ཟླ་བ་གཞོན་ནུ།
—–
དྲོད་སྟེར་ཉིན་བྱེད་ནུབ་རིའི་ཕང་ལ་བཞུད།།
རི་བོང་མཚན་མ་སྤྲིན་གྱི་ཡོལ་བས་བསྒྲིབས།།
སྒེའུ་ཁུང་ངོགས་ཀྱི་ཁེར་རྐྱང་ལྡོམ་པོ་ལ།།
དྲན་པའི་སྙུང་བུས་ཡང་ནས་ཡང་དུ་གཙགས།།
ཤག་རོགས་གཉིད་པའི་གདོང་ན་འཛུམ་མདངས་ཤིག།
དེ་ལ་བསྟུན་པའི་སྔུར་བ་ཡང་མོ་ཞིག།
གཉིད་ཀྱི་དགའ་མས་བསྐྱུར་བའི་ཁོ་བོ་ལ།།
མི་བཟད་ལས་ཀྱི་དཀའ་ངལ་སྣོན་མ་ཞིག།
ཕ་ལོའི་སྐད་ངག་མ་གོ་བགྲང་བྱ་གཉིས།།
མ་ལོའི་འཛུམ་ཞལ་མ་མཐོང་བསྐལ་བ་ཞིག།
དྲིན་ཆེན་ཡིན་ཡང་རྐྱེན་ངན་ལས་ཀྱི་མཐུས།།
རི་ཆུ་སྟོང་གི་ཕ་མཐར་གཅིག་པུར་ལུས།།
ཕྱི་ཡི་འཇིག་རྟེན་མུན་པ་སྟུག་པོས་བཟུང་།།
ནང་གི་ཡིད་ཁམས་མི་འདོད་གདུང་བས་གཟིར།།
མི་རྟག་བསམ་པའི་འཆར་སྣང་རེ་རེ་ཡིས།།
གློ་དང་མཆིན་པའི་སྟེང་འོག་ཡང་ཡང་བརྗེ།།
འཛུམ་པའི་ཞལ་ལ་ཚེམས་ཕྲེང་དོ་ཤལ་བཏེག།
དགའ་བའི་སྤྱན་ལས་མཆི་མའི་རྦབ་རྡོ་བསྒྲིལ།།
བྱམས་བརྩེའི་ཕྱག་ཟུང་བརྐྱངས་ནས་ཡོད་པ་ལ།།
སྟག་མོའི་མཆོངས་སྟབས་ཆོག་པའི་དུས་ནམ་ཞིག།
༢༠༠༧།༢།༢༣ས་རཱར།