་གནས་སྲིད་གཞུང་གི་ཚབ་ཏུ་བོད་རང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བྱེད་དགོས་ཞེས་པའི་གཞུང་འབྲེལ་ཐག་གཅོད་དེར་ཐུག་ཡོད་པ་རེད། ཁྲིམས་ཐོག་ནས་ཕྱོགས་གཅིག་ཁོ་ནའི་བྱ་སྤྱོད་དུ་སོང་ཡོད་ཙང་བཙན་བྱོལ་བར་དེར་ངོས་ལེན་མེད་པ་དང་བཙན་བྱོལ་བོད་གཞུང་གཞན་ལ་ངོས་ལེན་ཡོད་མེད་གང་ལྟར་ཡང་ཁྲིམས་ཐོག་གི་རྩོད་གཞིར་ལྷག་ཡོད་པ་གསལ་བོ་ཡིན། ཡིན་ནའང་། རྩོད་གཞི་དེ་ད་ལྟ་ཡལ་ཟིན་པ་རེད།
གོང་གི་རྒྱུ་རྐྱེན་འདིར་བརྟེན་ནས་དཀའ་ངལ་བཙན་བྱོལ་བ་དཀྱུས་མའི་སྒང་སླེབས་ཀྱི་ཡོད་པ་རེད། མཐོ་རིམ་མི་སྣ་ཚོ་༼རྒྱལ་གཅེས་སྔ་ཕྱི་མེད་ལ། སྔར་བྱས་བདའ་འདེད་མི་བྱེད༽ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་ནའང་། མང་ཚོགས་ལོ་ངོ ༦༠རིང་མེས་རྒྱལ་ལ་ངོ་རྒོལ་དང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གྱོང་གུད་གཏོང་མཁན་གྱི་གཏེ་བོ་ཆགས་ཡོད་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལྟར་ཉེས་ཆད་གཏོང་རྒྱུ་རེད།
ང་རང་ཚོའི་བོད་གཞུང་དེ་གང་ཕྱིན་པ་རེད། གང་ཕྱིར་བོད་གཞུང་མེད་པ་ཟོས་པ་ཡིན། རང་གི་རང་མེད་པ་ཟོས་མཁན་དེ་འཛམ་གླིང་ནང་བོད་གཞུང་མ་གཏོགས་ལུང་པ་གཞན་ཨེ་ཡོད་དམ། བོད་གཞུང་དེ་སྒྲིག་འཛུགས་སུ་སྒྱུར་བ་དེ་ནི་བཞད་གད་ཀྱི་གནས་སུ་འགྱུར་པ་ཡིན་ ཧ་ཧ་ཧ་ཧ་ཧ་ སྒྲིག་འཛུགས་ཀྱི་ཚིག་དེ་ནི་ཚོགས་པ་ཆུང་ཆུང་བྱེད་བྲག་པ་ཞིག་གི་མིང་ཡིན། བོད་གཞུང་གི་ལས་སྣེ་རྣམ་པའི་ཤེས་བྱའི་གནས་ཚད་དེ་ལས་མེད་དམ། གལ་ཏེ་བོད་གཞུང་གི་མིང་དེ་སྒྲིག་འཛུགས་སུ་བཞག་པ་ཡིན་ན་རྩ་བ་འགྲིག་ཐབས་ཤེས་མེད། བོད་མི་ཚང་མས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའི་ཐ་སྙད་དེ་ལ་ཐ་ཅིག་ཏུ་འོ་རྒོལ་བྱེད་ཀྱི་ཡོད། ཐུགས་རྗེ་གཟིགས་ཤིག་གང་ལྟར་བོད་གཞུང་ཞེས་པའི་ཐ་སྙད་དེ་ངེས་པར་དུ་དགོས་ཀྱི་ཡོད།། ཐུགས་རྗེ་ཆེ། བོད་རྒྱལ་ལོ། །
ྃ༅། ང་རང་ཚོའི་བོད་གཞུང་དེ་གང་ཕྱིན་པ་རེད། གང་ཕྱིར་བོད་གཞུང་མེད་པ་ཟོས་པ་ཡིན། རང་གི་རང་མེད་པ་ཟོས་མཁན་དེ་འཛམ་གླིང་ནང་བོད་གཞུང་མ་གཏོགས་ལུང་པ་གཞན་ཨེ་ཡོད་དམ། བོད་གཞུང་དེ་སྒྲིག་འཛུགས་སུ་སྒྱུར་བ་དེ་ནི་བཞད་གད་ཀྱི་གནས་སུ་འགྱུར་པ་ཡིན་ ཧ་ཧ་ཧ་ཧ་ཧ་ སྒྲིག་འཛུགས་ཀྱི་ཚིག་དེ་ནི་ཚོགས་པ་ཆུང་ཆུང་བྱེད་བྲག་པ་ཞིག་གི་མིང་ཡིན། བོད་གཞུང་གི་ལས་སྣེ་རྣམ་པའི་ཤེས་བྱའི་གནས་ཚད་དེ་ལས་མེད་དམ། གལ་ཏེ་བོད་གཞུང་གི་མིང་དེ་སྒྲིག་འཛུགས་སུ་བཞག་པ་ཡིན་ན་རྩ་བ་ནས་འགྲིག་ཐབས་མེད། བོད་མི་ཚང་མས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའི་ཐ་སྙད་དེ་ལ་ཐ་ཅིག་ཏུ་འོ་རྒོལ་བྱེད་ཀྱི་ཡོད། ཐུགས་རྗེ་གཟིགས་ཤིག་གང་ལྟར་བོད་གཞུང་ཞེས་པའི་ཐ་སྙད་དེ་ངེས་པར་དུ་དགོས་ཀྱི་ཡོད།། ཐུགས་རྗེ་ཆེ། བོད་རྒྱལ་ལོ། །
དྲ་གྲོགས་ཚོ་ཁྱོད་ཚོར་ཕྱི་རྒྱལ་ན་དཀའ་ངལ་མེད་ཀྱང།་་་ང་ཚོར་རྒྱ་གར་ནང་ཡོད་ཙང་གནས་ཚང་གཞུང་ལ་མི་བསྟུན་རང་བསྟུན་རེད།་་་་་ཁྱེད་ཚོ་དངོས་གནས་ཨ་མའི་བུ་ཡིན་ན།་་་་བོད་གཞུང་གི་སྒྲིག་འདི་མི་རྒྱུ་གཉིས་ཐད་ནས་སྐྱོབ་ཏུ་ཤོག་དང་དགའ་བསུ་ཡོད།་་་་ཡུས་བཤད་ས་དེ་རྒྱལ་བ་རིན་པོ་ཆེ་དང་བོད་ཀྱི་བོད་གཞུང་མ་རེད་རྒྱ་གར་གཞུང་རེད།་
མི་ཁག་ཅིག་འཇིག་རྟེན་དུ་སྐྱེས་པ་ནས་མི་ལ་སྐྱོན་འཛུགས་རྒྱུར་གོམས་བསྡད་མཁན་པོ་འདུག་གཱ་་་གནམ་སྟག་གཉིས་ཀ་ད་རྙོག་དྲ་མ་བཟོས་རོགས།་་་ལྷག་དོན་སྐྱབས་མགོན་རིན་པོ་ཆེའི་ཐུགས་མ་དཀྲུགས་རོགས།་་་་་ཁྱེད་རང་གཉིས་ས་ཆ་དེར་འདུག་ཐུབ་དོན་ཡང།་་་གོང་ས་མཆོག་གི་སྐུ་དྲིན་པ་མ་བརྗེད་པ་གྱིས།་་་་་ཁ་ཆེན་པ་མ་གདེངས་མ་གཏོགས་ནང་ཁྲོལ་མིས་མཐོང་ཡོང།་་ཚེ་རིང་གཉིས་ཀ
ད་ནི་བོད་དོན་ལ་འཐམ་རྩོད་བྱེད་རྒྱུའི་ཆོད་སེམས་ཕྱི་བསྡུ་གནང་རྒྱུ་ཡིན་ལ་མ་འོངས་བ་རྒྱ་དང་ལག་བྲེལ་གྱིས་རང་གི་ཁྱིམ་གཞི་སྐྱོང་ཐབས་བྱེད་རྒྱུ་ཡིན། མགོ་འཛིན་དགོས་རྣམས་ཀྱིས་འདི་ལྟར་བོད་གཞུང་བཅོས་སྒྱུར་གནང་བ་ནི་དངོས་གནས་ངུ་དགོད་ཀྱི་གནས་ཤིག་རེད། བོད་གཞུང་ཟེར་དཀའ་ངལ་འདུག དཀའ་ངལ་མེད་ལས་དོན་ཞིག་འཇིག་རྟེན་གང་དུ་ཡོད།
བླ་དཔོན་འདི་ཚོས་སྤྱོད་བཏང་འདི་འདྲ་རེད། དེ་ནི་རྒྱ་ནག་གི་ཆུ་ངོགས་གཏམ་རྒྱུད་ཀྱི་གནས་སྟངས་དངོས་རེད། རྒྱ་གར་གྱི་དབྱུག་པ་རྩེད་མཁན་སྐད་གྲགས་ཅན་ཟ་ཅན་མི་མཁན་འདི་ཚོ་ངན་སྐྱོན་ཞིག་འདུག ད་ནས་བོད་ཀྱི་མིང་དོན་གཉིས་ཀ་རྒྱ་ནག་གི་ཚོད་དཔགས་བྱེད་པ་བཞིན་འཇུག་སྒྲིལ་བ་རེད། དུས་ཙམ་ཡང་བོད་གཞུང་ཞེས་ཐ་སྙད་ཙམ་ཡང་སླར་གསོ་བྱེད་ཐུབ་ན་ངའི་མིག་འབྲས་གཉིས་ཐང་ལ་གཡུག་དང་ཆོག
ད་ནི་བོད་དོན་ལ་འཐམ་རྩོད་བྱེད་རྒྱུའི་ཆོད་སེམས་ཕྱི་བསྡུ་བྱ་རྒྱུ་ཡིན་ལ་མ་འོངས་བ་རྒྱ་དང་ལག་བྲེལ་གྱིས་རང་གི་ཁྱིམ་གཞི་སྐྱོང་ཐབས་བྱས་ན་བཟང་། མགོ་འཛིན་དགོས་རྣམས་ཀྱིས་འདི་ལྟར་བོད་གཞུང་བཅོས་སྒྱུར་གནང་བ་ནི་དངོས་གནས་ངུ་དགོད་ཀྱི་གནས་ཤིག་རེད། བོད་གཞུང་ཟེར་བ་དཀའ་ངལ་འདུག དཀའ་ངལ་མེད་པའི་ལས་དོན་ཞིག་འཇིག་རྟེན་གང་དུ་འདུག
བླ་དཔོན་འདི་ཚོས་སྤྱོད་བཏང་འདི་འདྲ་རེད། དེ་ནི་རྒྱ་ནག་གི་ཆུ་ངོགས་གཏམ་རྒྱུད་ཀྱི་གནས་སྟངས་དངོས་རེད། རྒྱ་གར་གྱི་དབྱུག་པ་རྩེད་མཁན་སྐད་གྲགས་ཅན་ཟ་ཅིན་མི་ཤེས་མཁན་འདི་ཚོ་ངན་སྐྱོན་ཞིག་འདུག ད་ནས་བོད་ཀྱི་མིང་དོན་གཉིས་ཀ་རྒྱ་ནག་གི་ཚོད་དཔགས་བྱེད་པ་བཞིན་འཇུག་སྒྲིལ་བ་རེད། དུས་ཙམ་ཡང་བོད་གཞུང་ཞེས་བའི་ཐ་སྙད་ཙམ་ཡང་སླར་གསོ་བྱེད་ཐུབ་ན་ངའི་མིག་འབྲས་གཉིས་ཐང་ལ་གཡུག་དང་ཆོག
ལྷ་སྡེ་གནམ་ལོ་ཡག ཁྱོད་ཀྱིས་གཏམ་འཆར་མ་བཤད་ན་དགའ། ད་ལྟའི་དུས་སྐབས་འདིར་བོད་ཕྱི་ནང་གཉིས་ལྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་རེད། ཁྱོད་ཚོ་ཁག་ཅིག་གིས་དུས་རྒྱུན་དུ་རང་གཞུང་གི་མཛད་གཙོ་རྣམ་པར་ཁ་བཏང་ནས་གང་བྱེད། གཙོ་བོ་སོ་སོའི་ངོས་ནས་བོད་སྤྱི་ལ་ཕན་པའི་ལས་ཀ་བྱས་ནས་ཚང་མ་མཉམ་རུབ་བྱེད་རྒྱུ་གལ་ཆེ། བཅའ་ཁྲིམས་གཏན་ལ་ཕབ་ཚར་པ་རེད། ད་དེ་འདྲ་བཤད་བསྡད་ན་ཅི་ཕན། མང་ཚོགས་རྣམས་གཞུང་ལ་ཡིད་ཆེས་མེད་པ་བཟོ་མཁན་འདྲ་བོ་ཞིག་རེད་འདུག ལྷག་པར་དུ་བོད་ནང་ལ་དེ་འདྲའི་གཏམ་འཆར་མ་བཤད་ན་ཧ་ཅང་ལེགས། བོད་ནང་གི་བོད་པ་ཚོས་རེ་བ་རྒྱག་ས་དང་ཡིད་ཆེ་བྱེད་ས་ནི་༧གོང་ས་མཆོག་དང་ཁོང་གིས་བཙུགས་པའི་གཞུང་འདི་རེད། གནས་སྟངས་མང་པོར་བསམ་བློ་བཏང་ནས་སྐད་ཆ་བཤད་ན་ཤིན་ཏུ་ལེགས།
སྐྱོན་བརྗོད་བསྡད་པ་ལས་གཞུང་གི་སྲི་ཞུ་སྒྲུབ་ན་དགེ་མི་ཆེའམ། ཁྱེད་ཚོ་ཁག་ཅིག་ཆུ་བརྒྱ་ཟམ་འོག་ཏུ་མི་འདུ་བར་རང་གཞུང་གིས་མ་ཡོང་བ་རྐྱང་པ་བརྗོད་ནས་ཅི་ཕན།
ལྷ་སྡེ་གནམ་ལོ་ཡག་དང་འབྲོག་མྱི་སྟག་རྒྱལ་གཉིས་ཀྱིས་བསམ་གཞིག་ཐ་ཐུན་བྱེད་ཁུལ་བྱས་ཀྱང་དོན་གྱིས་སྐྱོན་བརྗོད་ཁོ་ན་ལས་མ་འདས་པས་རྒྱབ་སྐྱོར་མེད། ངོས་ལེན་ཡང་མེད། ཁྱོད་ཚོ་ནི་ངས་ཧ་གོ ད་མང་པོ་མ་བཤད་ན་ལེགས། མཐོ་ཆེ་ན་ཨ་ཁུ་ལ་ཕོགས་རྒྱུ་རེད། དམའ་ཆེ་ན་ཨ་ཁུའི་རྟ་ལ་ཕོགས་རྒྱུ་རེད།ང་ཚོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཁུངས་སུ་བསྡད་ནས་བོད་དོན་འཐབ་བརྩོད་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱའི་འབད་བརྩོན་བྱེད་རྒྱུ་ཡིན།
གཡང་འབུམ་དང་ཀླུ་རྒྱལ་གཉིས་ལགས།
ཐོག་མར་ཆུ་ངོགས་གཏམ་རྒྱུད་བོད་འགྱུར་མ་ཀློག་རོགས། དེ་ནས་ག་ལེར་ཁ་བརྡ་བྱེད་ཆོག
གཞན་ངེད་གཉིས་ཀྱིས་བོད་ནང་ལ་བཤད་དགོས་ནི་མ་རེད། གསར་ལམ་ཁག་དང་སྒོས་སུ་སྤྱི་འཐུས་དྲ་ཚིགས་སོགས་སུ་གསལ་བོ་གསལ་རྐྱང་རེད། འདི་གཅིག་ཡིན།
ངེད་གཉིས་ལ་མཚོན་ན། བོད་ཀྱི་གནད་དོན་སེལ་ཐབས་ཤིག་ཨེ་བརྙེད་ལ་དཀའ་ལས་རྒྱག་མཁན་གྱི་གྲས་ཡིན་ལ། ཉུང་མཐར་རྒྱ་གཞུང་གི་གཡོ་སྒྱུའི་འོག་ཚུད་དུ་འཇུག་མི་རུང་བསམ་བཞིན་ཡོད། དེར་བསྟུན་གྱི་དབྱེ་ཞིབ་དང་རྩོམ་ཡིག་རེ་འགའང་ལྷན་རྒྱས་ཀྱི་སྤྱན་སྔར་དུས་ལྟར་བཀྲམས་ཟིན་པ་ལྟར་ཡིན། ཡིན་ནའང་། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་རྗེས་སུ་སོང་འདུག ད་ནང་བཀྲ་མ་ཤིས་ན་ཕྱི་དོན་འགྲུབ་སྲིད་ཀྱི་མ་རེད།
ལྷ་སྡེ་གནམ་ལོ་ཡག སེམས་ཤུགས་མ་ཆག་པར་མུ་མཐུད་དུ་དཔྱད་གཏམ་སྤེལ་དང་། ནམ་རེ་ལངས་ན་བློ་རེ་ཡོད་སྲིད།
གནམ་ལོ་ཡག་དང་འབྲོག་མྱི་གཉིས་ལགས།
གནས་སྟངས་ཤིག་གི་རྒྱབ་མདུན་མཐོང་ཡོད་མདོག་མདོག་བཤད་ཁུལ་བྱས་ནས་ཅི་ཕན། དོན་ངོ་མར་གནས་སྟངས་ཀྱི་རྒྱབ་མདུན་མ་མཐོང་ནས། འགན་ཁུར་གྱི་བསམ་བློ་རིང་དུ་དོར་ནས། ཁ་ནས་གང་ཐོན་ཅིག་བཤད་འདུག རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་ཁྱེད་རང་ཚོས་འཇོན་མི་ཡོང་། སྤྱི་ཚོགས་ཟང་ཟིང་བཟོ་རྒྱུའི་ཆེད་ཡིན་ན་མི་ཤེས། ཉིས་སྟོང་བརྒྱད་ལོར་བསམ་འཆར་ཡིག་ཆ་སྤྲད་པ་རེད། དེ་དུས་གླེང་རྒྱུ་ལབ་རྒྱུའི་ལྕེ་དེ་ག་རེ་བྱས་པ་རེད། འགྱུར་བ་ཞིག་གི་ཕྱི་ནང་དང་སྔ་རྗེས་ནི་བསམ་ཚུལ་དང་ལྟ་ཚུལ་ཙམ་གྱིས་འགྲེལ་བཤད་ཡོང་གི་མ་རེད།
ཁ་ཡར་གྲག་ལ་ཆུ་ངོགས་གཏམ་རྒྱུད། ཁ་མར་གྲག་ལ་ཆུ་ངོགས་གཏམ་རྒྱུད་གླེང་མ་ཡོང་། ཆུ་ངོགས་གཏམ་རྒྱུད་དང་ད་ལྟའི་བོད་ཀྱི་གནས་བབ་གཉིས་མཚུངས་བསྡུར་བྱ་སྟངས་འདི། ཁྱེད་རང་གཉིས་ལ་སུས་བསླབ་པ་རེད། དང་པོ་དེར་ཞིབ་མོའི་བློས་དཔྱད་པ་ཐོངས། དེ་ནས་ཡུན་གྱིས་གླེང་རེས་བྱེད། གནས་སྟངས་ཤིག་གི་ཕྱི་ནང་གཉིས་ཀ་བསྔོགས་ནས་གླེང་རེས་བྱས་ཆོག
ཤེས་ཀྱི་ཡོད་ན། འགྱུར་བ་ཞེས་པའི་ཐ་སྙད་དང་། གོ་རིམ་དེ་ཚོ་གླེང་ན་ལེགས། ལྟ་ཚུལ་སྤེལ་སྟངས་འདི་ནི་རྡོ་རྗེ་རྐེད་བཟུང་གི་རིག་པ་འདྲ་ཞིག་རེད།
ཁ་ནས་བཤད་ཚད་ལག་ལེན་འཁྱོལ་བར་དཀའ།
དོན་མེད་སྒྲོ་གཏམ་ཟེར་བའང་སྒྲོ་བཏགས་རེད།
རང་གི་གཞུང་ནས་རང་གིས་བརྐུ་དྲགས་ན།
སྡེ་པ་ཡོད་ཚད་དགྲ་རུ་སྡང་ངེས་ཡིན།
དཀོན་མཆོག་ཆོས་འཕེལ་ལགས། བགྲོ་གླེང་དུ་ཕེབས་པར་དགའ་ཡོད།
འཐབ་ཕྱོགས་གཅིག་གྱུར་ཁང་ལ་སྤྲད་ཟིན་པའི་ཡིག་ཆ་དེ་གཉིས་སྐབས་དེར་གྲོས་ཚོགས་ནས་ཀྱང་གསལ་བོ་ཞིག་ཧ་གོ་མེད་དུས། མང་ཚོགས་དཀྱུས་མ་ཞིག་གིས་ཇི་ལྟར་ཧ་གོ་ཐུབ་རྒྱུ་རེད་དམ།
དེ་མིན་འགྱུར་བ་ཁས་མི་ལེན་མཁན་ཞིག་ཡོད་ཀྱི་མ་རེད། སླ་བོར་བཤད་ན་མི་ཞིག་གིས་ངེས་པར་དུ་་སྐྱེ་རྒ་ན་འཆིའི་གོ་རིམ་བརྒྱུད་དགོས་ཀྱི་ཡོད་པ་ལྟར་རེད། འོན་ཀྱང་། བོད་ཀྱི་གནད་དོན་ལ་མཚོན་ན། ལོ་ངོ་བརྒྱ་ཕྲག་ནས་སྟོང་ཕྲག་རིང་ཡུན་བསྲིངས་མི་སྲིད་པའང་མིན་པས། དེང་སྐབས་ཀྱི་རྒྱལ་སྤྱིའི་རྩེད་མོ་མཐའ་དག་ཁྲིམས་ཀྱི་སྟེང་ལ་བབས་ཡོད་པས། ཉུང་མཐར་ཁྲིམས་ཐོག་ནས་བརྡབ་གསིག་མ་ཉོས་པ་ཞིག་ལ་བརྩོན་གལ་ཆེ་ཚུལ་ཙམ་ཞུས་པ་ཡིན།
ཁྱོད་ཀྱིས་བཤད་པ་ལྟར་གོ་རིམ་ཞིག་གླེང་དགོས་ཀྱི་ཡོད་ན། འདི་ལྟར་རེད། པེ་ཅིན་སྲིད་གཞུང་གི་དམིགས་ཡུལ་བོད་ཁྱུར་མུད་དུ་གཏོང་རྒྱུ་དང་མགོ་བསྐོར་བཏང་ནས་དེང་ཕྱིན་ཁྲིམས་ཐོག་ནས་འགུལ་འཕག་བྱེད་མི་ཐུབ་པ་ཞིག་བཟོ་རྩིས་ཡིན་པས། ད་ལྟ་སྒྲིག་འཛུགས་སུ་བསྒྱུར་ཟིན་ཡང་ད་དུང་གྲོས་ཚོགས། ཁྲིམས་ཁང་། འོས་བསྡུ་ལས་ཁུངས་དང་ལྷན་ཁང་ཁག་གི་མིང་བསྒྱུར་མི་འདུག་པས། དེའང་རྣམ་པ་འགྱུར་བའི་གཡོ་ཐབས་རེད་ཅེས་དགག་པ་རྒྱག་ངེས་པར་མ་ཟད། དེ་དག་ཀྱང་རིམ་པས་མེད་པ་བཟོ་དགོས་ཀྱི་རེད། ངས་གོང་དུ་བཤད་ཟིན་པ་ལྟར་ཡིན། ལོ་ངོ ༦༠རིང་གང་ཐུབ་ཅི་ཐུབ་ཀྱིས་ཏཱ་ལའི་རུ་ཚོགས་ལ་བསྒྲུབས་ཅི་ཐུབ་བྱས་ཡོད་པས། དེ་ལའང་ངོས་ལེན་ཤོར་ཡོད་པས། ལོ་ངོ ༦༠རིང་རྫུན་ལབ་པར་ངོས་འཛིན་གྱིས་ཁྱབ་བསྒྲགས་བྱེད་ཀྱི་ཡིན་པར་མ་ཟད། རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཕྱི་ཉིན་ནས་ཏཱ་ལའི་བླ་མས་རང་སྐྱོན་ངོས་ལེན་གནང་ཡོད་ཚུལ་གྱི་གླེང་ཕྱོགས་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་ངེས་ཡིན། དེ་ལས་ཀྱང་ཡ་ང་བ་ནི་རྒྱལ་སྤྱིའི་སྒང་ནས་བོད་ལ་རོགས་པ་བྱེད་པའི་ལམ་ཁ་འགག་ཚར་ཡོད། རྒྱུ་མཚན་ནི་པེ་ཅིན་ནས་ཏཱ་ལའི་བླ་མས་བོད་དོན་ཀྲུང་གོའི་ནང་སྲིད་ལ་ངོས་ལེན་གནང་ཡོད་པས། ཁྱོད་ཚོར་ཇུས་གཏོགས་མེད་ཅེས་བཤད་ཀྱི་རེད། ད་རེས་དེ་ཙམ་བྱ།
སྐྱབས་གནས་བླ་མ་མ་བརྗོད་ཕེབས་སོང་ཐལ།།
དོན་དངོས་བདེན་པ་བརྗོད་པ་མ་སྡུག་རོགས།།
བོད་པའི་གཞུང་དེ་ད་ལྟ་མེད་སོང་སྐད།།
བཙན་བྱོལ་སྒྲིག་འཛིགས་ཟེར་པའི་ཚོགས་པ་དེ།།
ཆུ་ངོགས་གཏམ་རྒྱུས་ངོས་ལ་ཐུབ་སོང་ཐལ།།
གནའ་སྦེ་སྟག་ལྷ་གཉིས་ཀྱི་བཤད་སོང་ཐལ།།
གླེན་པ་སྐོར་ཞིག་ངར་ངར་མཆོང་འོང་ཀྱང་།།
དོན་དངོས་ལོ་རྒྱུས་ནག་སུབ་བྱེད་མཁན་དེ།།
ཁོ་གཉིས་མ་རེད་ཟམ་གདོང་བླ་རྒན་རེད།།
བཀའ་ལ་རྒྱབ་འགན་བྱེད་མཁན་ཨ་མདོ་ཟེར།།
བཀའ་དང་དགོངས་པ་མཁྱེན་མཁན་ཟམ་གདོང་བརྗོད།།
དོན་དངོས་གོ་ཟློག་བྱེད་པའི་འཇིག་རྟེན་འདི།།
མཐོང་བཞིན་མཐོང་བཞིན་སྐྱོ་བའི་སྣང་ཚུལ་རེད།།
ཀུན་པོའི་སྡུག་དམོད་བྱེད་དུས་ཤོད་ནི་རེད།།
ཀུན་པོ་དགའ་གི་མེད་ན་གནད་ལ་ཕོག །
རང་གི་གཞུང་དེ་མེད་བཟོ་ཚར་དུས།།
ད་མང་པོ་བཤད་ན་དགོས་པ་མི་འདུག་ཚང་མས་སྤྱི་དོན་དུ་བཞག་ནས་བགྲོ་གླེང་བྱེད་པ་ལས་སྒེར་དོན་དང་འཁོན་སེམས་སུ་མི་ཁྱེར་རོགས། གང་ལྟར་བཙན་བྱོལ་བོད་གཞུང་གི་མིང་དེ་བདག་པོ་རྒྱག་ཐུབ་མིན་དེ་བོད་རྒྱ་ཆེའི་མི་མང་ལ་ཡོད་པ་ལས་མི་སྒེར་གཅིག་གཉིས་ཙམ་གྱིས་བསྒྱུར་ཆོག་ཆོག་ཞིག་མིན། ད་ལྟའི་བར་དུ་འཛམ་གླིང་གི་རྒྱབ་ཁབ་སུ་ཡིན་ཡང་མི་མང་གིས་སྟོབས་ཤུགས་ལས་མ་གྲུབ་པའི་གཞུང་ཞིག་ཡོད་མི་སྲིད།གལ་ཏེ་དེ་འདྲ་ཞིག་ཡོད་སྲིད་ན་དེ་ནི་རྒྱུན་གནས་མི་ཐུབ་པའི་སྔར་བལྟས་ཡིན་པས་ང་ཚོའི་རང་ཉིད་ཀྱི་གཞུང་འདི་རྒྱུན་གནས་ཐུབ་པའི་ཁ་ཕྱོགས་སུ་དཔྱད་གླེང་དང་རྩོད་པ་གནས་རྒྱུ་གལ་ཆེན་རེད།དེ་མིན་ནང་འཛིང་དང་ནང་འགལ་གྱི་གཏམ་གླེང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
རྣམ་པ་གཉིས་ཀའི་བསམ་ཚུལ་དེར་རྒྱབ་སྐྱོར་ཡོད། ང་ཚོས་ནམ་ཡང་རང་སྐྱོན་མཐོང་མི་ཐུབ་པ་ནི་འཚང་ཆེ་ཤོས་ཤིག་རེད། དེ་མིན་འདི་ལྟར་དང་པོ་རང་སྐྱོན་ངོས་ཟིན་གྱིས་ལས་དོན་ལ་འབད་ན་ཡར་རྒྱས་ཡོང་སྲིད།
སྤྱི་བཏང་སྐུ་ཚབ་ཚོ་རྒྱ་ནག་ལ་སོང་ནས་ཚུར་སླེབསཐེངས་རེར། རྒྱལ་བ་རིན་པོ་ཆེས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལ་ནང་འགྱུར་བ་ཆེན་པོ་རེ་གཏོང་བ་ལམ་སྲོལ་ལྟ་བུ་ཆགས་ཡོད། དེའི་ཕྱིར་སྐུ་ཚབ་ཚོས་ཤུགས་རྐྱེན་མི་ཆུང་བ་འཇོག་གི་ཡོད་པ་གསལ་བོ་རེད། ང་ཚོས་དོན་དངོས་ཐོག་སྐུ་ཚབ་གཉིས་གཙོས་འབྲེལ་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་གནས་ཚུལ་ག་རེ་ཞུ་གི་ཡོད་མེད་ཤེས་རྒྱུ་གལ་ཆེན་པོ་རེད། འགྱུར་བ་ཚང་སྐུ་མ་ཚབ་གཉིས་ངག་སྒོ་དང་འབྲེལ་བ་བརྒྱ་ཆ་བརྒྱ་ཆ་ཐམ་པ་ཡོད་བཤད་ཐུབ། སྐུ་ཚབ་ཚོས་༧རྒྱལ་བ་རིན་པོ་ཆེ་ལྐོག་ཚོང་བྱེད་ཀྱི་མེད་པ་ཏན་ཏན་བཟོ་དགོས་པ་ཞིག་ཆགས་འདུག འགྱུར་བ་གཏོང་བར་ཤུགས་རྐྱེན་ཆེན་པོ་གཉིས་བེད་སྤྱོད་གཏོང་གི་ཡོད་པ་རེད། དང་པོ་ང་ཚོས་ཕྱོགས་ནས་བསྟུན་མཁས་བྱས་ན་རེ་བ་ཡོད་པའི་བཟོ་འདྲ་བོ་བཤད་ཡོད་སྲིད། གཉིས་པ་འཇིགས་བསྐུལ་གྱི་ལན་ཁྱེར་ནས་ཡོང་ཡོད་ཚོད་རེད། མདོ་དོན་སྐུ་ཚབ་ཚོས་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་འཇིགས་བསྐུལ་དང་རེ་བ་ཆེན་པོ་གཉིས་ཀྱི་བར་བཙུར་ནས་འགྱུར་བ་གཏོང་འཇུག་གི་ཡོད་པ་རེད། འཇིགས་བསྐུལ་དང་རེ་བ་དེ་གཉིས་གང་ཡིན་དང་དངོས་འབྲེལ་ཡིན་མིན་བརྟག་རྒྱུ་གལ་ཆེན་པོ་རེད།
རྩོམ་འདི་དགོངས་གཞི་དང་མི་མཐུན་གི དེ་བས་གནས་ལུགས་ཡོད་སྲིད་ཀྱང་། ང་ལ་དགོས་པ་ནི་དད་པ་ཡིན། ཁྱོད་ཚོ་འདྲ་བོས་བཤད་པའི་གནས་ལུགས་དེ་འདྲར་མི་ཉན་ཁོ་དག་ཡིན
མི་མང་པོ་ཕེབས་ནས་བགྲོ་གླེང་གནང་འདུག་པས། ཚང་མས་དོ་སྣང་བྱེད་ཀྱི་ཡོད་པར་དགའ་འོས་པ་ཞིག་རེད། ཡང་སྒོས་སྟག་སྨྱོན་ལགས་ཀྱིས་གནད་འགག་ཅན་གྱི་ལྟ་ཚུལ་ཁ་ཤས་བཏོན་འདུག དེ་ནི་ཤེས་ཡོན་པ་ཞིག་གི་འོས་འགན་རེད་ལ་རྣམ་དཔྱོད་ཀྱང་རེད།
སྐུ་ཞབས་གནམ་ལོ་ལགས། ད་རྙོག་གཏམ་མ་བཤད་པར་བོད་མི་རིགས་ལ་མདུན་ལམ་གསར་པ་ཞིག་འཚོལ་རོགས་གནང་ན་ཡག་པོ་འདུག ང་ཚོས་རེ་ལྟོས་བྱེད་ས་དེ་རེ་བ་ཆེན་པོ་མི་འདུག
དམག་ལོག་ལགས། མདུན་ལམ་ཞེས་པ་འདི་རྒྱུ་རྐྱེན་གཉིས་ལ་ཐུག་ཡོད་པ་ཞིག་ཡིན་ཞིང་། རྒྱུས་འབྲས་བུ་ཅི་ཞིག་འབྱུང་རྒྱུ་ཡིན་པ་ཐག་གཅོད་གནང་བཞིན་ཡོད། དེ་བས། བོད་ཀྱི་གནད་དོན་ལྟར་ན་རྒྱུ་ནི་ལོ་རྒྱུས་ཀྱི་བདེན་པ་དང་འབྲས་བུ་ཚེ་སྲོག་ལོངས་སྤྱོད་ཀྱི་བློས་བཏང་ཚུད་པའི་ཞུམ་མེད་ཀྱི་མདུན་བསྐྱོད་ཡིན་ལ། འབྲས་བུ་ནི་ཀུན་པོ་རེ་ཞིང་འཁྲེང་བའི་བདེན་མཐའ་གསལ་རྒྱུ་ལས་མ་འདས། ཡིན་ནའང་། རྒྱུ་དོར་ནས་འབྲས་བུར་རེ་བ་ནི་བསམ་བློ་ཁུར་སྟངས་ཙམ་ལ་ངོས་འཛིན་ཆོག་པ་ལས་དོན་གྱིས་སྟོང་བ་ཡིན་པ་ཤེས་དགོས། དེ་བས། ང་ཚོས་ཐབས་ཤེས་ཅི་ཞིག་འཐེན་འོས་སམ།
༡ ལོ་རྒྱུས་ཀྱི་བདེན་པ་དར་ཆ་ཕྱར་ནས་འགྲེངས་ཐུབ་མཁན་ཡོད་དམ་མེད།
༢ གཞུང་ཞེས་པའི་མིང་ཚིག་འདིར་བདག་པོ་རྒྱག་ཐུབ་མཁན་ཡོད་དམ་མེད།
༣ གཞུང་དོར་དོན་མཐའ་དག་ལ་ཞིབ་འཇུག་གིས་དོན་དངོས་ཕྱི་ལ་བཀྲམས་ཐུབ་མཁན་ཡོད་དམ་མེད།
༤ བོད་དོན་རྒྱབ་བསྐྱོར་བ་མཐའ་དག་ལ་དངོས་དོན་ངོ་སྤྲོད་ཀྱིས་བོད་ནང་གི་དཀའ་ངལ་ཁོ་ན་དང་ལེན་བྱེད་ཐུབ་མཁན་ཡོད་དམ་མེད།
འདི་དག་ཉུང་མཐའི་སྔོན་འགྲོ་རེད། དེ་ནས་ག་ལེར་བཤད་ཆོག
ཏཱ་ལའི་བླ་མས་དེ་སྔོན་རང་གི་མཁས་ལེན་བཞིན་སྐུ་ཚེ་མ་རྫོགས་གོང་བོད་ལ་ཕྱི་ལོག་རྒྱུའི་ཐུགས་འདོད་བྱེད་པ་དེ་དོན་འགྱུར་ཡོང་ཆེད་རྒྱ་ནག་དང་སྟབས་མཁས་སྣ་ཚོགས་ཤིག་བྱེད་བཞིན་ཡོད་ནའང་། རྒྱ་ནག་གིས་དེ་ལྟར་མཁས་ལེན་བྱེད་རྒྱུ་ཁག་པོ་རེད། རྒྱུ་མཚན་ནི་ཏཱ་ལའི་བླ་མས་དགོས་འདོད་ཀྱི་ཡང་སྙིང་ནི་བོད་ལ་ལོག་རྒྱུ་ཡིན་ཞིང་རྒྱ་ནག་གིས་གོ་སྐབས་དེ་གང་ཐུབ་ཀྱིས་བླང་ནས་བོད་དབང་སྒྱུར་ཆེད་ཏཱ་ལའི་བླ་མ་བེད་སྤྱོད་བྱེད་ངེས་རེད།
བོད་གཞུང་གི་གྲོས་ཚོགས་ལ་དམིགས་བསལ་གྱིས་གྲོས་སྡུར་བྱེད་རྒྱུའི་གནད་དོན་མེད་དེ་ཏཱ་ལའི་བླ་མས་དགོངས་འཆར་ཞིག་ཕབབ་ན་གནད་དོན་ཐམས་ཐག་ཆོད་པ་ཡིན།
གནམ་ལོ་ཡག
ཁྱེད་ཀྱི་སྐད་ཆ་ཚིག་རེ་བཞིན་དགག་དགོས་ཡོད་པར་མ་མཐོང་།
ཁྱོད་ཀྱིས་ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་ལབ་པ་དེ་བསམ་བློ་གང་ལ་འཁོར། དེ་ཁྱོད་གཉིས་ཀྱི་ལྟ་སྟངས་ཤིག་ཡིན་སྲིད་ཀྱང་། དོན་གྱིས་ང་ཚོ་བཙན་བྱོལ་བོད་མའི་སྒྲིག་སྒྲིག་འཛུགས་འདི་མེད་པ་ནས་ཡོད་པ། ཡོད་པ་ནས་རང་དབང་དང་མང་གཙོའི་སྒྲིག་འཛུགས་ཅན་དུ་གྱུར་ཡོད་པ་འདི་༧གོང་ས་མཆོག་གི་དབུ་ཁྲིད་ཀྱི་ནུས་པ་ལ་བརྟེན་ནས་བྱུང་བ་ཉག་གཅིག་རེད། ད་རེས་ཀྱིས་འགྱུར་པ་འདི་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་པ་གཞི་བཟུང་གིས་རང་གཞུང་གི་མཛད་གཙོ་རྣམ་པས་གནང་པ་དེ་ལ་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ལ་ཞུགས་མཁན་རྣམ་པ་ཚོས་ཀྱང་གསལ་ཐག་ཆོད་ཤེས་རྟོགས་བྱུང་ནས་དེའི་ཐོག་བགྲོ་གླེང་མཐིལ་ཕྱིན་པ་གནང་ཡོད་པ་རེད། འོན་ཀྱང་མཁྲིས་ནད་ཅན་གྱིས་གང་རི་དཀར་པོའི་ཁ་དོག་སེར་པོར་མཐོང་ཟེར་པའི་དཔེ་ལྟར་དུ། ཁྱོད་གཉིས་ཀྱིས་ལྷག་བསམ་ཡོད་འདོག་དང་སེམས་ཤུགས་ཆེ་འདོག་ཇི་ཙམ་བསྟན་ཀྱང་སུ་ཞིག་ཡིད་ཆེ། རྒྱུ་མཚན་ནི་མངོན་སུམ་ལ་སྙོན་ནས་གཞུང་གི་མཛད་གཙོ་རྣམ་པར་སྐྱོན་བརྗོད་ལུ་རྒྱུད་དུ་སྤེལ་བ་ནི་ཤིན་ཏུ་མ་འོས་པ་ཞིག་རེད། ད་གང་ལྟར་ཀྱང་ཁྱོད་ཚོ་རིགས་གཅིག་ལ་བུང་བུའི་རྣ་བར་གསེར་དང་ཐལ་གང་བླུག་ཀྱང་གཅིག་པ་རེད། མཐའ་དོན་ངས་ཁྱོད་ལ་དྲི་བ་ཞིག་འདྲི། ཁྱོད་རང་བོད་གཞུང་ལབ་ཀྱང་འདྲ་བོད་མིའི་སྒྲིག་འཛུགས་ལབ་འདྲ། གང་ལྟར་སྒྲིག་འཛུགས་དེའི་མཛད་གཙོ་རྣམ་པར་ཡིད་ཆེས་ཡོད་དང་མེད། ལྷག་པར་དུ་༧གོང་ས་མཆོག་གིས་བསྟན་པའི་ལམ་གྱི་ནང་འགྲོ་འདོད་ཡོད་དང་མེད། དེ་ལ་ལན་རྒྱོབས་དང་དེ་ནས་ངས་ཁྱོད་ལ་བགྲོ་གླེང་བྱེད་ཆོག
གནམ་ལོ་ཡག་སོགས་ཉོན་ཅིག ཁྱོད་ཚོའི་བསམ་བློའི་ཕུགས་སུ་ཅི་ཞིག་ཉེར་ཡོད་མེད་མི་ཤེས་ཀྱང༌། དོན་དམ་པས་བོད་མིའི་སྤྱི་ཚོགས་སམ་བོད་ཀྱི་མདུན་ལམ་ལ་བསམ་བློ་གཏོང་གིན་ཡོད་ན། ྋགོང་ས་མཆོག་དང་ྋགོང་ས་མཆོག་གི་ད་ལྟའི་བར་གྱི་བཀའ་སློབ་དང་བོད་དོན་ཐད་ཀྱི་གྲུབ་འབྲས་ལའང་ལྟ་ཙམ་བྱེད་ལོས་དགོས། དེ་ཙམ་མ་ཟད། བོད་མི་ཞིག་ཡིན་པའི་ཆ་ནས་སམ་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས། མི་རིགས་ཀྱི་མདུན་ལམ་དང་སྤྱི་ཚོགས་བདེ་འཇགས་ལའང་བསམ་བློ་གཏོང་ལོས་དགོས། གང་དྲན་དྲན་གང་ཤོད་ཤོད་བཤད་པ་ནི། རྩོམ་པ་པོ་ཞིག་གམ་སྲིད་དོན་པ་ཞིག་ཡིན་ན་དེའི་འགན་འཁྲི་དང་དམིགས་ཕྱོགས་ཡོངས་རྫོགས་ནོར་ཚར་བ་རེད། མི་རིགས་དང་སྤྱི་ཚོགས་ལ་འགན་འཁུར་ནས་སྐད་ཆ་བཤད་རྒྱུ་མ་གཏོགས། བོད་མིའི་རེ་བ་མཐའ་དག་གི་འབྱུང་ཁུངས་སུ་བརྩི་བའི་བཀའ་ཤག་དང་སྤྱི་འཐུས་རྣམ་པར་ཅི་མི་སྙམ་པར་ཁ་རྡུང་གཏོང་རྐྱང་བྱེད་པ་ནི་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ལ་བག་ཆགས་ངན་པ་འགོས་པའི་རྒྱུ་ཉག་གཅིག་ཏུ་སེམས།
ཀླུ་རྒྱལ་སོགས་ཡང་བསྐྱར་ཕེབས་པར་ཐུགས་རྗེ་ཆེ།
མ་གཞི་ཞིབ་འཇུག་གི་ལམ་ནས་སྐད་ཆ་བཤད་ཀྱི་ཡོད་མ་གཏོགས་དགའ་མ་དགའི་ལམ་ནས་བཤད་ཀྱི་མེད་ལ། བོད་དོན་གྱི་མ་འོངས་པར་དམིགས་ནས་སྐད་ཆ་བཤད་ཀྱི་ཡོད་མ་གཏོགས་རྩྭ་མགོ་རླུང་རྒྱག་གི་ལམ་ནས་སྐད་ཆ་བཤད་ཀྱི་མེད། དེ་བས། རེ་བ་ཡིན་ན་མ་རྩོམ་ཞིབ་མོ་ཞིག་ཀློག་རོགས། གལ་སྲིད་རྒྱ་འོག་ནས་ཡོང་མཁན་ཞིག་ཡིན་ན། འདས་མ་ད་གསུམ་ལ་བསམ་བློ་ཞིབ་ཕྲ་ཞིག་གཏོང་འོས། དེ་ནས་རྒྱའི་གཡོ་ཐབས་ལ་མི་གང་རུང་ཞིག་གིས་འགྲན་ཡ་མི་ཡོང་བ་དེ་ཁས་མི་ལེན་རང་ལེན་ཡིན་པའི་ཁར། སྒོས་སུ་རྒྱ་ནག་ལ་རྒྱུས་མེད་མཁན་ཚོ་ལྟ་ཅི་དགོས།
གནམ་ལོ་ཡག་ལགས། ཁྱོད་ཀྱིས་མི་རིགས་ཀྱི་མདུན་ལམ་ལ་བསམ་གཞིགས་བྱེད་བཞིན་ཡོད་པ་བདེན་ན། རྒྱ་དམར་གཞུང་འདིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང༌། བོད་ཀྱི་དབུ་ཁྲིད་ལ་དམའ་འབེབས། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་བཞིན་པའི་གནས་ཚུལ་ལས་བརྩམས་པའི་རྩོམ་ཡིག་སྤེལ་ན་ཅི་ལ་མི་ཆོག་གམ། གལ་ཏེ་ཁྱོད་ནི་ཆབ་སྲིད་དཔྱད་བརྗོད་སྤེལ་བར་སྤྲོ་མཁན་ཞིག་ཡིན་ན། རྒྱ་དམར་གྱིས་ཆེད་དུ་བཀོད་སྒྲིག་བྱས་པའི་རྩོམ་པ་པོའམ་ཆབ་སྲིད་དཔྱད་བརྗོད་པ་དག་གིས་སྤེལ་བའི་རྩོམ་ཡིག་ཁག་ལ་ལན་འདེབས་མི་བྱེད་པ་ཅི་ཡིན། ཁྱོད་ཀྱིས་ཡིན་གཅིག་མིན་གཅིག་བོད་མི་རིགས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཁོང་དང༌། བཀའ་ཤག བཀུར་འོས་སྤྱི་འཐུས་ལྷན་རྒྱས་ལ་དམའ་འབེབས་བྱེད་དགོས་དོན་མི་འདུག་སྙམ། ཁྱོད་ཀྱི་མཐོང་སྣང་ལ་བཙན་བྱོལ་གཞུང་འདི་མོ་ཊ་ཀོབ་ཏོ་ཞིག་དང་མཚུངས་ཡང༌། འདིས་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་བྱ་བཞག་བསྒྲུབས་དང་བསྒྲུབ་འགྱུར་གང་ལ་ཡང་ནོར་འཕྱུགས་བྱུང་མྱོང་མེད།མཐར་ཁྱོད་ཀྱི་ཡན་ལག་ཉིང་ལག་ཐམས་ཅད་ཀྱི་ཁ་ལོ་པ་ཐབས་ཕྱོགས་གཅིག་གྱུར་ལས་ཁུངས་ནས་མིན་པར་སྨོན།
རྒྱ་དམར་གྱིས་ལོ་རྒྱུས་འཁྱོག་བཤད་བྱེད་ཀྱིན་པ་བདེན་པ་རེད། ཡིན་ནའང་། འཁྱོག་བཤད་དེ་བདེན་པར་གཏོང་མཁན་ཡང་བླ་ན་མེད་པ་དང་གོང་ན་མེད་པ་ཚོ་རེད། ད་ངས་ཅི་ཞིག་འབྲི་དགོས་ཀྱི་ཡོད་དམ།
མཚན་བསྒྱུར་འདི་བློ་ཡིད་དུ་ཤོང་དཀའ་བ་ཞིག་འདུག ད་རེ་བ་མི་འདུག
ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན། བཙན་བྱོལ་བ་ཞིག་དང་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་དཀའ་སྡུག་སྡུག་གི་འཚོ་བ་དེ་དེ་ཙམ་བསྐྱེལ་མ་མྱོང་མཁན་ཞིག་ཡིན་པ་འདྲ། ལྷག་པར་དུ་འུ་ཚང་གི་བླ་ན་མེད་པ་དང་གོང་ན་མེད་པ་དག་གི་ཐུགས་རྗེའི་སྐྱབས་འོག་ནས་འཚོ་བ་དེ་ཙམ་བསྐྱེལ་མྱོང་མེད་མཁན་ཞིག་དང་མཚུངས། ཡང་སྙིང༌། ཁྱོང་རང་ཐབས་རྣམ་ཅི་རིགས་ཀྱི་སྒོ་ནས་ནུབ་ཕྱོགས་ཡུལ་ཁག་གང་རུང་དུ་འབྱོར་ཚར་བའི་གནས་སྐབས་ཀྱི་འཚོ་བ་དང་མདུན་ལམ་གང་ལ་ཡང་དཀའ་ངལ་མེད་པ་ཞིག་ཡིན་པ་འདྲ་ལ། དེ་མིན་རང་གཞུང་གི་བཀུར་འོས་ལྷན་རྒྱས་ལ་དེ་ཙམ་དམའ་འབེབས་བྱེད་དགོས་དོན་མི་འདུག་སྙམ།
རྩོམ་ཡིག་གི་མདོང་སྣེ་གཏད་ས་ནོར་བ་ནི་བསམ་བློའི་གཟས་ཕྱོགས་ནོར་བས་ཡིན་ལ། བསམ་བློའི་ཁོར་རྒྱ་ལ་དེ་ཙམ་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ཀྱི་ཞག་རྩི་མེད་ན། སྤྱི་ཚོགས་ཟེར་བ་དང་སྤྱི་ཚོགས་དེའི་མ་འོངས་མདུན་ལམ་སོགས་ལ་ནམ་ཡང་སྣང་མེད་གཏོང་བྱེད་པ་ནི་ཆོས་ཉིད་རེད། གནས་ལུགས་འདི་ནི་ཁྱོད་ཀྱི་གོང་འཁོད་རྩོམ་ཡིག་གི་རྒྱབ་མདུན་གྱི་འགྲེལ་བཤད་ལ་འཁོད་ན་མི་འོས་སམ།
ཚང་མར་ཁོམ་པ་ཡོད་ན་རྩོམ་ཡིག་འདི་ཡང་བསྐྱར་ཅིག་ཀློག་རོགས། རྩོམ་ཡིག་ནང་འཁོད་པའི་དཀའ་ངལ་ཁག་བདེན་པ་ཨེ་རེད།
༸གོང་ས་མཆོག་བཞུགས་ཡུན་རིང་ལ། དབུ་མའི་ལམ་ལ་ཤུགས་བརྒྱབ་ན་ཡག་བགྱིད་རེད། དེའི་རྗེས་ལ་རང་བཙན་རྩོད་མཁན་ཡོད་ན་དངོས་གནས་འཇོན་སྲིད་པ་རེད། དེ་མིན་ཁ་ཡོད་ལག་མེད་ཡིན་པ་ཀུན་གྱིས་ཤེས་གསལ་རེད།
ད་མང་པོ་ཞིག་ལ་གླེང་གཞི་གསར་པ་ཞིག་ཐོན་ཤག
རྩོམ་འདི་མ་འོངས་ལུང་བསྟན་ཆགས་འདུག
གནམ་ལོ་ཡག་དང་སྟག་སྨྱོན་གཉིས་ཀས་གནས་ཚུལ་ཅུང་ཟད་ཤེས་འདུག བདེན་པ་མང་ཙམ་ཡོད་སྣང་ཤར། ད་དུང་ཞིབ་འཇུག་བྱེད་དགོས་ས་ཞིག། ༡༽རྒྱ་ནག་གིས་རྒྱ་གར་དང་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲུང་སྐྱོབ་འོག་རྒྱལ་བ་རིན་པོ་ཆེ་རི་བོ་རྩེ་ལྔར་གདན་འདྲེན་བྱས་པར་ཕེབས་མ་ཐུབ་པའི་དོན། ༢༽ཐེ་ཝན་གྱི་སྲིད་འཛིན་ཁྲིན་ཧྲི་པིན་གྱིས་ལོ་བརྒྱད་བར་རྒྱ་བ་རིན་པོ་ཆེ་གདན་འདྲེན་བྱས་ཀྱང་ཕེབས་མ་ཐུབ་པའི་དོན། ༣༽བོད་གཞུང་གི་མིང་སྒྲིགས་འཛུགས་སུ་སྒྱུར་དགོས་དོན། སྐུ་སྒེར་ལས་ཁུངས་གཅིག་པུའི་འདོད་པ་མིན་པར་རྒྱབ་ལྗོངས་རིང་པོ་ཞིག་ཡོད་པར་འདོད། ༤༽དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་འོས་བསྡུ་བྱེད་དོན། ༥༽གཞུང་གི་ངོས་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་པ་མཚམས་འཇོག་གི་བཀའ་རྒྱ་གཏོང་དོན། ༦༽དབུ་རང་གཉིས་ཀྱིས་རྩོད་པའི་འོག་བོད་མི་རིགས་ཉམས་རྒུད་འགྲོ་མིན། ༧༽སྐྱབས་མགོན་རྒྱལ་བའི་དབང་པོའི་རྗེས་སུ་བོད་ཀྱི་སྣེ་ཁྲིད་ཀུན་གྱིས་བཀུར་བ་ཞིག་འབྱུང་སྲིད་མིན་བཅས་སོ། །
ང་རང་གི་འདོད་པ=དབུ་མའི་ལམ་ནི་གནས་སྐབས་སུ་ཐབས་ལམ་ཡག་ཤོས་སུ་འདོད་མོད། རྒྱུན་རིང་ལ་བསམ་བློ་བཏང་ན། གལ་སྲིད་༧གོང་ས་མཆོག་ཞལ་འཚོ་བཞུགས་མེད་པའི་དུས་རབས་སུ་སླེབས་ཚེ། བོད་རྒྱ་ཆེའི་མི་མང་གིས་ཐག་ཆོད་ཟེར་བ་དེ་ནུས་མེད་དུ་གྱུར་ནས། དབུ་རང་གཉིས་ཀྱི་རྩོད་པའི་འོག་བོད་མི་རིགས་འཆི་ལམ་དུ་འདེད་པར་ཐག་ཆོད་ཅེས་བྱས་ཀྱང་ཆོག་སྙམ། ནང་ཆོས་ནི་ཆེས་འཕགས་པའི་ཆོས་ལུགས་ཡིན་པར་དོགས་པ་གཏན་ནས་མེད་མོད། ནང་པ་གང་དུ་དར་བའི་རྒྱལ་ཁབ་ཉི་ཧོང་གཅིག་པུ་ཙམ་ལས་གཞན་ཚང་མ་ཤོར་བ་རེད། བཟོད་སྒོམ་དང་དབུ་མའི་ལམ་དེ་ནོར་བུ་ལྟ་བུར་ཡིན་པ་སྨྲོས་མེད་དང་། གནས་ལུགས་གོ་མཁན་གྱི་མི་ཡག་པོའི་རིགས་ལ་ཤིན་ཏུ་ལེགས་མོད། ཕ་རོལ་པོ་གཡོ་སྒྱུ་ཅན་ཞིག་ཡིན་ཚེ་ནང་པའི་གཉོམ་ས་དེ་བཀོལ་སྤྱོད་བྱས་ནས་ནང་ཆོས་ལ་དད་འདུན་བྱེད་པའི་ཡུལ་རིས་ཕམ་པར་བྱས་པ་ལན་གཅིག་ཙམ་མིན་ནོ། །