མཁན་པོ་ཆོས་དབྱིངས་ལགས་ཀྱིས་མཁོ་འདོན་གནང་།
༼འོད་ཟེར་གྱིས་བརྩམས་ཤིང་ཟླ་བ་གཞོན་ནུས་བསྒྱུར།༽
ད་ཅི་ངོ་དེབ་(Facebook)ནང་གི་བོད་པའི་གྲོགས་པོ་ཞིག་གི་པར་མཛོད་དུ་པར་འདི་མཐོང་བྱུང་། པར་འདི་མཐོང་རྗེས་རྒྱུ་མཚན་གང་ཡིན་མི་ཤེས་པར་གློག་གིས་བརྒྱབས་པ་ལྟར་དུ་མགོ་པགས་སྦྲིད་ཅིང་། མིག་ཟུང་མཆུ་མས་བཀང་ནས་སླེབས་བྱུང་བར་མ་ཟད། མིག་ཆུ་མཐེབ་གཞོང་དུ་ཟགས་སོང་་
རྒད་པོ་འདི། སྨུག་མདོག་གི་རྒད་པོ་འདི། ཕལ་ཆེར་མཚམས་སྡོད་ཀྱིས་དབུ་སྐྲ་ལྷག་ཏུ་རིང་བའི་རྒད་པོ་འདི། གཏིང་ནས་ཉམས་ལེན་ལ་འཐིམས་པའི་རྒད་པོ་འདི་ངས་སུ་ཡིན་མིན་མི་ཤེས། ངས་ཁོང་གི་མིང་དང་ཁོང་འཚོ་མྱོང་བའི་ལོ་རབས། ཁོང་སྐྱེས་སའི་ས་ཆ་གང་ཡིན་མི་ཤེས་མོད། ངས་བསམས་ན། ཕལ་ཆེར། ཨོ། མ་རེད། ང་ཁོང་དང་འབྲེལ་བ་རབ་རིབ་སབ་སིབ་ཅིག་ཡོད་ངེས་ཅན་རེད། དེ་མིན་ན་ང་ཅིའི་ཕྱིར་ཁོང་གིས་སེམས་འགུལ་ཐེབས་སུ་བཅུག་པ་རེད་དམ། དེ་མིན་ན་ངས་ཅིའི་ཕྱིར་ཁོང་ལ་སེམས་གཏིང་ནས་གུས་ཕྱག་འཚལ་འདོད་སྐྱེས་པ་རེད་དམ།
འདི་ལྟ་བུའི་ཚོར་བ་ངས<>་ཅེས་པའི་དེབ་དེ་ཀློག་དུས་ཀྱང་ཡོད་མྱོང་། ཟིན་ཐོར་བཀོད་ཡོད་པའི་ཀརྨ་བསམ་འགྲུབ་ཀྱི་སྤོ་བོ་ལགས་ཀྱི་སྐོར་ཀློག་དུས་ཀྱང་། ང་ལ་འདི་ལྟའི་བརྗེད་དཀའ་བའི་མྱོང་ཚོར་ཡོད་མྱོང་། དེབ་དེའི་ནང་གི་དུམ་མཚམས་ཤིག་འདི་དགོད་རྒྱུར།
གཉིས། སྐྱ་མི་རྟ་དཀར།
ང་རང་ཀརྨའི་གནས་སྐབས་ཀྱི་འགྲེམས་སྟོན་ཁང་དུ་ཅི་དགར་འཁོར། བསགས་དངོས་རྩ་ཆེན་དེ་འདྲ་མང་བོ་ཞིག་མཐོང་རྗེས། ང་རང་ཧང་ཇེ་སངས་ནས་ཇེ་སངས་སུ་གྱུར། བསགས་དངོས་ཕལ་ཆེར་བརྒྱད་སྟོང་ལྷག་ཡོད་ཅིང་། ཁོང་གིས་ལོ་བཅུ་ཁའི་སྔོན་ལ་གསོག་རྒྱུའི་མགོ་བརྩམས་པ་རེད། ཆ་སྙོམས་བྱས་ན་ཉིན་རེར་གཉིས་ལ་ཉེ་བ་རེ་བསགས་ཤིང་། ཚོང་བརྒྱབས་ནས་བསགས་པའི་སྒོར་མོ་ཕལ་ཆེར་ཚང་མ་འདིའི་སྒང་ལ་གཏོང་གི་འདུག “ཁྱེད་ཀྱིས་དང་ཐོག་ཅིའི་ཕྱིར་ཉར་ཚགས་བྱེད་རྒྱུ་བྱས་པ་ཡིན་ནམ། ”ཞེས་བདག་གིས་དྲིས་པར། ཁོང་སྒྲོམ་ས྄ྟེགས་ཤིག་གི་འགྲམ་དུ་སོང་ནས་དེའི་སྒང་གི་ཆེ་ཞིང་ནག་པའི་ཆོས་དཔེའི་ལྡེབས་འགའ་ལག་ཏུ་བླངས་ནས་བཤད་རྒྱུར“ཁྱེད་ཀྱིས་གཟིགས་དང་། འདི་སྔོན་མ་ངའི་སྤོ་བོས་བདག་སྐྱོང་བྱས་ནས་འོང་བ་ཞིག་རེད། ངས་ཉར་ཚགས་བྱས་ནས་བོད་མི་རིགས་ཀྱི་རིག་གནས་མྱུར་སྐྱོབ་བྱེད་པ་འདི། ཁོང་གི་ཤུགས་རྐྱེན་ཐེབས་པ་རང་རེད།”
ངས་ཆོས་དཔེ་དེ་དག་སློག་ཞོར་དང་བརྟག་ཞོར་བྱེད་དུས། ལོ་སུམ་ཅུའི་སྔོན་གྱི་ལོ་རྒྱུས་སུ་བསློགས་ཡོད་པ་དང་འདྲ་བའི་སྣང་བ་ཤར་ཞིང་། མཚན་མོའི་རི་སུལ་གྱི་སྐྱ་མི་རྟ་དཀར་དེ་ཚོ་མཐོང་བྱུང་།
སྤོ་བོས་རྩམ་པ་བཞེས་གྲུབ་རྗེས། ཐབ་ཁའི་མདུན་དུ་ཡུན་རིང་ཞིག་བཞུགས་ནས་ནམ་གུང་བར་དུ་སྒུག་རྗེས། སྟན་ནག་དེ་བསྣམས་ནས་སྒོའི་ཕྱོ་ལོགས་སུ་ཐོན་སོང་། “སྤོ་བོ། ཁྱེད་རང་ག་བ་ཕེབས་གཱ”ཞེས་རིན་ཆེན་བསམ་འགྲུབ་ཀྱིས་དྲིས། “ཁྱེད་ཚོ་གཉིད་ཁུགས་ཤིག ”སྤོ་བོས་ཕྱིར་འཁོར་ནས་སྐད་ཆུང་ངུ་བཤད་རྒྱུར །“ར་མ་དེ་ཡང་བསྐྱར་སྨྱོས་ཟིན་ནས་ནང་དུ་ཡོང་མི་འདུག ང་རི་མགོར་འཚལ་དུ་འགྲོ་དགོས།” “ང་ཡང་འགྲོ་རྒྱུ།”རིན་ཆེན་བསམ་འགྲུབ་དང་ཀརྨ་བསམ་འགྲུབ་ཀྱིས་སྔ་གཞུག་རྩོད་བཞིན་སྒོར་བུད་ནས་རྟ་དཀར་པོ་སུས་ཁྲིད་རྒྱུ་བརྩད། དེ་ནི་ཁོང་ཚོས་ར་ཕྲུག་དེ་“སྨྱོས’’པ་ཡིན་ན། དོན་དག་སྐྱིད་པོ་རེ་འབྱུང་ངེས་པ་ཤེས་ཡོད་པས་རེད། རྨོ་མོས་ཁ་རོག་གེར་“ཐེངས་རྗེས་མར་ཁྱོད་ཚོ་འཁྲིད་ཆོག” ཅེས་ཁོང་ཚོར་སྐད་ཆ་བཤད་དུ་མི་འཇུག་པ་རེད། སྤོ་བོས་རྟ་དཀར་པོར་སྟན་ནག་པོ་དེ་གཡོགས་རྗེས་ག་ལེར་ག་ལེར་མཚན་ནག་གི་ཁྲོད་ནས་མི་སྣང་བར་འགྱུར། “མུན་ནག་གི་དུས་རབས་འདིར། ནམ་ཞིག་ལ་ད་གཟོད་དཀར་གསལ་མཐོང་ཐུབ་རྒྱུ་ཡིན་ནམ”ཞེས་ཨ་མས་བཤད། ཨ་མས་བཤད་ཀྱིན་པའི་“མུན་ནག་གི་དུས་རབས་”ནི་རྒྱུ་ནོར་བཤུ་འཕྲོག་དང་། ཆོས་དད་ལ་གནོན་ཤུགས། དགོན་པ་གཏོར་བ། ཆོས་དཔེ་མེ་ལ་བསྲེགས་པ། གྲྭ་བར་ཁ་རྡུང་གཏོང་བ་ཙམ་གཅིག་པུ་ལ་གོ་བ་མ་རེད། རྒྱུ་ནོར་ནི་གྱོན་གོས་ཡུག་གཅིག་ཙམ་ཡིན་མོད། དད་མོས་ནི་ནམ་མཁའི་ཉི་མ་ཡིན་ལ། དེ་ནི་མཚན་ནག་གི་སྒྲོན་མེ་ཡིན། རེ་ཁེ་ཁྱིམ་རྒྱུད་ཀྱིས་དྲག་རླུང་ཁྲོད་ཀྱི་མར་མེ་འདི་ལ་སྲུང་སྐྱོང་བྱེད་བཞིན་ཡོད། དུང་པ་གྲོང་པའི(东巴村)་ལྷོ་ཕྱོགས་སུ་ནང་ལ་དགོན་པ་(娘拉寺)ཡོད་ཅིང་། བྱང་ཕྱོགས་སུ་དགྲ་ལྷ་དགོན་པ་(扎拉寺)ཡོད། སྲིད་གཞུང་གིས་མི་དམངས་ལ་དགྲ་ལྷ་དགོན་པ་གཏོར་དགོས་པའི་བཀའ་བཏང་སྟེ། རྡོ་དང་ཤིང་ཆ་སུས་བཤིག་ན་སུ་ལ་དབང་ཚུལ་བཤད། མི་དམངས་ལག་འགུལ་ནས་སྐུ་འདྲ་བཤིག་ཅིང་ཁང་ཀླད་གཏོར། ནང་ལོགས་སུ་ཁང་ཆུང་ཡག་པོ་གྱན་གཉིས་ཡོད་པ་དགྲ་ལྷ་དགོན་པའི་སྤྲུལ་སྐུ་སྤྲེལ་པོའི་བཞུགས་ཤག་ཡིན།
སྤོ་བོས་སྲིད་གཞུང་དུ་སོང་ནས་གྲོང་པའི་ཨུ་ཡོན་ལ་ཁང་པ་དགོས་པས། གྱན་འདི་གཉིས་མ་བཤིག་ཅེས་པར། སྲིད་གཞུང་ནས་ཀྱང་གནས་ལུགས་ཡོད་པར་འདོད་པའི་རྐྱེན་གྱིས། ཁང་མིག་འདི་གཉིས་སྲུང་སྐྱོབ་བྱེད་ཐུབ་སོང་བ་རེད། དུང་པ་གྲོང་གི་ཁྱིམ་ཚང་གཉིས་ལ་ཁང་མིག་འགའ་བགོས་བྱུང་བར། སྤོ་བོ་ཁ་རོག་གེར་ཇ་ལོ་དང་ར་མ་འཁྱེར་སོང་ནས་ཁོང་ཚོར་ཁང་པ་བཤིག་ཏུ་མ་བཅུག ཁོང་རང་ཉིད་དགོན་པ་རུ་བཞུགས་ནས་ཉིན་མཚན་བལྟོས་པ་མེད་པར་སྲུང་ནས་བཞུགས། དེ་ནས་ཟླ་བ་གསུམ་གྱི་རྗེས་སུ། རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགྱུར་བ་ཐེབས་ནས་གཏོར་བཤིག་བྱེད་མཚམས་བཞག་པ་རེད།
ལོ་རབས་བརྒྱད་ཅུ་བར་ཆོས་ལུགས་ལ་བསྐྱར་གསོ་བྱུང་ཞིང་། དགྲ་ལྷ་ཁང་གསར་དུ་བརྒྱབས། སྤོ་བོས་ཉར་ནས་ཡོད་པའི་ཁང་མིག་དེ་ཚོ་དགྲ་ལྷ་ཁང་གི་འཛུགས་སྐྲུན་གྱི་ཆ་ནས་གལ་ཆེ་ཤོས་སུ་གྱུར་བས། མི་དམངས་རྣམས་ཀྱིས་ད་གཟོད་རྒད་པོ་འདིའི་ཤེས་རབ་ལ་ངོས་ཟིན་ཐོབ།
དགྲ་ལྷ་དགོན་པའི་རྒྱུ་དངོས་མང་ཆེ་ཤོས་ཉར་ཚགས་བྱེད་ཐུབ་པ་འདི་སྤོ་བོའི་ནུ་བོའི་མཛད་རྗེས་རེད། ཁོང་ནི་དགྲ་ལྷ་ཁང་གི་བླ་མ་རེད། ཀརྨ་དང་རིན་ཆེན་གཉིས་ཀྱིས་ཁོང་ལ་“ཨ་མྱེས་བླ་མ་’’ཞེས་འབོད། ཨ་མྱེས་བླ་མ་སྔོན་ཆད་འཇུས་ནས་བྱང་ཆུབ་རྡོ་རྗེ་དང་མཉམ་དུ་བཙོན་དུ་བཅུག་མྱོང་། དགོན་པ་མ་གཏོར་སྔོན་ལ། ཨ་མྱེས་བླ་མས་ཆོས་དཔེ་དང་ཆོས་ལུགས་ཀྱི་དངོས་རྫས་རྣམས་སྦས་པས། གོང་རིམ་མི་སྣས་ཁོང་ལ་སྤྲོད་དགོས་ཚུལ་བཤད་པར་ཁོང་གིས“ས་ཆ་འདི་ཤིན་ཏུ་དབུལ་ལ། འདི་ཆོས་འདོན་ས་ཙམ་ཡིན་པ་ལས། དགོན་པ་ཞིག་ལ་བརྩི་ནི་མ་རེད་ལ། དངོས་རྫས་ཅང་ཡོད་པ་མ་རེད།”ཅེས་བཤད།
འདྲི་གཅོད་པས།“འཆལ་གཏམ། ས་འདི་ལྟ་བུའི་ཆེན་པོ་ཞིག་དགོན་པར་མི་བརྩི་ཟེར་བ་ག་རེ་རེད། ཁྱོད་ཚོའི་དཀོར་གཉེར་སུ་ཡིན།”ཞེས་དྲིས་པར། ཨ་མྱེས་བླ་མས་གུས་པ་དང་བཅས་ཏེ“ས་ཆུང་ཆུང་འདི་དཀོར་གཉེར་མེད། ལས་ཀྱི་སྣེ་མོ་བ་ང་རང་ཡིན།”ཞེས་བཤད། འདྲི་གཅོད་པས།“དགོན་པའི་བདག་པོ་སྤྲུལ་སྐུ་གཉིས་ཀ་བཟུང་ནས་དྲིས་དང་།”ཟེར། ཨ་མྱེས་བླ་མས་“ཁོང་གཉིས་ཀྱི་གཅིག་ཆུང་ཞིང་། གཅིག་ཆེ། འདིར་ནི་ངས་གང་བཤད་པ་བརྩི་བ་རེད།”ཅེས་བཤད།
འདྲི་གཅོད་པ་ཁྲོས་བྱུང་། “ཁྱི་རྒན། དེས་ན་ཁྱོད་ཚོའི་དབུ་མཛད་སུ་ཡིན། བཟུང་ནས་ཤོག”
“དེ་ཡང་ང་ཡིན་ཡཱ།”
“གཟའ་རོ་འདི་ལ་རྒྱོབས།”ཞེས་བཤད་པར་མི་དམངས་ཀྱི་ཁུ་ཚུར་དང་རྡོག་ཐོས་གཞུས། གཞུས་ཟིན་རྗེས་ད་དུང་བཤད་རྒྱུར།“དབུ་མཛད་ཀྱིས་ཆོས་ཡག་པོ་ཤེས་ཀྱི་རེད། ཁྱོད་ཀྱིས་ཆོས་སྐྱོར་དང་།”ཅེས་པར། ཁོང་ཡང་བཞེངས་ནས་“ཨུན་ཨུན་ཨུན་ཨུན་”ཞེས་རང་དགར་སྐྱོར།
ཁོང་གཟའ་རོར་བརྩིས་ཤིང་། ཟླ་བ་འགར་བཙོན་དུ་བཅུག་རྗེས་ཕྱིར་གློད་པ་རེད། སྤོ་བོ་སྤུན་མཆེད་གཉིས་ཀས་གྲོང་པའི་བྱང་ཕྱོགས་ཀྱི་དགྲ་ལྷ་ཁང་འཇིག་པ་ལས་བསྐྱབས་ཀྱང་། གྲོང་པའི་ལྷོ་ཕྱོགས་ཀྱི་ནང་ལ་དགོན་པ་འཇིག་ལ་བསྐྱབས་མ་ཐུབ་པར་གཏོར་སོང་། གྱང་ཆག་ཁ་ཤས་ལས་ལྷག་མ་སོང་མོད། སྤོ་བོས་ལྐོག་ལྐོག་སུད་སུད་ཀྱིས་ཆོས་དཔེ་མང་བོ་ཞིག་ས྄ྦས་ཐུབ་ཡོད་པ་རེད། རིག་གནས་གསར་བརྗེའི་མགོ་སྟོད་དུ་སྤོ་བོས་ནང་ལ་དགོན་པའི་ཆོས་དཔེ་རྣམས་ནང་དང་བྲག་ཕུག་ཏུ་སྦས་པ་རེད་ལ། དེ་དག་གི་ཁྲོད་དུ་དགོན་པ་བཞེངས་མཁན་བྱང་ཆུབ་རྡོ་རྗེའི་ཆོས་ཕྱོགས་དང་སྨན་གྱི་སྐོར་གྱི་གསུང་རྩོམ་ཡང་ཚུད་ཡོད་པ་རེད། ཁོང་གི་དམིགས་ཡུལ་རྒྱུ་ཆེ་བའི་རྐྱེན་གྱིས་ཁོང་གིས་ཆོས་དཔེ་གང་མང་ཞིག་ཁྱིམ་མཚེས་དབུལ་བོ་ཚང་ཞིག་ལ་སྤོར་ནས་བཞག འོན་ཀྱང་ཁྱིམ་མཚེས་ཚང་ལ་ཁྱིམ་ལ་ལྟ་མཁན་མེད་པས། ཐེངས་ཤིག་མེ་སྐྱོན་བྱུང་ནས་ལྡེབས་བརྒྱ་ལྷག་མེར་ཤོར། སྤོ་བོས་སྡོད་ཀྱིན་སྡོད་ཀྱིན་སེམས་མ་བདེ་བར། མཚམས་མཚམས་ལ་དེ་དགོང་དང་འདྲ་བར། རྟ་དཀར་པོར་སྟན་ནག་པོ་བསྟད་རྗེས་མཚན་ནག་བརྟོལ་ནས་ཕེབས་འགྲོ་ལ། ཆོས་དཔེ་དེ་དག་བྲག་ཁུང་དུ་སྦ་བར་བྱེད། གལ་ཏེ་ལམ་ནས་མི་ལ་འཕྲད་པ་ཡིན་ན་ “ངེད་ཚང་གི་ར་མ་སྨྱོན་པ་དེ་མཐོང་སོང་ངམ།”ཞེས་འདྲི་ཁུལ་བྱེད། སྤོ་བོས་འདི་ལྟར་གནང་དུས། ཡོངས་འཛིན་བྱང་ཆུབ་རྡོ་རྗེ་ཁོང་དང་མཉམ་དུ་བཞུགས་ཡོད་པར་དགོངས་ཡོད་ངེས་ཡིན། ཡོངས་འཛིན་དགོངས་པ་རྫོགས་ཁར་རྟ་འདི་ཁོང་ལ་གནང་ནས་“རྟ་འདི་ཉར་ནས་སྡོད། འདིས་ཁྱོད་ལ་རོགས་བྱེད་ངེས་ཡིན།”གསུངས། རྟ་ངོ་མས་སྔོན་པོ་ཡིན་ནའང་། ལོ་ཆེ་རུ་སོང་བ་དང་བསྟུན་ལུས་ཡོངས་དཀར་བོར་གྱུར་སོང་། ནང་ལ་དགོན་པའི་ཉེ་འགྲམ་གྱི་རི་སུལ་དུ། མི་ཞིག་དང་རྟ་ཞིག་རྒྱུན་དུ་རྣམ་ཤེས་བཞིན་བརྟོལ་ཞོར། དད་མོས་ཀྱི་མེ་སོན་སྲུང་ཞིང་འདུག ་
ཆོས་དཔེ་དྲེལ་ལ་བཀལ་ནས་ཕྱི་ཡུལ་དུ་བྱོལ་བའི་མཁས་པ་མི་གསུམ་དང་འདྲ་བར། སྤོ་བོ་ཀརྨས་ནང་ལ་དགོན་པའི་དེ་མེ་སོན་སྤེལ་ནས་སླེབས། དགོང་མོ་ཞིག་ལ་ཁོང་གིས་ཆོས་དཔེ་འཁུར་ནས་རི་ལ་འགོ་དུས། ལས་བྱེད་ཅིག་ལ་ཐུག་སྟེ་བཟུང་ནས་འཁྲིད་སོང་། སྟབས་ཡག་ནས་སྤོ་བོ་ལགས་ཉིན་བཅུ་ཁ་ཞིག་གི་རྗེས་ནས་གློད་བྱུང་མོད། ཆོས་དཔེ་དེ་དག་ཚང་མ་མེར་བསྲེགས་པ་རེད། འོན་ཀྱང་། སྤོ་བོ་ལགས་ནི་སྔར་བཞིན་སྙིང་སྟོབས་ཅན་གྱི་སྐྱ་མི་རྟ་དཀར་དེ་ཡིན་ལ། ཁོང་གིས་མཚམས་མི་ཆད་པར་ར་མ་སྨྱོན་པ་དེ་འཚོལ། ལོ་མང་བོ་ཞིག་གི་རྗེས་ལ་བསྟན་པ་སླར་གསོ་བྱུང་། ཀརྨ་ཁྱིམ་གང་བོས་སྤོ་བོ་ལགས་ཀྱིས་བདག་སྐྱོང་གནང་བའི་ཆོས་དཔེ་དེ་ཚོ་ཕྱིར་ནང་ལ་དགོན་པར་བསྐྱེལ། མི་ཚང་མར་ཧོན་འཐོར་འཐོར་གྱིས་ཤེས་རྟོགས་བྱུང་བ་ཞིག་ནི་ཆོས་དཔེ་མང་དྲགས་ནས་གཡག་བརྒྱད་ཀྱིས་ཀྱང་མི་འཁྱོགས་པ་ཞིག་ཡོད་པ་དེ་རེད། ད་ནི་སྤོ་བོ་ལགས་ཞི་བར་གཤེགས་ཟིན། ཁོང་གིས་འོད་སྣང་ཡོང་རག་བར་དུ་སྒུག་ནས་བཞུགས་མ་ཐུབ། ཐ་ན་གཅིག་དགུ་དོན་དྲུག་ལོ་སྟེ། དུས་རབས་ལ་འགྱུར་ལྡོག་རླབས་ཆེན་ཞིག་འབྱུང་ལྟས་གསལ་བའི་ལོ་དེ་ཡང་གཟིགས་ཐུབ་མེད། དེ་མི་སྐྱོན་ཏེ། རྨོ་འདེབས་ཡོད་ཟིན་པའི་རྗེས་ན་སྟོན་འབྲས་ཡོད་པ་ལ་ཁོང་གིས་ནམ་ཡང་ཡིད་ཆེས་དང་། སྒྲོན་མེ་རྐང་གཅིག་པུ་དེར་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་མཁན་ཞིག་ཡོད་ན་ད་གཟོད་མཚན་ནག་གསལ་ཐུབ་པར་ཡིད་ཆེས་གནང་གི་ཡོད་པས་ཡིན། ཁོང་གིས་“ཁྱོད་ཚོས་ངེས་པར་དུ་ རྒྱུ་འབྲས་ལ་ཡིད་ཆེས་བྱེད་དགོས་”ཞེས་ཁོང་གིས་རྟག་པར་བྱིས་པ་ཚོར་གསུང་ངེས་ཡིན་ལ། “ཁྱོད་ཀྱིས་རྒྱུ་ནི་ཅི་བཏབས་ཀྱང་༎ འབྲས་བུ་དེ་ག་རང་དུ་འབྱུང་༎ དཔེར་ན་གང་དུ་བགྲོད་ཀྱང་རུང་༎ གྲིབ་མ་ཕྱི་ཕྱིར་འབྲངས་པ་བཞིན༎”
༼གཟི-བོད་མིའི་གཏམ་རྒྱུད།༽ཅེས་པའི་ཚན་པ་དང་བོའི༼ཆོས་སྒྲུབ་པ། གཉིས་པ། སྐྱ་མི་རྟ་དཀར།༽ཞེས་པ་ལས་དྲངས། རྩོམ་པ་པོ་ལིའུ་ཅན་ཆང་(刘鉴强)། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠་ལོར། དེབ་འདི་དཔེ་ཁྲི་ནས་ཕབ་སྟེ་རྒྱ་གཞུང་གིས་བཀག་པར་གྱུར།) ༢༠༡༠/༠༧/༠༣ཉིན་གྱི་ཞོགས་པར་དྷ་སར་བསྒྱུར།
འོད་ཟེར་ལགས་ཀྱིས་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་སྐུ་པར་མཇལ་བའི་མོད་ལ་དད་པ་དང་མོས་གུས་དེ་ཙམ་སྐྱེས་པ་ནི་སྔོན་རྗེ་བཙུན་མི་ལ་རས་པས་སྒྲ་སྒྱུར་མར་པ་ལོ་ཙཱའི་མཚན་ཐོས་པ་ཙམ་གྱིས་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང་། ལུས་ལ་བ་སྤུ་ཀུན་གཡོ་བའི་བདེ་བ། མཆི་མ་འཁྲུགས་པའི་མོས་གུས་ཚད་མེད་པ་ཞིག་འཁྲུངས་པར་གསུངས་དང་འདྲ་བས། ཚེ་རབས་སྔོན་མ་ནས་ལས་འབྲེལ་ཡོད་པའི་འབྲས་རྟགས་ཤིག་ཏུ་གོར་མ་ཆག་གོ
མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ།
མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་མཆོག་ནི་སྤྱི་ལོ་ ༡༩༢༠ བོད་རབ་བྱུང་བཅུ་དྲུག་པའི་དྲག་པོ་ལྕགས་སྤྲེལ་ལོ་སྙི་གསེར་གཉིས་ཀྱི་ས་ཚིགས་དང་ཉེ་བའི་སྙིའི་ལུང་ཕྲན་ལྗགས་ཁོག་ཞེས་པ་དེང་སང་གསེར་རྟ་རྫོང་ཧོར་ཤུལ་ཤང་ལྗགས་ཐལ་མའི་ས་ཆ་ལྗགས་ལག་རྡོ་ཀླས་སུ་སྐུ་འཁྲུངས། ཆུང་དུས་ནས་འཁོར་གདོང་དགོན་དུ་ཆོས་ཞུགས་གནང་སྟེ་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོས་༼ཆོས་དབྱིངས་ཁྱབ་བརྡལ་༽ཞེས་པའི་མཚན་གསོལ། སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་དང། འཁོར་གདོང་འགྱུར་མེད་རྡོ་རྗེ་སྐུ་མཆེད་གཉིས་ལས་བྱང་གཏེར་གྱི་ཆོས་སྐོར་གསན་བཞེས་མཛད། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས་རྫོགས་ཆེན་གྱི་སྐོར་གསན་བཞེས་གནང་སྟེ་བླ་མས་ཐུགས་གཙིགས་ཤིན་ཏུ་ཆེ་བར་མཛད་ཅིང། དེང་སང་གངས་རིའི་ལྗོངས་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཡིག་ཆ་འཛིན་པ་ལ་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ་ལས་མཁས་པ་སུ་ཡང་མེད་པས་ཁྱེད་ངེས་པར་དུ་བོད་སྤྲུལ་སྐུ་དྲུང་དུ་སློབ་གཉེར་ལ་སོང་དང་སྔ་འགྱུར་རང་ལུགས་ཟིན་པ་ཞིག་འོངས་ཞེས་བཀའ་གནང་།
བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་དམ་པ་དེ་ཉིད་ཐུན་མིན་རིགས་ཀྱི་བདག་པོར་བསྟེན་ཏེ་ལོ་འཁོར་བཅོ་ལྔ་ཙམ་གྱི་རིང་ལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཡིག་ཆ་གཙོ་བོར་གྱུར་པའི་སྔ་འགྱུར་རྙིང་མའི་ཆོས་སྐོར་ལ་སྦྱངས་པ་མཐར་ཕྱིན་པ་གནང་སྟེ་མཁས་པའི་གྲགས་པས་ཁྱབ་པ་བྱུང། ༡༩༥༩ ནས་བཟུང་དུས་འགྱུར་མི་བཟད་པའི་སྐབས་ལོ་ཉི་འཁོར་ཉི་ཤུའི་རིང་ལ་ཀློང་ཆེན་མཛོད་བདུན་སོགས་ལ་དཔེ་གཟིགས་རྒྱུན་མ་ཆད་པར་གནང་ཞིང་བླ་མ་ཡང་ཐིག་གི་ཁྲིད་སྦྱངས་དང་། རྩ་རླུང་གི་ཉམས་ལེན་ལ་བརྟེན་པའི་བཅུད་ལེན་ཁོ་ན་གནང་བའི་དཀའ་སྤྱད་མཛད། སྐུ་ལུས་ཧ་ཅང་གི་སྐམ་པོར་གྱུར་ཏེ་ཕྱག་ནམ་མཁར་འགྱོག་ཚེ་ལག་ངུར་གྱི་རུས་རྐང་གཉིས་ཀྱི་བར་ནས་ཉི་མའི་འོད་མཐོང་ཐུབ། རྟེན་དགེ་ཚུལ་ཡིན་ཀྱང་འདུལ་བའི་གཞུང་ནས་བཤད་པའི་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པའི་དགེ་ཚུལ་ཞིག་ཁོང་མ་གཏོགས་བོད་ཡུལ་འདིར་དེང་སང་མེད་ཅེས་བརྗོད་ཆོག ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་སྔ་ནས་ཀྱང་དེང་དུས་ཀྱི་མི་ལ་རས་པ་གཉིས་པ་ཞེས་བསྔགས་བརྗོད་ཡང་ཡང་གནང་། ཁོང་གི་སྐུ་ཚེ་གང་པོར་ཀུན་སྤངས་བྱ་བྲལ་བའི་བརྟུལ་ཞུགས་དང་དུ་བླངས་པས་ཁོང་ལྟ་བུའི་ཆོས་པ་རྣམ་དག་ཅིག་དུས་རབ་ཉེར་གཅིག་པའི་མཇུག་འདི་ན་མེད་ཅེས་བཤད་ཀྱང་རྫུན་དུ་མི་འགྱུར། ༡༩༨༠ ཙམ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གུ་ཡངས་ཅུང་ཟད་བྱུང་བ་དང་སྟབས་བསྟུན་ཏེ་གསེར་རྟ་ལི་མདོ་ས་ཆ་རུ་ཆོས་འཆད་ཉན་གྱི་འགྲོ་དོན་བསྐྱངས་སྟེ་སློབ་ཚོགས་མང་དུ་བྱུང་། ཁོང་གཤེགས་ལོ་ནི་དགུང་གྲངས་དོན་བརྒྱད་ ༧༨ བཞེས་པ་སྤྱི་ལོ་ ༡༩༩༧ བོད་རབ་བྱུང་བཅུ་བདུན་པའི་མེ་གླང་ཧོར་ཟླ་གསུམ་པའི་ཚེས་གསུམ་ ༣ གྱི་ཕྱི་དྲོའི་ཆ་ལ་ཞིང་གཞན་དུ་གཤེགས། འདས་རྗེས་སུ་ངོ་མཚར་བའི་རྟགས་འཇའ་འོད་ཀྱི་བཀོད་པ་དང་གདུང་རིང་སྤྲེལ་སོགས་བྱུང་༎
དོ་སྣང་ཅན་ཡོད་ན་འདིར་གཟིགས་དང་བླ་མ་འདིའི་སྐོར་གྱི་མཆན་བུ་མང་པོ་བྲིས་བཞག
http://www.tibettimes.net/blogs.php?id=197&post_id=10119
“ཕལ་ཆེར་མཚམས་སྡོད་ཀྱིས་དབུ་སྐྲ་ལྷག་ཏུ་རིང་བའི་རྒད་པོ་འདི།”
གྲོགས་པོ་ཚོ། ཁོང་གི་དབུ་ལ་ནག་སོབ་སོབ་ཅིག་ཡོད་པ་དེ་མཚམས་སྡོད་ཀྱི་དབུ་སྐྲ་མ་རེད། དེའི་མིང་ལ་དོམ་ར་ཟེར། དོན་ལ་ཉི་ཞྭ་ཞིག་རེད། དོམ་སྤགས་རང་རྡ་ཡིན་མིན་མི་ཤེས།
དོམ་ལྤགས་ནི་མིག་སྨན་ཞིག་རེད། ཁོང་གིས་དོམ་ཞྭ་མནབ་པའི་རྒྱུ་མཚན་ནི་མིག་ལ་ཕན་པའི་ཆེད་དུ་རེད། ད་རུང་ཁོང་ལ་དོན་སྟན་ཞིག་ཀྱང་ཡོད། དོན་སྟན་འདིང་ན་རྐང་པའི་མཐིལ་གྱི་རྩ་རྣམས་བརྒྱུད་དེ་མིག་ལ་ཕན་པ་ཡོད་རེད་ཟེར།
ཨ་ལེ། འཇམ་དཔལ་རྣོན་པོ་ད་ངས་ཁྱེད་ཤེས་སོང་། ཐུགས་རྗེ་ཆེ། ཁྱེད་ལ་དགོས་པ་དེ་ངས་གློག་འཕྲིན་ནང་ནས་མགྱོགས་པོར་གཏོང་ཡོང་།
སྐྱབས་སུ་མཆི། བླ་མ་མཚན་ཉིད་ལྡན་པ་ཡང་དེང་དུས་ཁ་བརྡ་དྲ་ནང་གདན་འདྲེན་ཞུ་ཐུབ་པ་སྐལ་བ་རེ་བཟང་། བླ་མ་འདས་རུང་དམ་ཚིག་མ་འདས་པས་ཆོས་མཆེད་ཀུན་པོས་རེམ་རེམས། ཁྱད་པར་འོད་ཟེར་མ་འདི་ཡང་ལས་འཕྲོ་བཟང་པོ་ཡོད་ངེས་ཅན་རེད། མོས་གུས་དང་གསོལ་འདེབས་བྱས་ན་བླ་མ་དམ་པ་འདི་ཚོ་ལ་ཉེ་རིང་མེད་ངེས་པས་བྱིན་རླབས་འཇུག་པར་ཐེ་ཚོམ་མེད། དེ་རིང་ཆོས་འཁོར་དུས་མཆོད་ཀྱང་རེད་འདུག ། བཀའ་དྲིན་ཆེ་མཁན་པོ་ཆོས་དབང་། ཡི་རང་ཡོད་འོད་ཟེར་ཅན་མ། ཁྱེད་རྣམས་བསྟན་འགྲོ་ཕན་བདེ་འབྱུང་བའི་སྨོན་འདུན་ཡོད།
བྱ་བྲལ་དམ་པ་མཆོག་གི་གསོལ་འདེབས་ནི།
ངོ་བོ་ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུ། །
རང་བཞིན་འགག་མེད་དབྱིངས་སྣང་ལོངས་སྤྱོད་རྫོགས། །
ཐུགས་རྗེ་སྤྲུལ་བསྒྱུར་གདུལ་བྱའི་ཞིང་ཀུན་ཁྱབ། །
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
ན་མོ་མ་ཧྰ་གུ་རུ་དྷརྨྰ་དྷ྄ཏི་སརྦ་སིདྡྷི་ཕ་ལ་ཧྰུྃ། །
བླ་མ་མཁྱེན་ནོ། །ཆོས་དབྱིངས་ཁྱབ་བརྡལ། །
ན་མོ་གུ་རུ་དྷརྨྰ་ཀྰ་ཡ་ཡེ། །
གདོད་མའི་མགོན་པོ་ཆོས་སྐུ་ཀུན་བཟང་གི་ངོ་བོ། །
རང་སྣང་ལོངས་སྤྱོད་རྫོགས་སྐུ་རྡོར་སེམས་ཀྱི་རང་བཞིན། །
སྣ་ཚོགས་སྨིན་གྲོལ་བཀོད་པའི་མཆོག་སྤྲུལ་གྱི་ཐུགས་རྗེ། །
ཀུན་འདུས་བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ་ཁྱེད་མཁྱེན་ནོ། །
སྙིགས་དུས་སེམས་ཅན་དུག་ལྔའི་བསྟན་འཛིན་གྱི་རྒྱལ་པོ། །
རྩོད་ལྡན་སྐྱེ་བོས་ཆོས་བརྒྱད་ལུས་ངག་གི་སྐྱབས་མགོན། །
ཚུལ་འཆོས་རྟགས་ཙམ་འཛིན་པའི་ངུར་སྨྲིག་གི་བླ་གྲྭ།།
ཀུན་གྱིས་ཟླ་མེད་རྒྱལ་བསྟན་མཛེས་རྒྱན་གྱི་རྒྱལ་བ།།
ཚེ་གཅིག་སངས་རྒྱས་ཐོབ་པའི་རྫོགས་ཆེན་གྱི་རྣལ་འབྱོར། །
རེ་དོགས་འཁྲུལ་བ་ཞིག་པའི་མཚན་ལྡན་གྱི་བྱ་བྲལ། །
འཇིག་རྟེན་ཆོས་བརྒྱད་བྲལ་བའི་ངེས་དོན་གྱི་དགེ་བཤེས། །
ཀུན་མཁྱེན་རྗེས་འཇུག་གསུངས་ཀྱང་ཀུན་འདུས་ཀྱི་ཁྱབ་བདག །
ཆོས་རྗེ་བླ་མ་དམ་པས་ཐུགས་སྨོན་གྱི་དེད་དཔོན། །
མི་ལ་ཞལ་དཀར་ལས་ལྷག་གདན་གཅིག་གི་བླ་མ། །
སྲས་བཅས་རྒྱལ་ཀུན་དགྱེས་པའི་ཟུང་ཐུབ་ཀྱི་བློ་གྲོས། །
ལྟ་སྤྱོད་ཀུན་མཚུངས་ཆོས་དབྱིངས་ཁྱབ་བརྡལ་ཁྱེད་མཁྱེན་ནོ། །
མཆོག་འཛིན་ཞེན་བྲལ་རྨི་ལམ་ངང་ཚུལ་དུ་གཟིགས་ཀྱང་། །
ཆོས་འཆད་སྒོམ་སྒྲུབ་ཉིན་མཚན་བར་མེད་དུ་མཛད་ནས། །
དམ་ཆོས་ཚུལ་བཞིན་སྤེལ་བའི་ཞི་བདེ་ཡི་མཁན་པོ། །
དམ་པའི་མཚན་ཉིད་ཀུན་ལྡན་ཆོས་ཁྱབ་ཁྱེད་ཁོ་ན། །
དད་གུས་ཞེ་ས་བྱས་ན་བཀའ་སྐྱོན་དང་ཞལ་མཚར། །
ང་རྒྱལ་རྒྱགས་ཆེ་རྣམས་ལ་ངོ་ཚ་དང་སུན་འབྱིན། །
ཉམ་ཐག་སྤྲང་པོའི་ཕ་མ་བྱམས་བརྩེ་ཡི་རང་མདངས། །
གྲགས་རྒྱུགས་སྟོང་འུར་མེད་པའི་ཚུལ་གནས་ཀྱི་བླ་མ། །
ས་ཐོབ་སེམས་དཔའི་སྤྲུལ་མིང་བདག་གིར་ཡང་མ་མཛད། །
མཛད་ཕྲིན་སྲས་བཅས་རྒྱལ་བའི་ཀུན་བཟང་ལ་སྤྱོད་པ། །
མཉམ་ཉིད་ཕན་བདེའི་དགའ་སྐྱིད་ཚོགས་བསགས་ལ་རོལ་བའི། །
གཞན་དོན་རླབས་ཆེན་མཛད་པའི་རི་ཁྲོད་པ་མཁྱེན་ནོ། །
ཀུན་མཁྱེན་ཡབ་སྲས་གཞུང་དང་བཀའ་གཏེར་གྱི་མན་ངག །
ཀུན་མཁྱེན་མི་ཕམ་གསུངས་རྟོགས་བོད་སྤྲུལ་གྱི་རྒྱལ་ཚབས། །
ཀུན་མཁྱེན་རོང་ཟོམ་སྤྲུལ་བ་འཁྲུལ་མེད་དུ་གྲགས་ཀྱང་། །
ཀུན་མཁྱེན་རྒྱལ་བའི་གསུང་བཞིན་ཀུན་སྤྱོད་ཉིད་རྨད་བྱུང་། །
མཁྱེན་ཡངས་དག་པ་རབ་འབྱམས་ཆོས་དོན་ཀུན་མཐོང་ནས་། །
མཁྱེན་བརྩེ་ནུས་པས་འཁོར་བའི་སྡུག་བསྔལ་དག་སེལ་བ། །
ངེས་དོན་འཇམ་དཔལ་དཔའ་བོའི་རྣམ་འཕྲུལ་དུ་བྱོན་པ། །
སྔ་འགྱུར་བསྟན་པའི་སྒྲོན་མེ་ས་སྤྱོད་ཀྱི་སངས་རྒྱས།།
སྙིགས་ལྔའི་རང་རྟགས་སྒྲོ་སྐུར་ངན་སྨོད་ཀྱིས་གནར་ཀྱང་། །
གངས་ཅན་སྙིང་ནོར་དམ་ཆོས་སྣང་མེད་དུ་གྱུར་དུས། །
ཞུམ་མེད་ཐུགས་བསྐྱེད་དཔལ་ལྡན་བླ་མ་ཡི་རྣམ་ཐར། །
དམ་པའི་རང་གཤིས་ངོམས་པ་ཆོས་སྲིད་ཀྱི་སྙིང་ནོར། །
ཕྱི་ལྟར་དུས་འགྱུར་ནག་པོས་མནར་གཅོད་ཀྱིས་མ་གནོད། །
ནང་ལྟར་ཆོས་སྒྲུབ་འགལ་རྐྱེན་འཚུབ་རླུང་གིས་མ་འདས། །
གསང་ཆེན་བླ་མེད་རྣལ་འབྱོར་ངོ་མཚར་གྱི་མཛད་པས། །
གསང་གསུམ་གཡོ་བ་མེད་པའི་ངེས་དོན་གྱི་སྐྱབས་མགོན། །
བྱ་བྲལ་བླ་མ་དམ་པ་སྙིང་དབུས་ནས་འདུད་དོ། །
བྱ་སྤྱོད་ཆོས་མཐུན་བསྟན་འགྲོའི་དོན་ཆེན་ཞིག་འགྲུབ་ནས། །
རྒྱལ་དང་རྒྱལ་སྲས་བཟང་པོ་སྤྱོད་པ་ཡི་སྨོན་ལམ། །
ཇི་བཞིན་འགྲུབ་པའི་དམ་བཅའ་གསོལ་འདེབས་ཞིག་ཞུའོ། །
ཞེས་པ་༢༠༠༩ ༨ ༡༦ ལ་རྨི་ལམ་ཞིག་ལ་བརྟེན་ནས་གསེར་རྟ་བྱ་བྲལ་མཁན་པོ་ཆོས་དབྱིངས་ཁྱབ་བརྡལ་དྲན་པ་དང་སྐྱབས་འགྲོའི་སྨོན་ལམ་འདི་ཡིད་ལ་ཅི་ཤར་དུ་བཅོས་བསྒྱུར་མེད་པར་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གསོལ་བ་འདེབས་པར་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ། །
དུས་བབ་དྲ་ཐོག་གི་རྫ་་ཚེ་རིང་བཀྲ་ཤིས་ཀྱི་ཟིན་བྲིས་ལས་བཤུས་ཏེ་འདིར་བཀོད་པ་ཡིན།
>
ལེགས་བཤད་ཀྱི་གཏེར་ཁ་ཕྱེས་ཤིང༌། གསང་དོན་མདུད་རྒྱ་གྲོལ་བའི་སྨྲ་བ་ཡི་དབང་ཕྱུག ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་རོང་ཟོམ་གྱི་རྣམ་སྤྲུལ་ཡིན།
སྣང་སྲིད་ཀུན་བདེན་མེད་རྟོགས་ཤིང༌། རྩལ་སྣང་ལྷ་རུ་ཤར་པའི་གྲུབ་བརྙེས་ཀྱི་རྒྱལ་པོ། ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་ཀློང་ཆེན་གྱི་འདྲ་འབག་ཡིན།
ཞེན་ལོག་དང་དགོས་མེད་རྟོགས་པས། འཛིན་པའི་གཟེབ་ལས་གྲོལ་པའི་རི་དྭགས་ཀྱི་རྒྱལ་པོ། ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་འབྲོམ་སྟོན་གྱི་སྐྱེས་རབས་ཡིན།
སྐུ་ཚེ་དང་སྒྲུབ་པ་བསྙམས་པས། ཆོས་བརྒྱད་རླུང་ལ་སྐུར་པའི་མཁའ་མཉམ་གྱི་སྒོམ་ཆེན། ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་དེང་དུས་ཀྱི་མི་ལ་ཡིན།
བལ་འཕྱང་གི་ན་བཟའ་གསོལ་ནས། འདོམ་གང་གྲུ་བཞི་ཙམ་གྱི་ཁང་བུ་རུ་བཞུགས་པའི། ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་ཕྱི་རབས་ཀྱི་མིག་དཔེ་ཡིན།
དད་ལྡན་གྱིས་ཕུལ་པའི་ཕྱག་རྫས།ཉམ་ཐག་འཚོ་བའི་རྟེན་དང་ཚོགས་རྫས་སུ་གནང་བའི། ངའིབླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་བུ་སློབ་ཀྱི་དྲན་ཤིང་ཡིན།
བཀའ་བཀྱོན་དང་ཀུ་རེ་ཡོད་ཚད།གདམས་ངག་གི་བདུད་རྩིའི་ངོ་བོར་རོ་གཅིག་ཏུ་འབབ་པའི། ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་གདམས་ངག་གི་བང་མཛོད་ཡིན།
བློ་བྲལ་གྱི་རྒྱལ་ས་སྐྱོང་བཞིན། སྔ་འགྱུར་བཀའ་སྲོལ་འཛིན་པའི་རྩོད་མེད་ཀྱི་མཁས་པ། ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་མི་ཕམ་གྱི་རྒྱལ་ཚབ་ཡིན།
བསྟན་འཛིན་གྱི་ཡབ་ཆེན་དམ་པ། ཡང་དར་བསྟན་པའི་ཉིན་བྱེད་ངེས་དོན་གྱི་ཆོས་པ། ངའི་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཁྱེད་ནི་གངས་ཅན་གྱི་དཔའ་བོ་ཡིན།
ཨོ་ལེགས་སོ། སྒྲིབ་བྲལ་ཤེས་རབ་རྡོ་རྗེ། ཁྱེད་ཁ་སང་ངས་རིན་རྣམ་གྱི་ལོ་རྒྱུས་སྐོར་མྱུར་འཕྲིན་དུ་གཏོང་ས་དེ་རེད་པཱ།