ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་གངས་ཅན་ལྷ་ཅིག་ཕྱག་ན་པད་མོར་འདུད།
ཁ་བའི་ཡུལ་གྱི་སྤྲེལ་བྲག་རིགས་མྱུག་ཁྱེད་ཀྱི་གདུལ་བྱར་གཟིགས།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོའི་བརྒྱད་ལྔའི་འཁྲུངས་སྐར་ལ།
ང་ཚོ་གཞིས་བྱེས་ས་ཡ་དྲུག་གི་དགའ་བསུའི་འཚམས་འདྲི་ཞུ།
ཅ་ཅོ་ཆོས་མེད་གུང་ཁྲན་དམར་པོའི་བསམ་སྦྱོར་ངན་པའི་འོག།
ཆོས་ལྡན་ཞིང་གི་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་རྩ་མེད་བཟོས།
ཇི་ལྟར་བསམ་ཀྱང་བོད་འབངས་བདེ་སྐྱིད་ཁྱེད་ཀྱི་སྐུ་ཚེ་རག།
ཉི་ཟླ་འདྲ་བའི་ཁྱེད་ཀྱི་མཛད་འཕྲིན་གླིང་འདིར་ཞི་བདེ་བསྐྲུན།
ཏཱ་ལའི་བླ་མས་རླབས་ཆེན་དགོང་གཞི་གེགས་མེད་ལྷུན་འགྲུབ་ཤོག།
ཐ་དད་ཆོས་ལུགས་དད་པ་དམ་ཚིག་ཀུན་ལ་དག་སྣང་མཛད།
དུས་རབས་བསྟུན་ནས་བོད་ཀྱི་ཆབ་སྲིད་མི་མང་མང་གཙོར་རྒྱུར།
ན་གཞོན་མདུན་ལམ་དེང་རབས་ཤེས་ཡོན་སློབ་འཁྲིད་གསར་གཏོད་གནང།
སྤོ་བོ་རྨོ་མོ་རྒན་ཁོག་སྐྱོང་སའི་རྒན་གསོ་གསར་འཛུགས་མཛད།
ཕ་ཡུལ་བྲོས་འབྱོར་སྡོད་གནས་འཚོ་གོས་སྣེ་ལེན་ཟུར་འཛུགས་གནང།
བོད་རྒྱ་བདེ་བའི་གཉིས་སྨན་དབུ་ལམ་བོད་རྒྱའི་འབྲེལ་ལམ་བཙུགས།
མ་འོངས་བོད་འབངས་བདེ་བའི་ཆབ་སྲིད་སྐུ་དབང་མི་མང་གནང།
རྩ་བ་བོད་ཀྱི་མ་འོངས་ཆབ་སྲིད་འཚེ་མེད་ཞི་ལམ་བསྟན།
ཚན་རིག་ནང་ཆོས་བཟུང་འབྲེལ་མཐུ་མོང་རིག་པའི་སྒོ་ཆེན་ཕྱེ།
འཛམ་གླིང་ཞི་བདེ་ཀུན་ཕན་བྱང་སེམས་སྟོང་ཉིད་རྩ་བ་བསྟན།
ཝ་སྤྱང་དམར་པོ་གུང་ཁྲན་ཀླ་ཀློའི་བོད་ཀྱི་སྣོད་བཅུད་བཅོམ།
ཞི་བདེ་ཀུན་ཁྱབ་འགྲོ་བའི་སྡུག་སྔལ་བླང་དོར་བཀའ་སློབ་ཕེབས།
ཟབ་གསལ་དམ་ངག་བོད་འབངས་སྤྱི་བོར་མ་འོངས་མདུན་ལམ་བསྟན།
འོ་ཅག་བོད་མིའི་དད་པ་དམ་ཚིག་གཡོ་མེད་རྡོ་རྗེའི་ལྕགས་ལས་བསྲ།
ཡ་རབས་བཟང་སྤྱོད་ཆོས་ལུགས་མ་འདྲེས་རྒྱལ་ཁབ་ཡོངས་ལ་སྤེལ།
རང་ཡུལ་བྲལ་ཡང་བདེ་སྐྱིད་འཚོ་བ་མགོན་པོ་ཁྱེད་ཀྱི་སྦྱིན།
ལ་ལུང་བགྲོད་ནས་མི་ཡུལ་ས་མཐར་ཕ་མེས་རིག་གཞུང་སྲུང།
ཤ་ཁྲག་ཅིག་པའི་ཆོལ་གསུམ་སྤུན་ཟླའི་ཆིག་སྒྲིིལ་བསྲ་བརྟན་བཟོས།
ས་ཕྱོགས་འདི་རུ་བོད་ཀྱི་ཆོས་རིག་མ་ཉམས་གོང་སྤེལ་མཛད།
ཧ་ཅང་རླབས་ཆེན་མཛད་པ་འཕྲིན་ལས་བརྒྱ་མཚོའི་གཏིང་མཐའ་ནས།
ཨེ་མ་ཆུ་ཐིག་ཙམ་ཞིག་བཀའ་དྲིན་རྗེས་དྲན་ཚུལ་དུ་གླེང།
ཨེ་མ་ཧོ་བརྒྱད་ལྔའི་འཁྲུངས་སྐར་དགའ་སྟོན་ལ་འཚམས་འདྲི་ཞུ།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༢༠ ཕྱི་ཟླ་༧ ཚེས་ ༤ ལ་རང་ཁྱིམ་ནས་ཕུལ།