ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། གཟའ་ཕུར་བའི་ཉིན་ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་སྤོ་དང་བསྟན་འཛིན་རྣམ་གཉིས་དང་། མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་གསེར་ཁྲི་སྡེ་བ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་དཔག་སྐྱབས་བཅས་ནས་བོད་རང་དབང་གི་ཆེད་ལུས་སྲོག་མེ་རུ་བསྒྲོན་པ་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེན་པོ་ཞིག་བཀོད་སྒྲིག་ཞུས་ཡོད། དེ་རིང་གི་མཆོད་འབུལ་སྨོན་ལམ་འདིར། འཆི་མེད་དགའ་ཚལ་གླིང་དང་བཙུན་དགོན་སྒྲོལ་མ་གླིང་གཉིས་ནས་གྲྭ་བཙུན་རྣམས་ཆེད་ཕེབས་དང་། ནོར་གླིང་དང་ནོར་གླིང་འདབས་འབྲེལ་གྱི་མི་མང་བཅས་མི་གྲངས་བཞི་བརྒྱ་ལྷག་མཉམ་འཛོམས་ཀྱིས་མ་ཎི་གསོག་སྒྲུབ་ཀྱི་ལམ་ནས་སྨོན་ལམ་མཆོད་འབུལ་ཞུས་ཤིང་། རྒྱུན་མཐུད་དུ་སྨོན་ལམ་མཆོད་འབུལ་ཞུས་དང་ཞུ་བཞིན་པ་ནི། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བློས་གཏོང་ཆེན་པོ་གནང་བབ་སྤྱི་དང་། ཡང་སྒོས་བོད་མི་ཞིག་ཡིན་ཕྱིན་ངེས་པར་ཚོར་སེམས་འགྱུར་བ་མེད་པ་ཞིག་ཡོད་པའི་ཐོག་ནས་དཔའ་བོ་དཔའ་མོ་དག་གི་ཆོད་སེམས་ལ་གུས་འདུད་དང་། ཤུལ་ལུས་ནང་མི་དག་ལ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ལས་འགན་ཞིག་ཡིན་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད།
མཆོད་འབུལ་སྨོན་ལམ་གྲུབ་མཇུག འཆར་ཅན་བཞིན་མི་མང་ཚང་མ་འཆི་མེད་དགའ་ཚལ་གླིང་གི་མདུན་ཐང་དུ་འཛོམས་ནས་སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་དེ་རིང་གི་མཆོད་འབུལ་མཇུག་སྒྲིལ་ཞུས་ཡོད། སྒྲོལ་མ་གླིང་གི་དགེ་བསྐོས་ཀྱིས་ནོར་གླིང་གི་འདབས་འབྲེལ་གྱི་མི་མང་མཉམ་ཞུགས་བྱེད་དགོས་སྐོར་སོགས་ཀྱི་འབོད་སྐུལ་ནན་པོ་གནང་སོང་བ་བཅས་ཀྱི་གསར་གནས་སུ།།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས།
ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ ཉིན།
འཆི་མེད་དགའ་ཚལ་གླིང་གི་གཙུག་ལག་ཁང་ནང་སྨོན་ལམ་ཚུགས་པའི་སྐབས།
བཙུན་དགོན་སྒྲོལ་མ་གླིང་གི་དགེ་བསྐོས་ལགས་ནས་རེ་སྐུལ་གསུང་གླེང་གནང་བཞིན་པ།
སེར་སྐྱ་མི་མང་གཙུག་ལག་ཁང་གི་མདུན་ཐང་དུ་འཛོམས་ནས་མྱ་ངན་ཞུས་པའི་རྣམ་པ།
ཆོས་པ་ཞིག་ཡིན་ན་འདི་ལས་ལྷག་བྱེད་རྒྱུ་མེད། བཀྲ་དྲིན་ཆེ། གཞན་བསམ་འཆར་ཅི་ཡང་ཞུ་རྒྱུ་མེད། མཆན་མ་སྟོང་ཙམ་གྱིས་ཆེད་དུ་བྲིས་ཡིན།
བླ་མ་མཁྱེན། ཚོགས་པ་འདིས་ཉིན་གཅིག་ཏུ་བྱུང་བའི་བླ་བྲང་ཨ་མཆོག་གི་རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་གྱི་མཚན་ཙམ་ཡང་དྲངས་མི་འདུག ཚོགས་པ་ཞེས་པ་ཡང་དངོས་གནས་ཡ་མཚན་རེད།
བཀྲ་ཤིས་ལགས་ལ་གསལ་བཤད་ཞུ་རྒྱུ། ཕྱི་ཚེས་༢༦་ཉིན་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་གྱི་ཆེད་དུ་མཆོད་འབུལ་རྒྱས་པ་ཞིག་བྱས་ཡོད་པ་དེ་ཁྱོད་ཀྱི་མ་མཐོང་དེ་ཁྱད་མཚར་རེད། དང་པོ་གསར་འགྱུར་ལ་ལྟ། དེ་ནས་མཆན་འབྲི་རོགས། http://www.khabdha.org/?p=35316 རྒྱལ་གཅེས་བ་ཁོང་གི་ཆེད་དུ་སྨོན་ལམ་ཚོགས་པའི་ཁ་བྱང་འདི་རེད།