གཅན བཟོད་རྒྱམ།
____སུམ་དུས་ཞེ་གསུམ་པར་ཕུལ་བའི་ཞེ་ནད།
དུ་བ་མཇུག་རིང་གིས་དགུ་ཚིགས་ཐད་ཀྱིས་བཅད
འུ་ཚང་གི་གྱང་ཁ་ནས་ཁྭ་ཏས་ཐན་སྐད་བསྒྲགས
ཤར་ཕྱོགས་ནས་གནམ་ས་གཡོ་བའི་སྒྱོགས་སྒྲ་ལྡིར
ལས་དབང་གི་མདེའུ་གྲངས་མེད་སྦྲ་སླས་ནས་མེ་རུ་འབར་དུས
‘‘མང་ཁ་ཉུང་བས་མ་བརྟན’’ ‘‘དྲག་པོ་འཇམ་པོས་མ་ཁོག’’
ཁྱི་སྤྱང་གི་འདུར་རྒྱུགས་གང་སར་རྒོད་པས རི་ལུང་ཁྲི་ཕྲག་གི་ལྟེབས་ཁུག་ན
ཤ་ཁྲག་གི་རྔམ་ཁ་ཧ་ཅང་མཐུག
མེས་པོ་གྲངས་མེད་ཅིག་གཤིན་རྗེ་སྒོ་དྲུང་ན་འཚང་ཁ་རྒྱག་དུས
བྱིས་པ་ཚོས་སྡུག་ཡས་ངུ་གདངས་ལ་བསྐྱོན་ཏེ་རི་ལུང་གི་བྲག་ཅར་བཏབས
དུས་དེར མཐོ་སྒང་གི་ལྷུ་ལག་འཐོར་ལ་ཉེ་བའི་དུས་དེར
ཁྱེད་རང ལང་ཚོར་མི་འཚམ་པའི་རོལ་དབྱངས་ཤིག་གིས
གསེར་ཁྲི་མཐོན་པོར་ལྗིད་ཏུག་གེར
རལ་ཧྲུལ་དུ་གྱུར་བའི་ལོ་རྒྱུས་ཀྱི་གླེགས་བམ་ཕུལ་ཏེ
རེ་ལྟོས་མོད་པོའི་རྨུ་ཐག་གི་སྣེ་མོ་ཁྱོད་ལ་གཏད་ཀྱང་
ལྷ་སྲས་ལགས
ཁ་བ་བུ་ཡུག་གི་འཚུབ་ཁ་རྐྱེན་པའི་མཚན་མོ་དེར
ཧ་ཅང་མདངས་ཉམས་པའི་ཟླ་ངོགས་ནས
ཁྱེད་ཀྱི་ཞབས་ཟུང་གི་སྟངས་སྟབས་གང་ལ་བསྒྱུར་་་་་་
‘‘རྙིང་བཞི་རྩ་གཏོར’’་དང་‘‘ལྷ་འདྲེ་གདོན་བགེགས་ལ་རྒོལ་བའི’’་མེ་ལྕེ་ཁྲོད
ཉི་ཟླའི་འཁོར་སྐྱོད་ཀྱི་རང་དབང་བཟའ་ཡིས་ཟིན་ཅིང
ཕ་མེས་ཁྲི་ཕྲག་གི་ཚེ་སྲོག་རླུང་ལ་སྤུར
དེ་དུས ཕ་ཡུལ་དུ་སླར་ཡང་ལས་དབང་གི་ཁ་བ་ནག་པོ་བབས་པ་
སུ་ཞིག་གིས་བསྐལ་བར་བརྗེད་སྲིད་དམ
དུར་ཁྲོད་དུ་ལུས་པའི་བྱིས་པ་སྣབས་ལུག་ཚོ
‘‘བདེ་སྐྱིད་ཁང་’’དང་‘‘མཚན་སློབ་འཛིན་གྲྭ’’
‘‘སྦྲ་གུར་སློབ་ཆུང་’’སོགས་ན
མགོ་ན་ཞྭ་དང་རྐང་ན་ལྷམ་མེད་རུང རྩ་ལྡུམ་གྱི་བྲོ་བ་མྱོང་བཞིན
‘‘ང་ཚོ་ཀྲུང་གོའི་བྱིས་པ་ཡིན་’’ལ ‘‘ང་ཚོའི་ཕ་མ་ཀྲུང་གོ་ཡིན’’
ཧ་ཅང་རྩ་ཆེ་བའི་མའོ་ཡི་གསུང་རྩོམ་ལས
‘‘ཆ་མི་ཚང་བའི་དབྱངས་གསལ’’་རེ་བཏུས་ཏེ
རང་ཉིད་ན་ཚོད་སྨིན་པར་རེ་སྒུག་བྱས
ན་ནིང རིགས་ཞེན་གྱི་དུངས་པ་ལྕི་བའི་ཁུ་བོ་ཚོའང
འཐོར་རླུང་གི་འཚུབ་ཀ་རེ་རེ་ནས
འཁྲེང་སེམས་ཀྱི་ཕྱི་མིག་པོ་ཏ་ལར་ཕྱོགས
མིག་འབྲས་ལྟ་བུའི་སྐུ་ལོས་ཀྱང
རྒྱང་རིང་གི་གྲོགས་པོ་དྲན་པའི་གསང་བ་ཕྱི་ལ་ཤོར
འཁྱོལ་དཀའ་བའི་བགྲང་བྱ་ཞེ་གསུམ་རིང རེ་སྒུག་དང་བཟོད་སྒོམ
དངངས་སྐྲག་གི་བླ་འོག་ནས
འདི་ལྟར སྤུན་ཟླ་ཚོའི་ལང་ཚོར་ཆགས་གྲུམ་ཤོར་ཡང
འགྱེལ་ས་ནས་ལངས་དགོས་པའི་ཁྱེད་ཀྱི་ཞལ་གཙུགས་ལ་ཡིད་ཆེས་བརྟན
དེ་རིང་ཡང ཕུ་ནུ་ཚོ་རེ་རེ་བཞིན
མིག་ཆུ་དང་འཁང་ར་མོད་པའི་རྡོག་ཁྲེས་བསྒྲིགས་ཏེ
ཕྱིར་འོང་མེད་པའི་དུར་ཁྲོད་དེར་ཆས་པ་ཅི་འདྲའི་ཕངས་ཨང
སང་ལོ ང་ཚོས་ཀྱང
འགྱོད་གདུང་ཁྱོར་བ་གང་རེ་དང་ཁར་སྦྱོར་བཞིན
རང་ཉིད་ཀྱི་ཚེ་སྲོག་སྲུང་ཐབས་བྲལ
ཀྱེ ལྷ་སྲས་ལགས
ཁྱེད་ཀྱིས་གོ་ལ་ཟླུམ་པོའི་ཡང་རྩེ་ནས
རྒྱང་བཞུད་ཀྱི་གོམ་ཁ་ཕ་ཡུལ་དུ་བསྒྱུར་དང
པོ་ཏ་ལའི་གསེར་ཁྲི་ལ་ས་རྡུལ་ཆགས་འདུག
ཕྱི་ལོ་༢༠༠༢།༣།༧།ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་འདབས་ས་རཱ་མཐོ་སློབ་ཏུ།
(ལྡུམ་ར།)སྤྱིའི་འདོན་ཐེངས་བཅུ་གཉིས་པར་བཀོད། ༢༠༠༢ལོར་འབྲས་སྒོ་མང་ནང་པའི་རིག་གཞུང་ཚོགས་པས་འདོན་སྤེལ་ཞུས།
ངའི་རྩོམ་ཡིག་འདི་ཁ བརྡར་བསྐུར་ནས་ཏག་ཏག་ཉིན་མཚན་ཧྲིལ་བོ་གཅིག་འགོར་རྗེས་དྲ་ཐོག་ལ་བཞག་སོང་། འོན་ཀྱང་རྩོམ་ཡིག་གི་གཤམ་གྱི་ཟླ་ཚེས་དང་གསལ་བཤད་དེ་ཆེད་དུ་གཏུབས་ཚར་འདུག
ད་དུང་རྩོམ་ཡིག་ལ་དགོས་ངེས་ཀྱི་པར་རིས་ཞིག་ཡོད་པ་དེ་ཡང་བཀོད་མི་འདུག
རེ་བ་ཞིག་ལ་པར་རིས་དེ་དང་རྩོམ་ཡིག་གི་གཤམ་གྱི་གསལ་བཤད་དེ་ཚོ་ངའི་རྩོམ་ཡིག་དང་ལྷན་དུ་འགོད་རོགས།
དེ་མིན་ན་རྩོམ་ཡིག་འདི་ཕྱིར་འཐེན་གནང་རོགས། བཀའ་དྲིན་ཆེ།
གཅན་རྒྱམ་ལགས་་་ཁམས་བཟང་།
ལྷ་སྲས་འདི།
པོ་ཏྭ་ལའི་ཁྲི་ལ་མ་འཁོད་བར་དུ།
པོ་ཏྭ་ལའི་དམངས་གཙོའི་རང་དབང་མ་འཐོབ་བར་དུ།
པོ་ཏྭ་ལའི་བཙན་པོའི་རྒྱལ་ཁབ་ཀྱི་རང་བཙན་མ་འཐོབ་བར་དུ།
པོ་ཏྭ་ལའི་མི་དམངས་ཀྱིས་འཐབ་རྩོད་བྱ་ངེས་ལ་འདོད་འདུན་སྒྲུབ་ངེས།
ཡིན་ཀྱང་།
ངོ་ཚ་དང་དམ་ཚིག་མེད་པའི་རྒྱའི་སླུ་ཁྲིད།
མནའ་གན་དང་ལ་རྒྱ་མེད་པའི་ཏང་གི་རྒྱུགས་ཁྱི།
སྒོར་མོའི་ཕྲན་གཡོག་ཏུ་གྱུར་པའི་རྒྱལ་བཙོང་བའི་ལག་པས།
ལོ་རྒྱུས་ནག་བསུབ་དང་མི་རིགས་ལོག་ལམ་དུ་ཁྲིད་པར་འབད་བརྩོན་བྱ་ངེས་པའི་ཆོས་ཉིད་འདི་ནི།
ཕམ་ཁ་ཁུར་བའི་མི་རིགས་ཀུན་གྱི་ནང་དུ་ཡོད་དོ།།
གཅན་བཟོད་རྒྱམ་ལགས།
ཁྱེད་ཀྱི་རྩོམ་འདི་ལོ་ངོ་བཅུ་གཅིག་གི་སྔོན་སྟེ་༢༠༠༢ ལོར་བྲིས་ཏེ་དུས་དེབ་རེ་ཟུང་གི་ནང་བཀོད་མྱོང་འདུག་ན་ཡང་། ཁྱེད་ཀྱིས་དེང་སྐབས་ཚོར་བ་དམིགས་བསལ་ཞིག་གིས་བསྐྱར་དུ་དྲ་ངོས་སུ་འགོད་འདོད་བྱུང་ཞེས་པའི་རེ་སྐུལ་ལྟར། རྩོམ་གཤམ་གྱི་ཟླ་ཚེས་དང་གསལ་བཤད་དེ་དག་དགོས་གལ་ཆེར་མེད་པར་མཐོང་གིན་རྩོམ་ཡིག་རྐྱང་བ་ཉིད་ཡོངས་སུ་བསྐྱར་འགོད་བྱས་ཡོད། དེ་འབྲེལ་ཁྱེད་ཀྱིས་བསྐུར་བའི་པར་དེ་ནི་ཕྱིས་ཕྱིས་སུ་བྱུང་བའི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་ཀྱི་པར་ཞིག་ལགས་སྟབས། པཪ་དེ་ཡང་འཇོག་དགོས་མེད་སྣང་གིས་མ་བཞག་པ་ཡིན། ཁ་བརྡས་ཀྱང་ཛ་དྲག་དང་དགོས་གལ་ཆེ་བའི་རིགས་ལ་མ་གཏོགས། རྩོམ་ཡིག་ཡོད་ཚད་ལ་པར་རེ་འཇོག་བདེ་མེད་པའི་གནས་སྟངས་ལ་ཡང་བསམ་ཤེས་དཔྱོད་ཤེས་ཡོང་བའི་གསལ་བཤད་དུ།
ཁ་བརྡ་རྩོམ་སྒྲིག་པས་ཕུལ།
ཨ་རོགས། པོ་ཏ་ལའི་གསེར་ཁྲི་སྟེང་དུ་ས་རྡུལ་ཆགས་པ་ཙམ་ག་ལ་ཡིན། ཨ་ལས་ངན་པོ་ལོ་རྒན་གཅིག་འགོར་སོང་བ་རེད་ཡ། ད་དེའི་སྟེང་ལ་བཙའ་ཆགས་ཡོད་པའི་ཚོད་རེད། ཡིན་ན་ཡང་སྐྱབས་མགོན་རིན་པོ་ཆེ་ཕྱིར་ཕ་ཡུལ་ལ་སླེབས་པར་བོས་པ་དེར་རྗེས་སུ་ཡི་རང་གདའ།
དེང་སྐབས་ཁ་བརྡའི་རྩོམ་ཡིག་ཁང་ལ་འབྲེལ་བ་བྱེད་པ་འདི་དྲ་ལམ་བརྒྱུད་པ་འདྲ་བོ་ཁྱོན་ནས་མི་འདུག ངའི་སྐད་དེ་ཚོ་རྟ་བོང་གིས་སྐྱེལ་གྱི་པ་ནང་བཞིན་སྒུག་ནས་མི་བ་ནི་ཞིག་འགོར་དགོས་ཀི
ངའི་རྩོམ་ཡིག་འདི་འབྲི་བའི་དུས་ཚོད་དང་གང་ལ་སྤེལ་བ་སོགས་རྩོམ་ཡིག་གི་མཇུག་ཏུ་འདོགས་རོགས། དེར་ལག་པ་རིང་པོ་མ་འཆང་རོགས། པར་འགོད་མིན་ཁྱོད་ཀྱི་ཐུགས་འདུན་བྱོས།
དེ་མིན་ཕྱིར་འཐེན་གནང་རོགས་ཞེས་ཁ་སེང་ནས་བཤད་ཡོད།
ཅི་རེད། རྩོམ་ཡིག་འདི་འབྲི་བའི་དུས་ཚོད་དེར་ནག་ཉེས་ཞིག་ཡོད་ནི་མིན་ནམ།
ཨ་རོགས་བཟོད་རྒྱམ། སུམ་དུས་དེ་་་གསུམ་དུས་ཡིན་རྒྱུ་རེད་པ། ཐུགས་མཉམ་མ་བཞག་པ་ཡིན་ནམ། ཡང་ན།