སྐྱོ་བྲག་དགའ་དབང་།
ཆུ་སྟོད་ཟླ་བའི་ཚེས་པ་བཞི་ནི། ཤེས་བྱ་ཀུན་ཁྱབ་ལས། རྫོགས་པའི་སངས་རྒྱས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་རང་གིས་བརྙེས་པའི་ཆོས་ཟབ་མོ་དེ་འཇིག་རྟེན་པ་ཀུན་གྱིས་མི་རྟོགས་པར་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ།། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། སངས་རྒྱས་ཀྱི་མཐུས་ཚངས་པ་གཙུག་ཕུད་ཅན་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་འཁོར་དང་ལྷན་ཅིག་ཏུ་འོངས་ནས་ཆོས་སྟོན་པར་གསོལ་བ་བཏབ་ཀྱང་མ་གནང་བ་ན། བརྒྱ་བྱིན་གྲོགས་སུ་སྦྲན་ཏེ་ལན་གསུམ་དུ་གསོལ་བ་བཏབ་པས། གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་ལེགས་པར་གཟིགས་ཏེ་མ་ངེས་པའི་སེམས་ཅན་རྣམས་ལས་བརྩམས་ཏེ་བདུད་རྩིའི་སྒོ་དབྱེ་བར་ཞལ་གྱིས་བཞེས་པ་ན། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་སོ།།
དེ་ནས་ཝ་ར་ཎཱ་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་པའི་ཚེ་ལྔ་སྡེ་བཟང་པོས་མདུན་བསུས་ཏེ་དེ་དག་ཚུར་ཤོག་གིས་དགེ་སློང་གི་དངོས་པོར་གྱུར་ནས། ས་ཕྱོགས་དེར་སེང་གེའི་ཁྲི་ཆེན་པོ་སྟོང་བྱུང་བ་དང་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་དུ་སྣང་བ་ཆེན་པོས་ཁྱབ་པ་དང་ཆོས་ཉན་པར་སྐུལ་བའི་སྒྲའང་བྱུང་བ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་ཛམྦུ་ཆུ་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་དང་ལྷ་དཔག་ཏུ་མེད་པ་དག་ཀྱང་འདུས་པ་ལ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་གཞིའི་ངོ་བོ་དང༌། བྱ་བ་དང་། འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དགྲ་བཅོམ་ཐོབ། འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང༌། ཞེས་ཆོས་འཁོར་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཡིན་ལ། སངས་རྒྱས་ཀྱི་མཛད་པ་ངོ་མཚར་ཅན་རྣམས་བསྟན་པའི་དུས་སུ་དགེ་བ་བསྒྲུབ་ན། ཆགས་མེད་རི་ཆོས་ལས། མཆུ་ཡི་ཟླ་བའི་ཚེས་གཅིག་ནས།། བཅོ་ལྔའི་བར་དུ་ཤཱཀ་ཐུབ་ཀྱི།། མུ་སྟེགས་བཏུལ་ཞིང་ཆོ་འཕྲུལ་བསྟན།། ས་ག་ཟླ་བའི་བཅོ་ལྔ་ལ།། ལྷུམས་ཞུགས་རབ་བྱུང་མངོན་སངས་རྒྱས།། རྣམ་གསུམ་འཛོམ་པའི་དུས་ཞེས་བྱ།། ཆུ་སྟོད་ཟླ་བའི་ཚེས་བཞི་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས།། ཐ་སྐར་ཟླ་བའི་བཅོ་ལྔ་ལ།། ལྷ་བབས་ཞལ་གྱིས་བཞེས་པའི་དུས།། ཉེར་གཉིས་ལྷ་བབས་དངོས་ཀྱི་དུས།། དེ་གཉིས་གཅིག་ཏུ་བརྩི་བ་ཡིན།། སྟོན་པའི་དུས་ཆེན་བཞི་ཞེས་གྲགས།། དགེ་བ་བྱེ་བ་བརྒྱ་འགྱུར་དུ།། མདོ་སྡེ་མང་པོ་ཞལ་མཐུན་ནོ།། ཞེས་བྱེ་བ་བརྒྱ་འགྱུར་དུ་གསུང་ཕྱིར། ང་ཚོས་ལྕགས་ཕོ་བྱི་བ་ཆུ་སྟོད་ཟླ་བའི་ཚེས་པ་བཞི་ཉིན། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་ལ།གཞི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་ཅིང། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཁ་གསབ་བགྱིས་ཏེ། ཡན་ལག་བདུན་པ་ཆ་ཚང་བར་བྱས་པའི་མདོ་ཆོག། གནས་བརྟན་ཕྱག་མཆོད་བསྡུས་པ། ཞེས་པ་ལ་ཆོས་ཀྱི་འཁོར་ལོའི་མདོ་སྦྱར་ནས་བཏོན་པ་ཡིན།
ཆོ་ག་འདིའི་ལྷ་གཙོ་བོ་ནི། སྟོན་པ་ཤཱཀྱ་ཐུབ་པ་སྟེ། སྟོན་པ་རྗེས་སུ་དྲན་ན། མདོ་ལས། འཆག་ཅིང་འདུག་དང་འགྲེང་ཞིང་ཉལ་བ་ན།། མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ།། དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས།། དེ་ནི་རྒྱ་ཆེར་མྱ་ངན་འདས་པར་འགྱུར།། ཞེས་མྱ་ངན་ལས་འདའ་བར་གསུངས་ལ། འཁོར་གནས་བརྟན་བཅུ་དྲུག་ནི། གནས་ཆོག་ལས། འགྲོ་བའི་མགོན་པོ་ཤཱཀྱ་སེངྒེ་ཡིས།། སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི།། དགྲ་བཅོམ་གནས་བརྟན་ཆེན་པོ་བཞུགས་སོ་འཚལ།། ཞེས་བསྟན་རྒྱུན་སྐྱོང་བའི་བདག་པོ་དངོས་ཡིན་པར་གསུངས་ཤིང་། ཆོས་ཀྱི་འཁོར་ལོའི་མདོ་ནི། བདེན་བཞིའི་ཆོས་འཁོར་གྱི་སྙིང་དོན་ཡིན་པ་སྟེ། རྒྱས་པ་ནི་འདུལ་བའི་གཞུང་རྣམས་ཡིན་པར། འབྲི་གུང་དགོངས་གཅིག་ལས།འདུལ་བའི་སྡེ་སྣོད་བདེན་བཞིའི་ཆོས་འཁོར་ཏེ།། ཞེས་གསུངས་ཡོད།
གནས་བརྟན་ཕྱག་མཆོད་ནི་བསྟན་པ་རྒྱས་ཆོག་ཀྱང་ཡིན་པས་ན། ང་ཚོས། བླ་མའི་སྐུ་ཚེ་བརྟན་པ་དང་།། བསྟན་པ་རྒྱས་པར་བྱིན་གྱིས་རློབས།། ཞེས་པའི་གསོལ་བ་ནན་གྱིས་བཏབ་པ་སྟེ། བླ་མ་ནི།ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི།། གྲུ་ནི་ཕ་རོལ་བགྲོད་མི་ནུས།། ཡོན་ཏན་ཐམས་ཅད་རབ་རྟོགས་ཀྱང་།། བླ་མ་མེད་པར་སྲིད་མཐར་མིན།།ཞེས་ཐར་པའི་ལམ་མཁན་ཡིན་པ་དང་། བསྟན་པ་ནི། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ།། བདེ་བ་ཐམས་ཅད་འབྱུང་བའི་གནས།།བསྟན་པ་རྙེད་དང་བཀུར་སྟི་དང༌།། བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་ཕན་བདེའི་འབྱུང་གནས་ཡིན་པར་ཤེས་པས་སོ།།
སྟོན་པས་བདེན་བཞི་ཡང་ཚེས་བཅོ་ལྔ་གསུངས་པ་རེད་ཟེར་མཁན་འདུག་ཀྱང་། ཁུངས་ལུང་དྲོང་མཁན་ནི་ཅང་མཇལ་མ་བྱུང་བས་དེའི་སྐོར་ལ་ཁ་བརྡ་བྱེད་ཐུབ་ན་ཅི་མ་རུང་སྙམ་ནས་བསྡད་ཡོད་དོ།།