མདའ་ཚན་པ་ལགས།
ང ་ལ་སྒྱོགས་མདེལ་མངར་མོའི་ཚབ་ཏུ་གྲ་སྒྲིག་བྱས་པའི་སྦིར་རག་དེ་ཁྱེད་རང་གིས་བཏུང་ནས་ཁྱེད་རང་རབཟི་ཡོད་པ་འདྲ།ངའི་མདའ་ལན་༣་ནི་ཁྱེད་ཀྱི་མདའ་མོ་གཅིག་ལ་མ་རེད། མདའ་དང་པོ་དེ་ཁྱེད་ཀྱིས་འཕངས་པ་རེད། དེ་ནས་ངས་མདའ་ལན་དང་པོ་འཕངས་། ངའི་མདའ་ལན་རེ་རེ་ལ་ཁྱེད་ཀྱིས་ཀྱང་མདའ་རེ་རེ་འཕངས་ཏེ་ད་བར་དུ་བཞི་འཕངས་ཡོད་པ་རེད།
ཁྱེད་ནས་ངའི་མདའ་ལན་གྱིས་གནད་ལ་འཁེལ་མི་འདུག་ཅིང་ཁྱེད་ཀྱི་བསམ་ཚུལ་འགྱུར་བ་གཏོང་ཐུབ་ཀྱི་མི་འདུག་ཟེར། དང་པོ་ངས་དེ་ཡིན་རྒྱུ་རེད་སྙམ། ངས་མདའ་ལན་དང་པོ་འཕེན་དུས་གོ་སྐབས་འདི་བཟུང་ནས་དོན་དག་འདིའི་ཐོག་ལ་བསམ་ཚུལ་ཅི་ཡོད་ལྷུག་པོ་ཞིག་བཤད་སྙམ་པ་མ་གཏོགས། དམིགས་བསལ་ཁྱེད་རང་ལ་ལན་གང་ཕོག་ཕོག་ལྟ་བའི་ཀུན་སློང་མེད། ཡིན་ན་ཡང། ངས་ད་ཕན་མདའ་ལན་གསུམ་པོའི་ནང་ལ་ཅི་བཤད་རྣམས་སྐྱར་དྲན་ཞིག་བྱས་ན་ངས་ཁྱེད་ཀྱི་བསམ་ཚུལ་ལ་ལན་གང་ཕོག་ཕོག་བྱས་ནས་བྲིས་ནས་འདུག ངས་བལྟས་ན་ལན་ཕོག་འདུག ལན་ཕོག་པ་ཙམ་གྱིས་བསམ་ཚུལ་བསྒྱུར་ཐུབ་པའི་ངེས་པ་ནི་ཡོད་པ་མ་རེད།
ཁྱེད་ནས་ཚིག་ཕྲད་སླ་བསྡུ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ལ་དེ་རྙོག་དྲ་ཚ་བོ་ཡིན་ཚུལ་བཤད་སོང་། ངས་དེ་འདྲའི་རྙོག་དྲ་ཚ་བོ་ཞིག་མིན་ཚུལ་བཤད་ཡོད། ང་ཚོའི་བརྡ་སྤྲོད་ལ་སློབ་དཀའ་བའི་ཆ་འགའ་རེ་ཡོད་པ་བདེན་པ་རེད། ཡིན་ན་ཡང་ངས་ནི་ད་བར་དུ་ཁྱེད་ནང་བཞིན་ཐོབ་ཐང་ལ་དེ་འདྲའི་སྡུག་སྐད་རྒྱག་པ་ཞིག་ཐོས་མ་མྱོང་། ཁྱེད་ཀྱིས་སྡུག་སྐད་རྒྱག་པ་མ་གཏོགས། ཁྱེད་རང་གིས་ཀྱང་་དེ་ལས་སླ་བོར་ཤེས་ཡོད་པ་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་དྲ་གྲོགས་རྣམས་ཀྱིས་ཀྱང་ཐོབ་ཐང་སྦྱངས་ནས་ཡོང་བ་རེད། ཁྱེད་ནས་ཁོང་ཚོར་ཡང་ཐོབ་ཐང་མགོ་རྙོག་ཚ་བོ་ཨེ་རེད་ཅེས་ནས་དྲིས་དང་།
རྒྱུ་མཚན་གཞན་པ་ཞིག་ནི་ཁྱེད་ནས་ཚིག་ཕྲད་གཞན་དབང་ཅན་གྱི་སྟབས་ཀྱིས་བློ་སྐྱོར་བྱེད་རྒྱུ་མང་པོ་འདུག་ཟེར། ངས་བློ་སྐྱོར་བྱེད་པ་ནི་སྤྱིར་བཏང་བོད་ཀྱི་སློབ་སྦྱོང་བྱེད་སྟངས་ཤིག་རེད་མ་གཏོགས་ཐོབ་ཐང་གཅིག་པོའི་དོན་དག་མིན་པ་དང་། བློ་སྐྱོར་མ་བཏང་ན་ཡང་ཤེས་ཐུབ་ཀྱི་ཡོད་ཚུལ་བཤད་ཡོད། ངས་ཀྱང་ཁྱེད་རང་ནང་བཞིན་དེ་བསྒྱུར་ཆོག་གི་རེད་བསམ་གྱི་ཡོད་ལ། བསྒྱུར་ཐུབ་ཀྱི་རེད་ཀྱང་བསམ་གྱི་ཡོད།
དེ་ནས་ཁྱེད་ཀྱིས་ཐོབ་ཐང་བློར་སྐྱོར་ཆེད་སློབ་མ་ཞིག་གི་རྣ་འཇོག་ཕྱིད་པ་དང་། གྲྭ་པ་ཞིག་ལ་དགེ་རྒན་གྱིས་བརྡུང་ཚུལ་བཤད་སོང་། ངས་གྲྭ་པས་ཁྲབ་གྱོན་རྒྱུ་དང་སློབ་མའི་རྣ་ཤུབས་གྱོན་རྒྱུའི་བསམ་ཚུལ་བཏོན་ཡོད། འདིས་ཀྱང་གནད་ལ་འཁེལ་མེད་ན་ཡང་གནད་མཐའ་ཞིག་ལ་འཁེལ་ཡོད་སྙམ།
འདི་དག་མ་གཏོགས་ཁྱེད་ཀྱིས་ཚིག་ཕྲད་གཞན་ཅན་རྣམས་འདོར་བའི་རྒྱུ་མཚན་གང་ཞིག་བགྲང་ཡོད། ངས་གནད་ལ་མ་ཁེལ་ས་གང་འདུག
གནད་ལ་ཕོག་མ་ཕོག་གང་ཡང་རུང་། གོང་གསལ་འདི་ཚང་མ་གཙོ་བོ་མིན་། གཙོ་བོ་ནི་སྐད་ཡིག་འདི་བོད་མི་རིགས་སྤྱི་བའི་རེད། མི་སྒེར་པ་ཞིག་གི་མ་རེད། མི་སྒེར་པ་ཞིག་གིས་རང་ཤེད་བཙོང་ནས་་སྐད་ཡིག་ལ་འགྱུར་བ་བཏང་ན་ཡག་པོ་མི་འདུག་ཟེར་གྱི་ཡོད། འདི་རྙིང་ཞེན་དང་ལྟ་བ་མཁྲེགས་པོ་ཡི་དོན་དག་ཅིག་མ་རེད། སྐད་ཡིག་ཅིག་གི་སྤྱི་བའི་ངོ་བོ་དེ་སྲུང་སྐྱོབ་བྱེད་རྒྱུའི་དོན་དག་རེད། ཕལ་སྐད་བསྟུན་དྲག་ནས་ལ་དྭགས་ཀྱི་སྐད་དང་འབྲུག་ཡུལ་གི་སྐད་བོད་སྐད་ཀྱི་ཁོངས་ནས་ཤོར་བ་རེད།
ངས་ཀྱང་བརྡ་སྤྲོད་ལ་འགྱུར་བ་ཞིག་དགོས་ཚུལ་རྒྱུན་དུ་བསམ་གྱི་ཡོད། འདི་ནི་ཐུན་མོང་ཞིག་གི་ངོ་བོ་ནས་ལས་རིམ་ཧ་ཅང་ཞིབ་མོ་དང་འཐུས་ཚང་བ་ཞིག་གི་སྒོ་ནས་བྱེད་རྒྱུ་ཞིག་ཡིན་པ་མ་གཏོགས། ཚིག་ཕྲད་སྐོར་ཞིག་གི་ཐོག་ལ་དཔའ་བོ་ཁེར་རྒྱུགས་བྱེད་རྒྱུ་ཞིག་མ་རེད། གཅིག་བྱས་ན་མི་མང་པོས་རང་རང་ས་ནས་འདི་ལྟར་བྱས་ན་འགྱུར་བ་མགྱོགས་པོ་འགྲོ་ན་ཐང་། དེ་དང་མཉམ་དུ་བོད་སྐད་ཀྱི་སྤྱི་བའི་ངོ་བོ་དེ་མགྱོགས་པོ་ཤོར་གི་རེད།