རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།
(རྩོམ་ཡིག་འདི་ནི་ས་ག་ཟླ་བའི་ནང་དུ་རྣམ་པ་མི་འདྲ་བའི་སྒོ་ནས་སྟོན་པ་ཐུགས་རྗེ་ཅན་དང་འབྲེལ་བའི་དུས་ཆེན་ཁྱད་པར་ཅན་འདི་སྲུང་རྩི་གནང་མཁན་གྱི་བོད་སྐད་སྨྲ་བ་ཡོངས་ལ་རང་ངོས་ནས་ལེགས་སྐྱེས་སུ་བསྔོས་པ་ཡིན།)
ཐའེ་ལན་དང་སེངྒ་ལས་གྲོས་འདོན་དང་སྒྲིག་འཛུགས་འོག་སྤྱི་ལོ་༢༠༡༦ ལོའི་ནང་པ་སངས་རྒྱས་པའི་དུས་ཆེན་གལ་ཆེ་ཤོས་ས་ག་ཟླ་བའམ་ཝི་སག(Vesak)དུས་སྟོན་དེ་སྤྱི་ལོ་༢༠༡༦ ལོའི་ཟླ་༥ ཚེས་༢༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ཆེན་མོར་ཟབ་རྒྱས་ངང་འཚོགས་ཤིང་། དྲུང་ཡིག་ཆེན་མོ་བྷན་གི་མུན་དངོས་སུ་ཆིབས་བསྒྱུར་གྱིས་གལ་ཆེའི་གཏམ་བཤད་གནང་།
ཁོང་གིས་གསུང་དོན། གཞི་རྒྱ་ཆེ་བའི་གཞིས་ཆགས་གནས་སྤོ་དང་། དྲག་སྤྱོད་གདོང་ཐུག སྐྱི་གཡའ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཉེས་གསོག་བྱ་སྤྱོད། སྤྱི་ཚོགས་ཁ་བྲལ་དུ་གཏོང་བའི་སྡང་སེམས་ཀྱི་གཏམ་བརྗོད་བཅས་ལ་གདོང་ལེན་བྱེད་དགོས་ཡོད་པའི་དུས་ཚོད་འདིར། ཁྱད་དུ་འཕགས་པའི་ས་གའི་དུས་ཆེན་གྱིས་ང་ཚོ་ལ་རིན་ཐང་བྲལ་བའི་གོ་སྐབས་ཞིག་མཁོ་འདོན་གནང་ཡོད། ང་ཚོས་གོ་སྐབས་འདི་སྤྱད་དེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་གལ་ཆེ་བའི་འགྲན་རྩོད་འདྲ་མིན་རིགས་ཐག་གཅོད་བྱེད་ཕྱོགས་ཐད་ཕན་ནུས་ཇི་ལྟར་ཐོན་ཐུབ་པའི་ཕྱོགས་ལ་བསམ་གཞིག་བྱ་འོས།
འགྲོ་བ་མི་ཚང་མ་འདྲ་མཉམ་ཡིན་པའི་གཞི་རྩའི་དམིགས་ཡུལ་དང་། བདེན་དོན་ལ་འཚོལ་སྙེགས་བྱེད་པའི་དགོས་ངེས་ཀྱི་རང་བཞིན། ཚེ་སྲོག་དང་ཁོར་ཡུག་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་བཅས་ནི་ཤེས་ཡོན་པ་ཚོའི་བགྲོ་གླེང་གི་བརྗོད་གཞིར་གྱུར་པའི་དོན་སྤྱིའི་བསམ་བློ་ཙམ་ཞིག་མིན་པར། ནང་པའི་རྗེས་འཇུག་དག་དང་དེ་ལས་གཞན་མི་མི་ཚང་མའི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་བགྲོད་ལམ་ཐོག་གི་ལག་ལེན་གྱི་ཚད་ཐིག་ཡིན།
སངས་རྒྱས་ཀྱིས་(དཀོན་བརྩེགས་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་པའི་མདོ)གསུང་དུ། (རྒྱལ་པོ་གསལ་རྒྱལ་གྱི་བུ་མོ)དཔལ་ཕྲེང་གིས་༼སངས་རྒྱས་ཀྱི་སྤྱན་སྔར་ཡི་དམ་ཆེན་པོ་བཅུ་བླངས་པའི་བདུན་པ༽ གང་དུ་དྲང་བདེན་མིན་པ་དང་། ནད་ཀྱིས་ཉམ་ཐག་པ། དབུལ་ཞིང་ཕོངས་པ། གནོད་འཚེ་ཕོག་མཁན་ཡོད་དོ་ཅོག་གི་རོགས་པ་བྱེད་པར་དམ་བཅས་པའི་སྐོར་ཞིག་བྲིས་ཡོད་ཅིང་། དེ་ལྟ་བུའི་སྙིང་སྟོབས་ཀྱིས་ང་ཚོས་སའི་གོ་ལའི་ཆེད་དུ་འབད་བརྩོན་བྱས་ཏེ་༼༢༠༣༠ལོའི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ༽མངོན་གྱུར་ཡོང་བ་དང་། ༼ཕེ་རིས་གནམ་བཤིས་འགྱུར་ལྡོག་གི་གྲོས་ཆིངས༽ལག་བསྟར་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་སྐུལ་འདེད་བྱེད་པ་དང་། འགྲོ་བ་མིའི་རིགས་ཀྱི་ཆེ་མཐོང་ཇེ་བཟང་དུ་འགྲོ་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཐུབ།
ད་དུང་བུ་མོ་དཔལ་ཕྲེང་གི་བྱ་སྤྱོད་ཀྱིས་ཞི་བདེ་དང་དྲང་བདེན་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དར་སྤེལ་གྱི་ཕྱོགས་ཀྱི་བུད་མེད་ཀྱི་གལ་ཆེའི་བྱེད་ནུས་མཚོན་ཡོད། ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་གི་གནད་དོན་སྔར་བཞིན་གལ་ཆེན་དོན་ཆེན་གྱི་དམིགས་བཀར་རྣམ་གྲངས་ཡིན་ཞིང་། མ་འོངས་པར་རྒྱལ་སྤྱིའི་གྲོས་གཞི་ཧྲིལ་པོའི་ཁྲོད་དུ་ཡང་འཕེལ་ཚད་ལོན་པར་སྐུལ་འདེད་བྱེད་གྱི་རེད།
ད་ནས་བདུན་ཕྲག་འགའི་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན་པའི་འཛམ་གླིང་མི་ཚུལ་རིང་ལུགས་གནད་དོན་གྱི་མགོ་ཁྲིད་ཚོགས་ཆེན་འཚོགས་རྒྱུ་ཡིན། འཛམ་གླིང་རྒྱལ་ཁབ་སོ་སོའི་དབུ་ཁྲིད་ཀྱིས་དུས་ལྟར་ཉེན་ཁའི་གནས་སུ་ཡོད་པའི་ཉམ་ཐག་མི་མང་ཁྲི་བརྒྱ་ཕྲག་མང་པོ་ཞིག་གི་དགོས་འདུན་ཐག་གཅོད་ཡོང་ཆེད་མི་སྣ་ཧུར་པོ་དག་དང་དེ་ལས་གཞན་པའི་གྲོགས་པོ་བཅས་དང་ལམ་ཁ་གཅིག་གི་ཐོག་ཏུ་མཉམ་ལས་བྱེད་རྒྱུ་རེད།
མིའི་རིགས་ཀྱི་མ་འོངས་པར་སེམས་ཁུར་གནང་མཁན་གྱི་ནང་པའི་རྗེས་འབྲངས་པ་དག་དང་། དེ་ལས་གཞན་པའི་དད་ལྡན་པ་ཚང་མས་ཐེེངས་འདིའི་དབུ་ཁྲིད་ཚོགས་འདུས་མི་ཚུལ་རིང་ལུགས་ཀྱི་ཁྲིམས་གཞི་སྲུང་སྐྱོང་བྱེད་པ་མངོན་གྱུར་ཡོང་བར་སྐུལ་འདེད་དང་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་ཡོད། གདོང་ཐུག་ཁྲོད་ཀྱི་མི་མང་དཀྱུས་མ་སྲུང་སྐྱོབ་བྱེད་པ་དང་། སའི་གོ་ལའི་ཛ་དྲག་གི་གནས་ཚུལ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་ནི་ང་ཚོའི་ལས་དོན་གྱི་དམིགས་ཡུལ་ཡིན།
ངའི་ཨ་མ་ལགས་ནི་ནང་པའི་རྗེས་འཇུག་པ་ཞིག་ཡིན་ཞིང་། རྒྱུ་མཚན་དེས་ངས་རང་གི་ཁྱིམ་ཚང་བརྒྱུད་ནས་ནང་ཆོས་ཀྱི་བསླབ་བྱ་ཤེས་རྟོགས་བྱུང་བ་དང་། བསླབ་བྱ་འདི་དག་ངའི་མི་ཚེ་གཅིག་གི་ཤེས་རབ་ཀྱ་ིའབྱུང་ཁུངས་སུ་གྱུར། ནང་ཆོས་ཀྱི་བསླབ་སྤྱི་དང་། ཁྱད་པར་དུ། བརྩེ་བ་དང་སྙིང་རྗེ་ཡི་སེམས་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཤིན་ཏུ་གལ་ཆེན་ཡིན་ཞིང་། བསླབ་བྱ་འདི་གཅིག་པུས་ཀྱང་འཛམ་གླིང་འདིར་ཕན་པ་སྒྲུབ་ཐུབ།
ཆེས་སྤྱིར་བཏང་གི་རིམ་པའི་ཐོག་ནས་བཤད་ནའང་། གལ་ཏེ་ང་ཚོས་དབུལ་ཞིང་ཕོངས་པ་དང་། ནད་ཀྱིས་མནར་བ། ཉམ་ཐག་སྐྱབས་མེད་ཀྱི་སྐྱེ་བོ་འདི་དག་རྒྱབ་ཏུ་གཡུགས་ཚར་བ་ཡིན་ན་ང་ཚོ་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞི་མདུན་བསྐྱོད་ཀྱི་ལས་དོན་ཟེར་བ་ཞིག་ག་ནམ་ཡང་ཡོང་ཐབས་མེད།
ནང་པ་སངས་རྒྱས་པས་མི་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དབུལ་ཕོངས་དང་། གཞིས་ཆགས་གནས་སྤོ། གནད་ཡམས། གནོད་འཚེ། གདོང་ཐུག གནམ་གཤིས་དྲོད་འགྱུར་སོགས་རྒྱལ་མཚམས་མེད་པར་ང་ཚོའི་ཕྱོགས་སུ་གཅར་བཞིན་ཡོད་པས། ངེས་པར་དུ་ང་ཚོ་ཐུན་མོང་གིས་སའི་གོ་ལའི་འགྲན་སློང་དེ་དག་ལ་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཡོད།
ནང་ཆོས་གསར་གཏོད་གནང་མཁན་སྟོན་པ་ཤཱཀྱ་ཐབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་གསུམ་ཀ་ཏག་ཏག་སྤྱི་ཟླ་ལྔ་བའི་ཉ་ལ་ཁེལ་ཡོད་ཅིང་། དེའི་རྒྱུ་མཚན་གྱིས་ནང་པའི་རྗེས་འབྲངས་དག་གིས་ལོ་རེ་བཞིན་གྱི་ཟླ་བ་ལྔ་བའི་ཚེས་བཅོ་ལྔ་འདི་ས་ག་ཟླ་བའི་དུས་ཆེན་ནམ་ཝེ་སག་དུས་ཆེན་དུ་གཏན་ཁེལ་བྱས་པ་རེད། ཝེ་སག་ལ་རྒྱ་གར་གྱི་གནའ་བོའི་ལེགས་སྦྱར་ཁྲོད་དུ་ཟླ་བ་ཉ་བ་ཞེས་པའི་གོ་དོན་ཡོད།
སྤྱི་ལོ་༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༥༤པའི་ཐོག་ཏུ་ནང་ཆོས་ཀྱིས་འགྲོ་བ་མིའི་རིགས་ཀྱི་ནང་བསམ་བློའི་ཐད་དུ་བཞག་པའི་བྱས་རྗེས་ལ་ངོས་འཛིན་གྱིས་ཝི་སག་ཟླ་བ་འདི་རྒྱལ་སྤྱིའི་དུས་ཆེན་ཀྱི་ངོ་བོར་གཏན་འབེབས་གྲོས་ཆོད་བྱུང་ལ་ལྟར། དེ་ནས་བཟུང་ལོ་ལྟར་ས་ག་ཟླ་བ་འདི་ཉིད་རྒྱལ་སྤྱིའི་དུས་ཆེན་གྱི་ངོ་བོས་སྲུང་རྩི་བྱེད་བཞིན་ཡོད།
མཇུག་ཏུ། ས་ག་ཟླ་བའི་དུས་ཆེན་འདིའི་ཐོག་ནས་ང་ཚོས་ང་ཚོའི་ཐུན་མོང་གི་འབྱུང་འགྱུར་གྱི་ཆེད་དུ་མནོ་བསམ་གཏོང་བ་དང་། སའི་གོ་ལའི་ཁྱབ་ཁོངས་སུ་ཕན་ཚུན་་རོགས་རེས་དང་མཉམ་གནས་ལ་རང་སྐུལ་གྱིས་བརྩོན་པ་དང་། ཕན་ཚུན་ཁོངས་གཏོགས་ཀྱི་ཚོར་ཤེས་མཐོར་འདེགས་ཡོང་བ། བྱམས་བརྩེའི་སེམས་པ་མངོན་གྱུར་ཡོང་བ་བཅས་ཀྱི་ཆེད་དུ་དམ་བཅའ་འཇོག་དགོས།
སྒྱུར་བ་པོའི་མཆན།
མཆན་དང་པོ།
གོང་གི་(勝髻經)མདོ་དེ་ནི་དཀོན་བརྩེགས་ཆ་བའི་མཇུག་ཏུ་བཞུགས་པའི་ལྷ་མོ་དཔལ་ཕྲེང་སེང་གེའི་སྒྲ་ཞེས་བྱ་བའི་མདོ་ཡིན་ཞིང་། མདོ་དེ་ལས། བཅོམ་ལྡན་འདས་ད་སླན་ཆད་བདག་གིས་སེམས་ཅན་མགོན་མ་མཆིས་པ་དང་། གོ་རར་སྩལ་པ་དང་། བཅིངས་པ་དང་། ནད་ཀྱིས་ཉམ་ཐག་པ་དང་། སྡུག་བསྔལ་བ་དང་། དབུལ་པོ་དང་། ཕོངས་པར་གྱུར་པ་དང་། ཚེགས་ཆེན་པོས་འཚོ་བ་དག་མཐོང་ན། དེ་དག་ལ་སྨན་མ་བཏགས་པར་གོམ་པ་གཅིག་ཀྱང་དོར་བར་མི་བགྱིའི། བཅོམ་ལྡན་འདས། བདག་གིས་སེམས་ཅན་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དག་མཐོང་ན་སྡུག་བསྔལ་དེ་དང་དེ་དག་ལས་ཡོངས་སུ་ཐ་པར་བགྱིས་ལ་ནོར་གྱིས་བསྡུ་བས་བསྒྲུབས་ནས་སླད་ཀྱིས་བདག་མཆི་བར་བགྱིས་ཏེ། བཅོམ་ལྡན་འདས། ཡི་དམ་བརྒྱད་པ་འདི་ཡང་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ།། ཞེས་སོ།།
མཆན་གཉིས་པ།
༼༢༠༣༠ལོའི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་༽ཞེས་པ་ནི་སྤྱི་ལོ་༢༠༡༥ལོའི་ཟླ་༩་པར་ཚོགས་མིའི་རྒྱལ་ཁབ་༡༩༣གྱི་མཐུས་མི་ལས་གྲུབ་པའི་དབུ་ཁྲིད་ཚོགས་འདུའི་ཐོག་གྲོས་མཐུན་བྱུང་བའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་ཚད་དེ། སྤྱི་ལོ་༢༠༡༦ཟླ་༡ཚེས་༡ནས་ཚོགས་མིའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོར་ལག་བསྟར་གྱིས་འབྱུང་འགྱུར་ལོ་༡༥ནང་རྒྱུན་སྲིང་འཕེལ་རྒྱས་ཀྱི་རྣམ་གྲངས་བཅུ་བདུན་གྱི་དམིགས་ཚད་མངོན་གྱུར་ཡོང་ཆེད་འབད་པ་བྱེད་བཞིན་ཡོད་པར་བཤད།
མཆན་གསུམ་པ།
༼ཕེ་རེས་ནམ་བཤིས་འགྱུར་ལྡོག་གི་གྲོས་ཆིངས༽ཞེས་པ་ནི་སྤྱི་ལོ་༢༠༡༥ཟླ་༡༢ཚེས་༡༢ཉིན་པེ་རིས་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག་གྲོས་མཐུན་བྱུང་ཞིང་སྤྱི་ལོ་༢༠༡༦ཟླ་༤ཚེས་༢༢་འཛམ་གླིང་སའི་གོ་ལའི་ཉིན་མོར་ཨ་རིའི་ནེའུ་ཡོག་ཏུ་མིང་རྟགས་དངོས་སུ་བཀོད་པའི་གྲོས་ཆིངས་ཞིག་གོ །
གསལ་བཤད། གོང་གི་རྩོམ་ཡིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་དྲ་རྒྱ་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གཉིས་ལས་བཏུས་ཏེ་བསྒྱུར་བ་ཡིན།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་
ནང་བསྟན་ལ་དད་པ་ཡོད་ན་བོད་ཀྱི་དབུ་འཁྲིད་གོང་
ས་ཏ་ལའི་བླ་མ་མཆོག་ལ་ངེས་པར་དུ་མཇལ་ཁ་
ཞུ་དགོས་དེ་མིན་ཁ་སྟོང་ལག་སྟོང་གི་དད་པ་ཙམ་
ཡིན་སྲིད་།