རོང་པོ་བློ་བཟང་རིན་ཆེན།
དེ་རིང་གྲྭ་ཚང་གི་རྣམ་འགྲེལ་རྒྱུགས་སྤྲོད་ཚར་ནས་ཁ་ཐུག་ཤག་ལ་ཡོང་སྟེ་དྭངས་གཙང་གི་རྒྱ་ཇ་བཟང་པོ་ཞིག་འཐུང་ཞོར་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་ལེ་ཚན་<<སའི་གོ་ལ་གྲུབ་ཚུལ་>>ཞེས་པ་ཞིབ་ཏུ་ཀློག་འགོ་བརྩམས།
སའི་གོ་ལ་ཐོག་མར་བྱུང་ཚུལ་ཁོ་བོས་ངག་རྒྱུན་ཙམ་ལས་དཔེ་དེབ་ཁྲོད་དུ་ཁྱོན་ནས་མཇལ་མ་མྱོང་། གྲོགས་པོ་ཞིག་གིས་མཛོད་གནས་གསུམ་པའི་རྩ་འགྲེལ་ཁག་ཏུ་སའི་གོ་ལའི་བྱུང་ཚུལ་གསལ་པོར་གསུངས་ཡོད་ཟེར། འོན་ཏང་རྣམ་གཡེང་དང་ལེ་ལོའི་དབང་དུ་ཤོར་ནས་ཀློག་རྒྱུ་མ་བྱུང་། དེ་རིང་ལེ་ཚན་འདིའི་ཁ་བྱང་མཐོང་མ་ཐག་འདིར་སའི་གོ་ལ་བྱུང་ཚུལ་གླེང་ཡོད་ཤག་བྱས་ནས་དཔེ་ཀློག་འདུན་པ་སྔར་ལས་ཟབ། འོན་ཏེ་སྤྲོ་སེམས་རབ་ཏུ་འཁོལ་ཏེ་ཞིབ་ཏུ་ཀློག་སྐབས་“ཉི་མའི་ཆ་ཤས་ཙམ་ཞིག་ཕྱིར་ཆད་ནས་བྱུང་སྟེ་སའི་གོ་ལ་གྲུབ་པ་དང་། སའི་གོ་ལའི་ཆ་ཤས་ཙམ་ཞིག་ཕྱིར་ཐོན་ནས་ཟླ་བ་བྱུང་བ་རེད།”ཅེས་སའི་གོ་ལ་ཉི་མའི་ཆ་ཤས་ཤིག་ལས་གྲུབ་པ་རེད་ཟེར་བ་མ་གཏོགས། བྱུང་རིམ་གསལ་པོ་ཞིག་བྲིས་མེད་པས་སྔར་གྱི་སྤྲོ་སེམས་དེ་ཉིད་ཅུང་ཟད་ཉམས་པར་བྱས། རེད་དེ་ནེ་རུ་ཁོང་གིས་དེ་ཙམ་ཞིབ་འབྲི་མི་བྱེད་པ་ནི་ལོ་ན་ཆུང་བའི་བུ་མོ་ཨིན་ཌྷི་ར་གྷན་དྷེའི་སེམས་ལ་འཛིན་བདེ་བའི་སླད་དུ་ཡིན་སྲིད། དེ་ནས་མུ་མཐུད་དུ་ཀློགས་དུས་ཉི་ཟླ་སྐར་གསུམ་གྱི་ཆེ་ཆུང་དང་དྲོ་ཚད། རྒྱུ་སྐར་དང་བརྟན་སྐར་གྱི་ཁྱད་པར། སའི་གོ་ལའི་འཐེན་ཤུགས་སོགས། མདོར་ན་སའི་གོ་ལའི་རང་བཞིན་ཅུང་ཙམ་ཞིབ་འབྲི་བྱས་འདུག
ནེ་རུ་ཁོང་གིས་ཟླ་བའི་གོ་ལ་“ཕར་ཆེལ་གངས་ཐང་དང་འཁྱག་རོམ་གྱིས་ཟིན་པའི་ཐང་གཞོངས་ལྟ་བུ་ཞིག་ཡིན་རྒྱུ་རེད།”ཅེས་ཚིག་ཐག་མི་ཆོད་པའི་སྐད་ཆ་འདི་ལྟར་བསྙད་དུས། སྐབས་དེར་དེང་སང་ནང་བཞིན་མེ་ཤུགས་འཕུར་མདར་བརྟེན་ནས་ཟླ་བའི་གོ་ལའི་སྟེང་དུ་མི་དངོས་སུ་སོང་སྟེ། པར་དང་བརྙན་བརྒྱབ་པའི་གྲུབ་འབྲས་མངོན་དུ་གྱུར་མེད་ཚོད་འདུག
གང་ལྟར་དཔེ་དེབ་འདི་ཀློག་ཡོང་དུས་ཁོང་ནི་རང་གི་བུ་མོར་ཧ་ཅང་ཞི་འཇམ་ངང་ནས་སློབ་སྟོན་དང་དོགས་སློང་གནང་མཁས་པའི་ཡབ་ཆེན་བཟང་པོ་ཞིག་ཡིན་པའི་ཚོར་འདུ་ཡང་ཡང་སྦྱིན་་པ་མ་ཟད། རང་ཅག་ཁ་བ་ཅན་ལའང་འདི་ལྟ་བུའི་ཡབ་ཆེན་གྲངས་མེད་ཡོད་ན་ཅི་མ་རུང་སྙམ་པའི་འདོད་རྔམས་ལན་བརྒྱར་སྐྱེས།
2019/1/12ལ་རང་ཤག་ཏུ་བྲིས།
སྲིད་བློན་ནེ་རུའི་རྩམ་དེབ་བཞི་བཅུ་ལྷག་ཙམ་ཡོད་པ་བལྟ་ཀློག་གནང་འདོད་ཡོད་མཁན་ཚོའི་ཨི་ལ་སྦད་ནེ་རུའི་དཔེ་མཛོད་ཁང་དུ་གཟིགས་
ཐུབ་རྒྱུ་ནེ་རུའི་རྩམ་དེབ་ནང་ནས་སྐད་གྲགས་ཆེ་ཤོས་ ( Thought of Nehru ) and Glimpses of world 1936 སོགས་ཡིན་འདུག།