ཚེ་རིང་།
ཞི་བདེ་རྒྱ་མཚོ་འཁྱིལ་བའི་ཉེ་འགྲམ་གྱི།།
ཆུ་ཡི་སྨུག་པ་འཐིབ་པའི་ཡུལ་ལྗོངས་ནས།།
སྣང་བ་རླུང་གིས་ཁུར་བའི་སྡུག་ཡུས་ཁྲོད།།
རྨི་ལམ་ཞིང་ཁམས་འགྲིམ་པའི་གཏམ་རྒྱུད་ཡོད།།
སྟོན་མཇུག་ལོ་མས་བཀབ་པའི་རྐང་རྗེས་ལ།།
དགའ་སྐྱོ་མིག་ཆུའི་དྭངས་མ་གཏམས་ཀྱིས་འཁྱིལ།།
སྤྲིན་པ་བྱང་ལ་འཁོར་བའི་བཞུད་སྟངས་དེར།།
རེ་བའི་སྙན་ངག་བསྐུར་བ་ལན་གཅིག་མིན།།
སྐར་མའི་རྒྱ་མཚོ་འཁྱིལ་བའི་མཚན་མོ་དེ།།
ང་རང་ལམ་དུ་ཆས་པའི་དུས་ཚིགས་ཡིན།།
འཕེལ་འགྲིབ་འགྱུར་བག་སྐྱེན་པའི་ཟླ་གཟུགས་འདིས།།
སེམས་ཀྱི་མཚོ་མོ་འཁྱག་ནས་འཁྱག་ཏུ་བཏང་།།
དུངས་སྣང་འོད་ཀྱིས་ཕྱེ་བའི་འཛུམ་ཆུང་ལ།།
སེམས་ཀྱི་མཚོ་མོ་སྐྱོམ་པའི་བསླུ་བྲིད་ཅིག།
སྣང་སྲིད་དབྱངས་སུ་བཀུག་པའི་ཆོ་ག་འདིས།།
གསང་བའི་གཟུགས་རིས་ཕྱི་ནས་ཕྱི་ལ་ཕྱུང་།།
རྔམ་གནག་མུན་པ་སྟུག་པོའི་ཁ་དོག་གིས།།
ཀྱ་ཀྱུའི་འཕྲང་ལམ་རིལ་གྱིས་བསྒྲིབས་ན་ཡང་།།
སྐྱ་རེངས་འོད་ཀྱིས་བསྐྲུན་པའི་འཇིག་རྟེན་ན།།
ང་ཡི་རྨི་ལམ་གཅིག་ནས་གཅིག་ལ་མཐུད།།
ཉེ་དུའི་གྲོགས་ཀྱིས་བོར་བའི་སྡུག་ཡུས་ཀྱིས།།
སྐྱོ་བའི་ན་བུན་སེམས་སུ་འཁོར་བ་འདི།།
སེམས་ཀྱི་རྨུགས་ཐག་ལས་ཀྱིས་སྦྲེལ་བ་དེར།།
དུངས་སེམས་མཆི་མའི་བཞུར་སྟངས་གཞན་ཞིག་ཡིན།།
སྟོངས་སངས་ནམ་མཁའི་དབྱིངས་ལ་འཁོར་འཁོར་ནས།།
གཟུགས་མེད་བྲག་ལ་ཐོགས་པའི་སེམས་ཀྱི་བྱ།།
ནུབ་ཁའི་ཉི་མ་དམར་བོའི་བཞུད་ལམ་ནས།།
ཁྱོད་རང་དྲན་བའི་ཕྱི་མིག་ཐེངས་གཅིག་ཤོར།།
2014/1/23