བསོད་ནམས་ནོར་བུ། (རྣམ་གྲོལ་གླིང་།)
མི་ཚེ། དཀའ་སྡུག་གི་མི་ཚེ།
རླུང་ཁ་ན་ལྷེམ་ལྷེམ་འབར་བའི་མར་མེ་ཀོང་བུ་གང་།
ད་ལྟ་མཆེད་ཀྱང་ད་ལྟ་ཤི་སྲིད་མོད།
དྲང་བདེན་གྱི་ལམ་བུ་དེ་དང་། དཀར་ངོགས་ཀྱི་འོད་སྣང་དེ་ཡི་ཆེད།
ག་རེ་ཡིན་ན། ག་བ་ཡིན་ན། ག་དུས་ཡིན་ན།
ང་ཚོ་འདི་ལྟར་མར་ཁུ་ཚ་པོའི་ནང་ནས་འབར་དགོས་ཏེ།
ང་ཚོའི་ཁང་ཆུང་དང་། སྒེའུ་ཁུང་ལ་མུན་པ་ནག་པོ་བབས་ཡོད།
མི་ཚེ། མཛེས་སྡུག་གི་མི་ཚེ།
སད་སེར་ཁྲོད་ཆེམ་ཆེམ་བཞད་པའི་མེ་ཏོག་རྡོག་མ་རེ།
ད་ལྟ་བཀྲ་ཡང་ད་ལྟ་ཡལ་སྲིད་མོད།
མཛེས་སྡུག་གི་སྤང་ལྗོངས་དེ་དང་། མི་ཡུལ་གྱི་དགའ་ཚལ་དེ་ཡི་ཆེད།
ག་རེ་ཡིན་ན། ག་བ་ཡིན་ན། ག་དུས་ཡིན་ན།
ང་ཚོ་འདི་ལྟར་ཆར་རླུང་འཚུབ་མའི་ཀློང་ནས་འཛུམ་འོས་ཏེ།
ང་ཚོའི་རི་ལུང་དང་། རྩྭ་ཐང་ལ་དུག་རླངས་ནག་པོ་མཆེད་ཡོད།
6/ 9/ 2015/
ཡག་པོ་ཞེ་དྲག་འདུག