བསོད་ནམས་ནོར་བུ།
མི་ཡུལ་གྱི་གྲུ་ཁ་ཞིག་ནས།།
ཆུང་འདྲིས་ཀྱི་གྲོགས་པོ་ཚོ་དང་།།
དྲན་གདུང་གི་རྨ་ཁ་ལྕི་ཡང་།།
འཛུམ་ཆུང་འདི་ཤུགས་ཀྱིས་ངོམ་ཡོད།།
ལུས་པོ་འདི་ས་མཐའ་གྱར་ཡང་།།
སེམས་པ་འདི་རང་ཡུལ་འཁོར་ཡོད།།
ཕ་ཡུལ་གྱི་རི་ཆུ་ལུང་གསུམ།།
མར་ཉལ་གྱི་རྨི་ལམ་བཞག་ཡོད།།
ཕ་མ་ཡི་གསེར་ཞལ་བསམས་ན།།
ཡུལ་མི་ལ་སྙིང་རྗེ་མི་འདུག།
ཕ་ཡུལ་གྱི་མཛེས་སྡུག་དྲན་ན།།
མི་ཡུལ་ལ་ངོ་ཚ་མི་འདུག།
གྲོགས་པོ་ཚོའི་མཛའ་བརྩེ་དྲན་ན།།
ཡ་ཆུང་འདི་འཛུམ་གྱིས་གང་ཡོོང་།།
ལ་ལུང་གི་བར་ཐག་བསམས་ན།།
བྱང་ཁོག་འདི་མིག་ཆུས་ཚོས་ཡོང་།།
ཕ་ཡུལ་དང་ཕ་མ་མ་འབོད།།
སེམས་པ་ལ་སྨུག་པ་འཐིབས་ཡོང་།།
སྤུན་མཆེད་དང་གྲོགས་པོ་མ་གླེང་།།
སྙིང་ཤ་ལ་སེར་ག་གས་འགྲོ།།
མཇལ་འཛོམས་ཀྱི་གོ་སྐབས་གླེང་དུས།།
ཤ་གསེང་ལ་དྲོད་ཅིག་འཕྱུར་ཡང་།།
ལོ་ཟླ་འདིའི་འགྱུར་འགྲོས་བསམས་ན།།
མཛུབ་མོ་འདི་ཅི་ཙམ་དགུག་དགོས།།
སང་ཞོགས་ལ་དྲན་པ་སད་ན།།
ཤར་ཕྱོགས་ཀྱི་རི་རྩེར་ལྟོས་དང་།།
སྐྱོ་ཆད་ཀྱི་སེམས་པ་དམར་པོ།།
ཉི་འོད་ལ་བརྫུས་ནས་བསླེབ་ཡོང་།།
མཚན་མོ་རེར་མར་ལ་ཉལ་དུས།།
མཇལ་འཛོམས་ཀྱི་རུམ་ཁ་ཕྱེས་དང་།།
ངལ་དུབ་ཀྱི་སེམས་པ་ཆུང་ཆུང་།།
རྨི་ལམ་ལ་བརྫུས་ནས་ཐུག་ཡོང་།།
22/ 5/ 2013/