ལོ་མ་རྒྱལ།
དང་པོ།
ཉི་མ་སྐྱབས་རྡ་ས་ལ་འབྱོར་དུས་སྤྱི་ཟླ་བདུན་པའི་ཚེས་གཅིག་རེད། ཉིན་དེར། རྡ་སའི་རི་རྩེ་སྨུག་གིས་བཟུང་ཞིང་། རྡ་སའི་ནགས་ཀློང་ཆར་གྱིས་བྲན་འདུག དེ་ནི་སྟག་ཤ་ར་ཞིག་གི་ཡ་གྱོང་སྡུག་གིས་མནོན་ཏེ། སྨན་བུ་མོ་ཞིག་གི་ངོ་གདོང་མཆི་མས་ཁེངས་བ་དང་མཚུངས། ཉི་མ་སྐྱབས། ཟླ་བ་སྐྱིད་དང་ཕ་ཡུལ་ལ་ཁ་གྱེས་ནས་ལོ་དྲུག་ལྷག་འགོར་བའི་དེ་རིང་གི་ཉིན་མོ་འདི་ལ་ཡང་། རྩྭ་ཐང་ལྟ་བུའི་སྔོ་ཞིང་སངས་བའི་ནམ་མཁའ་དེ་རིག་མ་ཐུབ་ལ། འཛུམ་མདངས་དང་འདྲ་བའི་ཉི་མའི་འོད་ཟེར་དེ་ཡང་མཇལ་མ་ཐུབ།
རྡ་སའི་ཕྱི་ནང་གསང་གསུམ་སྨུག་ལོང་གི་འོབས་སུ་འཐིམས། སང་ཉིན་དང་མ་འོངས་ལྟ་བུའི་རྒྱང་རིང་རྒྱང་རིང་གི་རི་ཆུ་ནགས་གསུམ་དེ་ཚོ་ཡང་གཏན་ནས་མཐོང་ཐུབ་ཀྱིན་མི་འདུག ཉི་མ་སྐྱབས་གཙུག་ལག་ཁང་གི་ཕྱི་སྐོར་ནས་སྨུག་ལོང་གི་གསེང་ནས་ཀྱག་ཀྱོག་དང་ཁ་ཁུག འབའ་འབུར་མང་བའི་ལམ་ཕྲན་དེ་བརྒྱུད་ནས་འགྲོ་དུས། མདུན་ལྗོངས་ལ་འདི་ལྟར་སྨུག་གིས་སྒྲིབ་ཡོད་པས། དབང་མེད་དུ་དབུགས་རིང་ཞིག་གློ་རྒྱུ་མའི་ཞབས་ནས་ཁ་ལ་ཐོན། གོམ་པའི་འདེགས་འཇོག་དང་མིག་གིས་ལྟ་ཚོད་ཀྱིས་མཚམས་མཚམས་སུ་སྨུག་པའི་དྭངས་ལྷོད་ཀྱི་གསེང་ནས་རི་བོའི་རྩེ་མོ་དང་རྒྱང་རིང་གི་ལྗོན་པ། གཞུང་ལམ་སྟེང་གི་རླངས་འཁོར་བཅས་ཐོལ་གྱིས་ཐོལ་གྱིས་མཐོང་ཡང་། གློ་རྡེགས་གློ་རྡེགས་ལ་བསྐྱར་ཏུ་སྨུག་པས་སྒྲིབ་འགྲོ། དེ་ནི་སུ་ཞིག་ཕུགས་བསམ་འཚོལ་སྟངས་དང་འདྲ་ལ་། དེ་ནི་མི་ཞིག་གི་མི་ཚེ་མདུན་ལམ་དང་ཡང་མཚུངས། དེ་རིང་གི་གནམ་གཤིས་འདི་འདྲའི་རྡུགས་ཐུགས་ཤིག་ཡིན་པས། ཉི་མ་སྐྱབས་ཀྱིས་བསམ་པར་འཕྲལ་དུ་བསྐོར་ལམ་འདི་ནས་ལོག་ན་སྙམ་ཏེ་གོམ་པའི་སྣེ་མོ་རང་གི་སྡོད་སའི་ཕྱོགས་སུ་མྱུར་བར་སྲིངས།
ལམ་བར་དུ་ཁོ་རང་ཕ་བོང་ཆེན་པོ་ཞིག་གི་མཁྲིས་སུ་སླེབས་སྐབས། མཁར་རྒྱུགས་ཐོགས་པའི་རྒན་མོ་ལོ་ལོན་ཞིག་ལ་ཐུགས། རྒན་མོས་ཁོ་རང་མཐོང་བ་ན་ལག་གཡས་མཁར་བར་ཁེན་ཏེ། ལག་གཡོན་རྒྱབ་ལ་བཞག་ནས་ཅུང་སྒུར་སྒུར་གྱི་སྒོ་ནས། “བུ། ཁྱོད་རང་གཅིག་པུ་གང་ལ་འགྲོ་བཞིན་ཡོད”
“ང་རང་ཉིད་ཀྱི་སྡོད་གནས་སུ་འགྲོ་བཞིན་ཡོད། དེ་རིང་གི་གནམ་གཤིས་ཀྱང་ཡག་པོ་མི་འདུག ལམ་ཁ་ཡང་བདེ་བོ་མི་འདུག”
“ཁྱོད་སློབ་མ་ཞིག་ཡིན་ནམ། སློབ་གྲྭ་གང་ནས་ཡིན། ”
“ཨོ། ང་སློབ་མ་ཞིག་ཡིན། ད་ལྟ་ཝཱ་ར་ཎ་སི་ན་སློབ་སྦྱོང་བྱེད་ཀྱི་ཡོད། ”
“ཨོ། ད་ཡག་པོ་རེད། སློབ་སྦྱོང་ཡག་པོ་བྱེད་དགོས། ད་ང་ཚོའི་མི་རབས་མགོ་དཀར་པོ་གྱུར་ནས་ཚར་ལ་ཉེ། ང་བཙན་བྱོལ་དུ་འབྱོར་ནས་ལོ་དྲུག་བཅུ་མ་ཟིན་ཞིག་འགྲོ་བཞིན་འདུག ལྟོས་ཡོང་ན། མི་ཐོགས་འདི་ལ་ཕྱིར་རང་ཡུལ་དུ་ལོག་ཐུབ་མིན་བཤད་དཀའ་ཚོད་རེད་ཡ། ” དེ་ནས། ཉི་མ་སྐྱབས་ཀྱིས་ལམ་སང་སེམས་གསོ་ཡི་ཚུལ་གྱིས། “རྨོ་མོ་ལགས། ཁྱོད་ཀྱིས་སེམས་ཚེགས་མ་བྱེད། སེམས་ཚགས་མ་བྱེད། ལོག་ཐུབ་ནི་རེད། ” དེ་ནས། རྒད་མོ་དེ་ཡི་གཏིང་ལ་ལྷུང་ཡོད་པའི་མིག་ཟུང་ལ་སྐྱོ་བ་དང་རེ་བའི་མཆི་མ་ཞིག་འཁྱིལ་ཞོར། ཉི་མ་སྐྱབས་ལ། “ང་ཚོས་ཁྱོད་ཚོ་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཁྱོད་ཚོ་བོད་ཀྱི་སོན་རྩ་རེད། མ་འོངས་བའི་བོད་ཁྱོད་ཚོའི་ལག་པ་ན་ཡོད་པ་རེད། ང་ཚོ་ཤི་ཡང་། རུས་པ་སྤར་མོ་གང་བོ་ཕྱིར་རང་ཡུལ་ལ་ཁྱེར་མཁན་ཁྱོད་ཚོ་ཡིན། ད་སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་དྲིན་མ་བརྗེད་པར་བྱས་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་དགོས། འདི་རྒན་མོ་ངའི་རེ་བ་ཡིན། ”ཞེས་བཤད། ཉི་མ་སྐྱབས་ཀྱང་ཅུང་སེམས་འགུལ་ཐེབས་ཏེ། “ལགས་སོ། ལགས་སོ། ངས་སློབ་སྦྱོང་ལ་ཡག་པོ་བྱེད་ཁོ་ཐག་ཡིན། ཁྱོད་སེམས་བདེ་མོ་བྱོས།” ཞེས་གུས་བས་ལན་བཏབས། དེ་ནས། རྒན་མོ་དེ་ཡིས་ལག་གཡོན་ཐོད་ལ་བཀྱགས་ཏེ་མདུན་གྱི་ལམ་སྣེ་ལ་ལྟ་ཞོར།
“བུ། ད་ང་འགྲོ་གི་ཡིན། ངའི་རེ་བ་དེ་ཁྱོད་ཀྱིས་དྲན་པ་བརྗེད་མི་ཉན”་ཞེས་ནན་ནན་བཅགས་བཅགས་ཤིག་བྱེད་ཞོར་རྒན་མོ་དེ་ཁ་ཁུ་དང་འབའ་འབུར། ཀྱག་ཀྱོག་མང་ཞིང་སྨུག་ལོང་གིས་སྒྲིབ་ཡོད་པའི་སྐོར་ལམ་དེ་ནས་དལ་བ་དལ་བུར་འགྲོ་སོང་།
ཉི་མ་སྐྱབས་ཀྱིས་རྒན་མོ་དེ་ཡི་རྒྱབ་ལ་ཅེར་ནས་འདུག རྒན་མོ་དེ་ཡི་འདས་ཟིན་པའི་ལོ་ཟླ་ཡི་དཀའ་སྡུག་རྣམས་ཁ་ཁུ་དང་འབའ་འབུར། ཀྱག་ཀྱོག་མང་ཞིང་སྨུག་ལོང་གིས་སྒྲིབ་ཡོད་པའི་སྐོར་ལམ་དེ་ཡི་ངོས་ལ་དཔར་ཡོད་པའི་མོའི་རྐང་རྗེས་དེ་དག་དང་ཧ་ཅང་འདྲ། རྒན་མོ་དེ་ཡི་རྒྱབ་གཟུགས་ཀྱང་སྨུག་ལོང་གི་ཁྲོད་ནས་ག་ལེར་ག་ལེར་ཡལ་སོང་། ཉི་མ་སྐྱབས་ཀྱི་སེམས་ལ་ཡང་ཉི་མ་གཞན་ཞིག་ཤར་ཏེ། སྨུག་པ་གཤེགས་ནས་རང་གནས་སུ་ལོག་གོ
གཉིས་པ།
དགོང་མོ་དེར། ཉི་མ་སྐྱབས་ཀྱིས་ཟླ་བ་སྐྱིད་སེམས་ལ་དྲན། ཁོང་ལ་མཚོན་ན་ཟླ་བ་སྐྱིད་ཡིད་ལ་འཁོར་བ་ནི་དུ་འཐེན་ཞིག་གི་དུ་བ་འཐེན་པ་དང་འདྲ་འདྲ་རེད། ཁྱད་པར་ཏུ་ཁོ་མོའི་གཡའ་དག་པའི་འཛུམ་མདངས་དེ་བློ་ལ་ཤར་དུས། སྨུག་ལོང་ལོང་གི་ཁོའི་ཐ་མག་གི་དུ་བ་ཇེ་མང་དང་ཇེ་འཕྱུར་རེད། སྐབས་དེར། ཕྱི་རོལ་ན་ཆར་བ་ཟོ་བ་ཁ་ནས་ལྡུགས་པ་དང་འདྲ། ཤག་ཤག་གི་ཆར་སྒྲས་མཚན་མོའི་ལྷིང་འཇགས་ཡོད་ཚད་ཀུན་ནས་དཀྲོགས་ན་ཡང་། དེ་ཡིས་ཁོ་རང་གིས་ཟླ་བ་སྐྱིད་དྲན་པའི་སེམས་པ་དེ་དཀྲོགས་མ་ཐུབ། དགོང་མོ་དེར་ཁོ་རང་གི་རྣ་ཡིས་ཆར་སྒྲ་ལ་ཉན་བཞིན་སེམས་ཀྱི་མོ་རང་དྲན་བཞིན་ཨུ་ཚུགས་ཀྱིས་གཉིད་ལ་ཤོར།
ཞོགས་པ་གཉིད་ལས་སད་མ་ཐག་ཁོས་མདང་གི་རྨི་ལམ་དེ་ཡིད་ལ་འཁོར། རྨི་ལམ་དུ་ཁོ་ཕ་ཡུལ་ན་འདུག། ད་དུང་བརྩེ་བའི་ཨ་ཕ་དང་ལྷན་དུ་རྒྱབ་རི་སྒང་ལ་ལབ་ཙེ་བསྟོད་དུ་འགྲོ་བཞིན་ཡོད་པ་དང་། འདང་ཅན་གྱིོ་གྲོགས་པ་ཚོ་དང་མཉམ་དུ་གླུ་ལེན་གར་རྩེ་ཡང་བྱེད་ཀྱིན་འདུག དེ་ལས་ཀྱང་ཁྱད་མཚར་བ་དེ་ནི་ཟླ་བ་སྐྱིད་དང་འགྲོགས་ཏེ་འབྲས་བུ་གཡུར་ཏུ་ཟ་བའི་སྔོ་ལྗང་ལྗང་གི་ཞིང་ཁ་ལ་འགྲོ་བ་དེ་རེད། མདང་གི་རྨི་ལམ་དེ་དེ་ལྟར་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཁོའི་སེམས་ངོགས་སུ་གསལ་གསལ་ཐང་ཐིང་སྒོས་ཤར་རྗེས། ཁོས་ལམ་སང་སྣེ་མོ་ཡར་ལ་བརྫེས་ཤིང་ཅུང་ནོག་ཡོད་པའི་འབྲི་དེབ་དེ་ཡི་སྟེང་དུ་རེ་རེ་བྱས་ནས་བཀོད། འདི་ཕལ་ཆེར་ཁོས་རང་ཉིད་ཀྱི་ལོ་རྒྱུས་འབྲི་སྟངས་གཞན་ཞིག་ཀྱང་རེད།
ཉལ་ཁང་དུ་ཉལ་ཁྲི་གསུམ་ཡོད་ན་ཡང་། ཉིན་མ་འདི་ཚོར་ཁོ་རང་གཅིག་པུ་མ་གཏོགས་འདི་ན་འདུག་ནི་མེད། མི་གཅིག་ལ་མཚོན་ན་ཁང་པ་དེ་ཧ་ཅང་གི་ཆེན་པོ་རེད། ཉི་མ་སྐྱབས་ཁོ་རང་གི་སྣང་བ་ལ་ཡང་ཁང་པ་འདི་ཧ་ཅང་ཆེ་ཞིང་གྲགས་འགུལ་ཅི་ཡང་མེད་པའི་རི་ཁྲོད་པ་ཞིག་གི་སྒྲུབ་ཕུག་དང་མཚུངས་བའི་ཉམས་སྣང་ཤར། ཕྱོགས་བཞི་ཡི་གྱང་ངོས་ནི་དཀར་ཤག་ཤག་གི་ཚེ་སྲོག་ཤོར་བའི་མི་རྒན་ཞིག་གི་ངོ་གདོང་ཞིག་བཀལ་ཡོད་དང་འདྲ་ཞིང་། ཤར་ལ་གཏད་ཅིང་མཛེས་བ་གང་གིས་ཀྱང་སྤུད་མེད་པའི་སྒེའུ་ཁུང་དེ་ཡང་བཀྲེས་སྐོམ་གྱིས་མནར་བའི་བགྲེས་མོ་ཞིག་ལྟར་ཕྱི་ལ་ཁ་གདང་ནས་འདུག ཁོས་ནང་མོ་ལ་ཟ་དགོས་བའི་ཕོ་ཁའི་སྨན་འབྲུ་གཅིག་འགྱིག་དེམ་ལ་ཡོད་པའི་ཆུ་འཁྱགས་དེ་ཡིས་སྒོགས་སེ་འཐུང་རྗེས། ཞོགས་ཇ་ཅི་ཞིག་ཟ་དགོས་བའི་འདང་ཞིག་བརྒྱབས།
ཁོ་ཐབ་ཚང་ལ་སོང་། ཐབ་ཚང་ན་ཟ་ཆས་ཅི་ཡང་མི་འདུག། དུས་ཚོད་ཡུན་རིང་ཞིག་ལ་མེ་ཁ་མ་གསོས་མེད་པའི་ཐབ་ཁ་ཐོག་ལ་ས་རྡུལ་རིམ་པ་ཞིག་ཆགས་འདུག གྲུ་ཁ་ན་ཡོད་པའི་ཆུ་ལེན་ས་དེ་སྐམ་སངས་ལ་གྱུར་ནས། ཆེ་ལ་ནག་པའི་གྲོག་མ་རེ་ཟུང་གིས་དམྱལ་བའི་སྡུག་བསྔལ་གསལ་སྟོན་བྱེད་ཀྱིན། ཕལ་ཆེར་དེ་ཚོ་གཤིན་རྗེ་ཆོས་རྒྱལ་གྱི་བཀྱེས་ཡོང་བའི་དམྱལ་བའི་མེ་ལོང་ཡིན་པ་དང་འདྲ། ཆ་སྒམ་ནང་ལ་སྡེར་མ་དང་དཀར་ཡོལ་ཆེན་པོ་ཁ་ཤས་ལས་ཅི་ཡང་མི་གདའ་། ད་དུང་མགོ་བོ་ཆ་སྒམ་གྱི་མཁྲིས་སུ་བཅར་ན་ཡུན་རིང་ལ་འགོར་བའི་སྣུམ་ཡི་དྲི་མ་ཞིག་སྣ་ལམ་དུ་ཤར་རེ་འཐིལ་ཡོང་།སྐསབ་དེར་ཁོའི་སེམས་ལ་སྲེང་ན་བཙོང་བཞིན་ཡོད་པའི་ཨ་མདོ་བག་ལེབ་དེ་ཡིད་ལ་ཐོལ་གྱིས་དྲན་ཏེ། གོམ་པའི་འདེགས་འཇོག་སྲེང་ལམ་ལ་བསྒྱུར།
ཉི་མ་སྐྱབས་རྡ་སའི་བཞི་མདོ་ཡི་ཨ་མདོ་བག་ལེབ་ཚོང་མཁན་ཚོའི་བརྩིས་སུ་མ་སླེབས་པའི་སྔོན་ལ། སྲང་ལམ་གཡས་གཡོན་གྱི་མཐོ་རྒྱུ་དམའ་རྒྱུ་མེད་པའི་ཁང་བརྩེགས་དེ་ཚོ་ལ་ཞིབ་ལྟ་ཞིག་བྱས།
མཐོང་ཡུལ་ན་ཡོད་པའི་སྒོ་མང་ཆེ་བ་ད་དུང་ཕྱེ་མི་འདུག དེ་བཞིན་སྒེའུ་ཁུང་ཕལ་མོ་ཆེ་ཡང་ནག་རོག་གེར་རྒྱབ་ནས་འདུག ཁང་ཐོག་གི་དར་ལྕོག་ཀྱང་ཆར་བས་བརླན་ཏེ། ཕན་ཚུན་ལ་གཡས་འབྱར་གཡོན་འབྱར་གྱི་ངང་འདུག རླུང་བུ་ཕྲན་བུ་ཞིག་གཡུགས་ཀྱི་ཡོད་ན་ཡང་། དར་ལྕོག་གཉིད་སྐྱ་ཞིག་གཉིད་ལ་རོལ་བའི་ངང་ཚུལ་དང་འདྲ་ལ། ཡང་ན། ངལ་དུབ་ཀྱིས་མནར་བའི་མི་ཞིག་གིས་ཆད་སྣང་སྟོན་པ་དང་འདྲ། ཁང་ཐོག་གི་ཟུར་སྣེ་ན་ད་དུང་ཆུ་ཐིགས་ཆུང་ཆུང་རེ་ག་ལེར་ག་ལེར་སྲང་ལམ་འགྲམ་གྱི་གད་སྙིགས་ཀྱི་ཁྲོད་ལ་ཐིགས་ཀྱིན་ཐིགས་ཀྱིན་འདུག ཁྱི་ལྡོམ་ཁ་ཤས་མ་ཎི་འཁོར་ལོའི་ཁང་འདབས་ལ་འཚང་ཏེ་ཉལ་ནས་འདུག དེ་ཚོ་ཚང་མ་རློན་པ་རློན་རྐྱང་བྱས་ནས་ཡོད་པ་མ་ཟད། སྐམ་ཞིང་རིད་ལ་བཀྲེས་ལྟོགས་ཀྱིས་མནར་ནས་འདུག མཚམས་རེར། ཁྱམས་སྣེ་ཡི་དྲི་སྒྲ་ཡིས་དེ་ཚོ་ལ་བདེ་བ་གཞན་ཞིག་སྤྲོད་ཀྱི་ཡོད་པ་འདྲ།
ཁོ་རང་གོམ་པ་ལྔ་ཙམ་ཞིག་སོང་རྗེས། སྔོན་མ་ཁོ་རང་གོ་འཛིན་གྲྭ་གཅིག་པ་ཡིན་པའི་འཛིན་གྲོགས་བཀྲ་ཤིས་དང་རྡོ་ལོ་གཉིས་དང་འཕྲད། ཁོ་གཉིས་གཙུག་ལག་ཁང་དུ་སྐོར་ར་བྱེད་དུ་འགྲོ་བཞིན་འདུག དང་པོ། ཕན་ཚུན་ལ་ལག་པ་གཏོང་རེས་ཀྱིས་འཚམས་འདྲི་ཞིག་བྱས་རྗེས། ཡར་བཤད་མར་བཤད་བྱས་བྱས་པའིམཚམས་ཞིག་ལ་རྡོ་ལོ་ཡིས། “ཉི་མ་སྐྱབས། ཕལ་ཆེར་ཐེངས་འདི་ང་ཚོ་ཐུགས་པའི་མཐའ་མ་དེ་ཡིན་རྒྱུ་རེད། རྗེས་ནས་ཐུགས་མིན་བཤད་ཚོད་དཀའ་མོ་རེད །”ཅེས་བཤད་ཞོར་ཁོ་རང་ཕྲག་གཡས་སུ་ལག་པས་ལྷོད་ཀྱིས་ཐེངས་ཁ་ཤས་ལ་ཞུ། དེ་ནས། ཉི་མ་སྐྱབས་ཀྱིས་ “རྒྱུ་མཚན་ཅི་ཡིན་ནམ། ཁྱོད་གཉིས་གང་ཞིག་འགྲོ་རྩིས་ཡོད་”ཅེས་དྲིས་བ་ན། བཀྲ་ཤིས་ཀྱིས་རྡོ་ལོ་ཡི་ཁ་འཕྲོགས་ཏེ། ཅུང་ངར་ཤུགས་ལྡན་པའི་སྒོ་ནས་“སློབ་གྲྭར་མུ་མཐུད་དུ་སོང་ན་དཀའ་མོ་རེད། ལོ་ཡང་ཇེ་ཆེ་ནས་ཇེ་ཆེ་རེད། མ་འོངས་མདུན་ལམ་ཡང་ཇེ་མོག་ནས་ཇེ་མོག་རེད། དེ་ལས་ཕྱི་རྒྱལ་ལ་སོང་ནས་སྒོར་མོ་བསགས་ན་རེད”ཅེས་བཤད་པ་ན། ཉི་མ་སྐྱབས་ཅུང་ཧང་སངས་ཏེ། ལག་གཡས་ཀྱིས་མཛུབ་མོས་ཁ་ཡིས་མ་ཁ་ལ་ཕུར་ཕུར་རེ་བྱས་ཏེ་བསྡད། ཁོ་གསུམ་ཆ་མཉམ་འཛོམས་ཀྱི་མུ་དེར། རྒྱབ་ནས་བུ་མོ་ཞིག་གིས་རྡོ་ལོ་རྡོ་ལོ་ཞེས་འབོད་ཀྱི་ཡོད་པས། ཁོ་ཚོས་མཐའ་མའི་ལྷན་འཛོམས་ཀྱང་དེ་ལྟར་བྲལ་དགོས་སོང་།
སྐབས་དེར། ཉི་མ་སྐྱབས་ཀྱིས་ལམ་ཁ་ནས་དལ་་གྱིས་འགྲོ་ཞོར་མི་སྒེར་རང་དོན་དང་མི་རིགས་སྤྱི་དོན་གཉིས་ཀྱི་ཕྱོགས་ལ་བསམ་བློ་ཤོར། རང་དོན་དང་སྤྱི་དོན་གཉིས་འགལ་བ་ཡིན་ནམ། ཁོ་འདི་ལྟར་བསམ་གཞིགས་ཀྱི་ཀློང་དུ་ལྷུང་། ཁོ་འདི་ལྟར་བསམ་གཞིགས་ཀྱིས་བྱེད་ཀྱི་པའི་སྒང་ལ་ཁོའི་མདུན་གྱི་ཚོང་ཁང་ཆུང་ཆུང་དེ་ཡི་སྒོ་ཕྱེ་བའི་ཆོག་སྒྲ་ཡིས་ཁོ་ཡི་བསམ་གཞིགས་ཀྱི་དྭངས་མ་དཀྲོགས་ནས་སོང་།
གསུམ་པ།
ཉི་མ་སྐྱབས་ཨ་མདོ་བག་ལེབ་བཙོང་ས་དེར་སླེབས་དུས། བག་ལེབ་ཙོང་མཁན་ཨ་ཅག་གཉིས་མ་གཏོགས་མི་འདུག དེ་ཡང་། ལམ་གྱི་རྒྱུ་ཕྱོགས་དང་བསྟུན་ནས། གཅིག་གི་གཟུགས་པོ་ཡི་གཡོན་ཕྱོགས་ཧྲིལ་བོ་གསལ་བོར་མངོན་ཞིང་། ད་དུང་། ཀོར་ཀོར་ཟླ་བ་དང་འདྲ་བའི་བག་ལེབ་ཁ་ཤས་རས་ཁྲ་ཁྲ་ཞིག་གིས་བཏུམས་ནས་ཡོད་པའི་སྒམ་ཆུང་གྲུ་བཞི་ནར་དབྱིབས་ཤིག་གི་སྟེང་ན་གཅིག་ཐོག་ལ་གཅིག་བརྩེགས་ནས་ཡོད་ཅིང་། དེ་ཡི་འགྲམ་ན་ཡོད་པའི་འགྱིག་ཤོག་དཀར་པོ་དེ་ཚོ་ཡང་རླུང་གི་རྒྱུ་ཕྱོགས་ཀྱིས་ཡོམ་ཡོམ་འགུལ་བ་ཡང་གསལ་ལེར་མཐོང་ཡོང་། ལྟོས་ཚོད་དུ་ཁོ་མོ་ནི་ལོ་བཞི་བཅུ་བརྒལ་ཡོད་ཚོད་འདུག མགོ་ལ་ཁ་དོག་སྨུག་ནག་གི་ཞྭ་མོ་ཀོར་ཀོར་ཞིིག་གོན་ནས་འདུག ཞྭ་མོ་དེ་ཡི་མཐའ་ཁ་རྣམས་ཚིལ་དྲགས་ཀྱིས་ནག་པོར་གྱུར་འདུག་ལ། ངོས་དང་ཀླད་ལ་ཡང་སྣུམ་ཐུག་ཀོར་ཀོར་རེ་བབས་ནས་འདུག ཞྭ་མོ་ཡི་སྐེད་ན་མར་ལ་དཔྱངས་ནས་ཡོད་པའི་རས་ཐུག་དཀར་པོ་དེ་ཡིས་ཁོ་མོ་འགུལ་བ་དང་མཉམ་དུ་རྣ་རྩེ་ལ་ཡང་ཡང་ཐུག་གིན་འདུག
ད་དུང་གཏིང་ལ་ཟུག་མེད་པའི་རྣ་རྩ་ཡི་གཉེར་རིས་ན་གྲོ་ཕྱེ་ཡི་རྡུལ་ཁ་ཤས་ཤིག་ཀྱང་འགས་ནས་འདུག་ལ། འགྲམ་འོག་ན་སྨེ་བ་ཆུང་ཆུང་ཞིག་ཡོད་པ་དེ་ན་སྤུ་ནག་ཁ་ཤས་ཤིག་ཀྱང་རིང་དུ་སྐྱེས་ནས་འདུག རྣ་མཆོག་ལ་གསེར་དངུལ་གྱི་རྒྱན་ཆ་ཅི་ཡང་བཏགས་མི་འདུག
ཡིན་ན་ཡང་། རྣ་ཐོག་གི་ཚུལ་དུ་བུ་ག་ལ་ཅི་ཡིན་མི་ཤེས་པའི་ནག་པོ་ཞིག་རྒྱུན་འདུག ཁོག་སྟོད་ལ་སྟོད་གོས་ནག་ལ་མཐུག་པོ་ཞིག་གོན་ཏེ། བཙོག་ནས་ལག་ཏུ་ཕྲེང་བ་ཞིག་དཔྱངས་ནས་བསྡད་འདུག སྟོད་གོས་ཀྱི་དཔུང་མགོ་ན་གསལ་ལ་མི་གསལ་བའི་དབྱིན་ཡིག་ཁ་ཤས་ཕར་ལ་འཕྲད་དུ་བྲིས་འདུག་ཅིང་། གྲུ་མོ་ཡི་ཁ་ཐུག་གི་སྲུབས་ཀྱང་ཅུང་ཟད་ཐོར་ཏེ། ཁ་དོག་དཀར་པོ་ཅན་གྱི་ནང་མ་དེ་ཡང་ཕྱི་ལ་ཅུང་མངོན་ནས་འདུག ལག་གི་ཕྲེང་བ་ནི་མར་ལ་དཔྱངས་ནས་ཡོད་པ་ཙམ་ལས་གཡོ་འགུལ་ཅི་ཡང་བྱེད་ཀྱི་མི་འདུག བག་ལེབ་བཙོང་བའི་སྟངས་སྟབས་ཀྱི་ཁྲོད་ནས་ད་གཟོད་ཕྲེང་བ་ཡང་གཡོ་ཙམ་གཡོ་ཙམ་བྱེད་ཡོང་།
ཉི་མ་སྐྱབས་གོམ་གང་མདུན་སྤོས་ཀྱིས་ཨ་ཅག་དེ་ཡི་སྔུན་ལ་བཅར་བ་ན། ཁོ་མོའི་མིག་ཟུང་་ལྐོག་ཏུ་ལྷུང་ཞིང་། མཁུར་ཚོས་གཉིས་ཕྱི་རུ་འབུར་ནས་འདུག སྣ་རྩེ་ན་ནག་ལ་སྐྱ་བའི་རྨ་ཤུལ་ཆུང་ཆུང་ཞིག་ཡོད་པ་མ་ཟད། ཁ་ཤ་ཡི་མདོག་ཀྱང་ཤོར་ཏེ། སེར་ཁ་ཡང་ཅུང་ཟད་གད་འདུག ཉི་མ་སྐྱབས་ཀྱིས་བསམ་པར། རང་ཉིད་ཀྱིས་འདི་ལྟར་ཞིབ་ལྟ་བྱེད་པ་ནི་མི་རབས་ཤིག་གི་དེབ་ཐེར་ཀློག་པ་དང་། ཡང་ན། དུས་རབས་ཤིག་གི་གཏམ་རྒྱུད་ལ་ཉན་པའི་སྣང་བ་འཁོར། སྐབས་དེར། རླུང་བུ་ཞིག་དྲག་ཏུ་གཡུགས་ཏེ། ལྷ་ཁང་གི་དྲིལ་སྒྲ་ལྷང་ལྷང་གྲགས་ཀྱི་འདུག ཡང་བསྐྱར། ཉི་མ་སྐྱབས་ཀྱིས་དེབ་ཐེར་དང་གཏམ་རྒྱུད་དང་འདྲ་བའི་ཨ་ཅག་དེ་ལ་མཉམ་པར་བཞག
ཁོ་མོའི་རྩིབ་ན་བག་ལེབ་ཉོ་མཁན་གྱི་རྒྱུན་ཆད་ཀྱི་མི་འདུག ཆེས་ཁྱད་དུ་མཚར་བ་དེ་ནི་ཨ་ཅག་དེ་ཡི་མིག་ན་རྣོ་ངར་ཅན་གྱི་མདངས་ཤིག་དང་། ཁ་ན་མེ་ཏོག་ལྟ་བུའི་འཛུམ་ཞིག་ཡོད་པ་དེ་རེད། ཉི་མ་སྐྱབས་ཀྱིས་བསམ་པར། དེ་ཡིས་སྲང་ལམ་ཆུང་ཆུང་འདི་ལ་ཉི་འོད་ལྟ་བུའི་མདངས་ཤིག་དང་ཁ་དོག་འདྲ་བའི་ཉམས་ཤིག་བསྣན་ཡོད་པའི་ཉམས་སྣང་ཤར་ཞིང་། ད་དུང་། མི་རྣམས་ཀྱིས་ཁོ་མའི་རྩིབ་ནས་བག་ལེབ་ཉོ་བ་དང་མཉམ་དུ་མོའི་འཛུམ་མདངས་དང་མིག་མདངས་་གཉིས་ཀྱང་ཉོས་ནས་འགྲོ་བའི་སྣང་བ་ཤར། འདི་ནི་མི་རྣམས་ཀྱིས་འཚོ་བར་བཟུང་བའི་ལྟ་ཚུལ་ཞིག་ཀྱང་ཡིན་པ་འདྲ།
དེ་ནས། བག་ལེབ་བཙོང་མཁན་ཨ་ཅག་གཞན་པ་དེ་ཡི་རྒྱབ་ལོག་མ་གཏོགས་ཅི་ཡང་མཐོང་ཐུབ་ཀྱི་མི་འདུག ཡིན་ན་ཡང་། རྒྱབ་གཟུགས་དེ་ནི་ཁོ་ལ་རྒྱུས་ཡོད་རྒྱུས་ཡོད་ཅིག་ཏུ་སྣང་བས། ཁོ་རང་མཚར་སྣང་གི་ཁྲོད་ནས། ཨ་ཅག་དེ་ཡི་མདུན་ལ་སོང་བ་ན། ཁོ་མོ་ནི་སྔོན་ཆད་ཁོ་ཚོའི་འཛིན་གྲྭ་གཅིག་པའི་བུ་མོ་སྐར་མ་འཚོ་རེད། ཁོ་མོས་ཉི་མ་སྐྱབས་མཐོང་མ་ཐག་གདོང་ལ་མཚར་ཉམས་དང་སྐྱོ་ཉམས། ངོ་ཚ་ལ་སོགས་ཀྱི་མདངས་ཤིག་མངོན་ཏེ། འཕྲལ་དུ་ཡར་ལ་ལངས་ནས་ཉི་མ་སྐྱབས་ཀྱི་ལག་མགོར་འཇུས་ཏེ་མཚམས་འདྲི་ཞུས། སྐད་ཅིག་མ་དེར། ཉི་མ་སྐྱབས་ཀྱི་སེམས་ལ་དྲི་བ་སྟོང་ཕྲག་མང་པོ་མདའ་མདུང་གི་མཚོན་ཆ་ལྟར་སེམས་ངོགས་སུ་ཡང་ཡང་གཙགས་བྱུང་མོད། ཡིན་ན་ཡང་། ཁོ་རང་གི་ཁ་ནས་བཀྲ་ཤིས་བདེ་ལེགས་ཞེས་པའི་ཡིག་འབྲུ་འདི་བཞི་བོ་མ་གཏོགས་ཅི་ཡང་ཐོན་མ་ཐུབ། ཁོ་མོའི་དཔྲལ་བ་ན་སྔོན་མ་མེད་པའི་རྨ་ཁ་ཤིག་འདུག
མི་སུ་ཞིག་ཡིན་ཡང་། ཁོ་མོའི་གདོང་ལ་དང་པོར་ལྟ་དུས། རྨ་ཁ་དེ་ཐོག་དང་པོ་མཐོང་ཡོང་ངེས་རེད། དེ་ནས། ཁོས་འཕྲལ་དུ་བག་ལེབ་གཉིས་ཉོ་རྩིས་ཀྱིས་ལག་པ་ཁུག་མར་བསྲིངས་ནས་དངུལ་ལེན་པར་རྩོམ་དུས། གང་ནས་ཐོན་ཡོང་བ་ཡང་མ་ཤེས་པའི་ཆར་ཐུགས་ཁ་ཤས་ཁོའི་རྒྱབ་ལ་ཐཱགས་སེ་བབས་ཏེ། གློ་བུར་དུ་ཆར་བའི་འབབ་ཚད་ཤུགས་ཆེ་རུ་སོང་། དེ་ནས་སྐར་མ་འཚོ་ཡིས་མགྱོགས་མྱུར་དང་བྲེལ་སྟབས་ཀྱི་སྒོ་ནས་བག་ལེབ་རྣམས་བསྡུ་གསོག་བྱེད་འགོ་བརྩམས་ཞོར། “རྡ་སའི་ཆར་དུས་ལ་བློ་གཏོད་ཀྱི་ཡོད་པ་མ་རེད། རྡ་སའི་ཆར་དུས་ལ་བློ་གཏོད་ཀྱི་ཡོད་པ་མ་རེད”་ཅེས་ཁ་ནས་ཡང་ཡང་བཟློས།
དེ་ནས། ཉི་མ་སྐྱབས་ཀྱིས་ཀྱང་ཁ་ནས་ཅི་ཡང་མི་སྨྲ་བར་ཁོ་མོ་ལ་བག་ལེབ་རྣམས་བསྡུ་གསོག་བྱེད་རོགས་བྱས་ཏེ། ལག་ལ་རྩྭ་རས་དཀར་པོ་དེ་དང་རྐུབ་ལྕགས་ཆུང་ཆུང་དེ་གཉིས་བཟུང་ཏེ་མགོ་བོ་ས་ལ་སྒུར་ཞོར། ཆར་བ་ཟམ་ཟིམ་འབབ་པའི་ཁྲོད་ནས་ཁོ་མོ་དང་མཉམ་དུ་ཁོ་མོའི་སྡོད་གནས་སུ་ཕྱིན།
ཁོ་མོའི་སྡོད་ས་ནི་ཨ་མདོ་གྲོང་གསེབ་ན་འདུག ནང་ལ་ཐོན་དུས། ཆར་བས་ཅུང་ཙམ་བངས་ནས་འདུག སྡོ་ཁང་དེ་ནི་ཆེ་རྒྱུ་མི་འདུག་ལ་ཆུང་རྒྱུ་ཡང་མི་འདུག ནང་ན་ཉལ་ཁྲི་གཉིས་འདུག འཁྲིས་ཁང་དང་གསང་སྤྱོད་ཀྱང་ཁ་ཁ་རེད་རེད། དེ་ནས། ཆུ་ཚོད་ཀྱང་དགུ་བར་སླེབས་ལ་ཉེ། ཉི་སྐྱབས་ཀྱིས་ནངས་ཇ་ད་དུང་འཐུང་མེད་པས། སྐར་མ་འཚོ་ཡི་རྩིབ་ནས་ཁོ་རང་གིས་ནངས་ཇ་སྟབས་བདེ་ཞིག་འཐུང་ཞོར། ཁོ་མོ་ལ་མུ་མཐུད་ནས་སློབ་གྲྭར་མི་འགྲོ་བར་འདི་ལྟར་བག་ལེབ་བཙོང་དགོས་པའི་རྒྱུ་མཚན་གྱི་སྐོར་ལ་སྐད་ཆ་དྲིས་པ་ན། ཁོ་མོས་ཉི་མ་སྐྱབས་ཀྱི་ཕོར་བ་ལ་ཇ་ཁ་སྣོན་བྱེད་ཞོར། ཉི་མ་སྐྱབས་ཀྱི་རྩིབ་ནས་བསྡད་དེ་གདོང་ལ་སྐྱོ་ཉམས་ཤིག་མངོན་ཤོར་འདི་ལྟར་བཤད། “དེ་ཡི་སྐོར་བཤད་ན། ང་ངོ་ཚ་ཞིང་སེམས་སྐྱོ་ཨང་། ད་དུང་ཁོང་ཁྲོ་དང་ཞེ་སྡང་ཡང་མེ་ལྕེ་ལྟར་འཕྱུར་ནས་ཡོང་། དེ་བས། དེ་ཡི་སྐོར་མ་གླེང་ན་རེད། མ་གླེང་ན་རེད།” ཅེས་ཁོ་མོས་ཚིག་མཚམས་བཅད་དེ་ཡར་ལ་ལངས་ནས་ཐབ་ཚང་དུ་ཕྱིན། དེ་ནས། ཉི་མ་སྐྱབས་སྔོན་ལས་མཚར་སྣང་གིས་ཁེངས་ཏེ། གནས་ཚུལ་ཅི་ཡིན་ཤེས་འདོད་ཀྱི་འདུན་པ་དེ་སེམས་ནས་ལྷོག་ལྷོག་ཏུ་འཕྱུར། ཁོ་མོས་ལག་ཏུ་ཇ་དེམ་ཞིག་བཟུང་ཏེ་ཐབ་ཚང་ནས་ཕྱིར་ཡོང་ཏེ་ཉི་མ་སྐྱབས་ཀྱི་འགྲམ་ནས་བསྡད། ཉི་མ་སྐྱབས་ཀྱིས་སླར་ཡང་། དོན་ངོ་མ་གནས་ཚུལ་ག་རེ་བྱུང་སོང་། ཁྱོད་རང་སྔོན་མ་ང་ཚོའི་འཛིན་གྲྭ་ནས་ཕྱོགས་གང་གི་ཐད་ནས་ཀྱང་སློབ་སྦྱོང་ལ་ཡག་ཤོས་དེ་རེད། འདི་འདྲ་ཡིན་ན་ཕངས་བ་ལ། ཞེས་བཤད་པ་ན། ཁོ་མོས་སྐད་ཆ་ཅི་ཡང་མི་བཤད་པར་མགོ་བོ་སྒུར་ཏེ་ཡུད་ཙམ་ཞིག་འགོར་རྗེས་འདི་ལྟར་བཤད།
“ཐེངས་ཤིག་གི་གུང་གསེང་གི་སྐབས་སུ། ཕ་ཡུལ་ལ་ཁཱེ་ཁཱེ་ནས་ཁ་བརྡ་བྱེད་པའི་ཕྱིར་དུ་རྡ་སར་ཡོང་བ་ཡིན། རྡ་ས་ན་ང་ལ་རྟེན་ས་ཁེན་ས་དང་ཤ་ཉེ་སྤུན་མཆེད་ཅི་ཡང་མེད། ཡིན་ན་ཡང་། ཕ་ཡུལ་གཅིག་པའི་ཇོ་ཇོ་ཞིག་ཡོད་པས། དགུང་མོ་དེར་དེ་ནས་བསྡད་པ་ཡིན། ཁོས་བཤད་ན། དོ་དགུང་ཁོ་རང་འདིར་མི་ཡོང་ཟེར། ཡིན་ན་ཡང་། སྟབས་མ་ལེགས་པའམ། ཡང་ན། ངོ་ཚ་དགོས་པ་ཞིག་ལ། ཇོ་ཇོ་དེ་མཚན་གུང་ཞིག་ལ་བསླེབས་ཏེ་སྒོ་ཕྱེ་ཟེར། དེ་ནས། ཁོ་རང་ནང་ལ་ཡོང་ནས་ཅུང་མ་འགོར་བར། ཁ་ནས་སྐད་ཆ་འདྲ་མིན་ལབ་ཏེ། ང་རང་གི་འཁྲིས་སུ་འབྱར་ནས་བསླེབས་སོང་། ཁོ་རང་གི་གཟུགས་པོ་ཡོངས་རྫོགས་ལ་ཨ་རག་གི་དྲི་མས་ཁྱབ་ནས་འདུག དེ་ནས། ཁོ་རང་གི་ལག་པ་ཚུར་ལ་བསྲིངས་ནས་ངའི་རྐང་པ་ལ་འཇུས་སོང་། ང་རང་ཞེད་སྣང་གིས་ཁེངས་ཏེ། འཕག་འཚག་བྱེད་ཞོར་ཁོ་ལ་རྐང་གཏད་ཀྱིས་བརྒྱབས་པ་ན། ཁོ་རང་ཁོང་ཁྲོ་ལངས་ཏེ། ང་རང་གི་སྐྲ་ནང་ནས་བཟུང་ཏེ་ས་ལ་བསྒྱེལ་སོང་། སྐབས་དེར། ངའི་དཔྲལ་བར་ཅོག་ཙེ་ཡི་མཐའ་ལ་བརྡབས་ཏེ་རྨ་ཁ་བཟོས་སོང་། རྨ་ཤུལ་ད་དུང་ཡང་ལྷག་ཡོད།” ཅེས་ཁོ་མོས་དཔྲལ་བའི་རྨ་ཤུལ་དེར་ལག་པས་འཆང་ཏེ་ང་ལ་བསྟན་ཞོར་དེ་ལྟར་བརྗོད།
དེ་ནས། ཉི་མ་སྐྱབས་ལ་སྐྱོ་ཉམས་དང་ཕངས་སེམས་དང་བཅས་ཏེ། ལག་པས་མགོ་འཕྲུག་ཞོར། “ ཇོ་ཇོ་དེ་དོན་ངོ་མ་སུ་རེད། དེ་ནས། ཇོ་ཇོ་དེ་ཕྱིར་འགྲོ་སོང་ངམ“ ཞེས་དྲིས་པ་ན། ཁོ་མོའི་མིག་ཟུང་ལས་རྡ་སའི་ཆར་བ་ལྟ་བུའི་མིག་ཆུ་དེ་ཁྲོམ་ཁྲོམ་དུ་བཞུར་ཞོར། འདི་ལྟར་བཤད། “ཇོ་ཇོ་དེ་སུ་ཡིན་མིན་བཤད་ནས་ཆོ་ཡོད་བ་མ་རེད། དེ་ནས། ཁོ་རང་ཕྱིར་ག་ལ་འགྲོ རང་ཁ་རོག་མ་བསྡད་ན་ངས་གསོད་ཀྱི་ཡིན་ཞེས་ང་ལ་འཇིགས་སྣང་སྐུལ་ཏེ། མཇུག་མཐར། ངའི་་་་་་་་་་་་་” སྐབས་དེར་ཁོ་མོ་ངུ་བཤུམ་བྱས་ནས་སྐད་ཆ་ཡང་བཤད་ཐུབ་ཀྱི་མི་འདུག
དེ་ནས། ཉི་མ་སྐྱབས་ཀྱིས་སེམས་གསོ་ཡི་ཚུལ་དུ། “ད་མ་ངུ། ཁ་སང་དེ་རིང་གི་མི་སུ་ཡིན་ཡང་། ཡིད་ཆེས་བྱེད་རྒྱུ་མི་འདུག ངོ་མ་ངོ་ཚ་དགོས་པ་རེད། ཞབས་འདྲེན་རེད། ཅེས་བཤད་དེ་ཅི་ཡང་བཤད་དགོས་པ་མ་ཤེས་པར་ཁ་རོག་བསྡད། ཁོ་མོ་ད་དུང་ཡང་མགོ་བོ་སྒུར་ནས་ངུ་བཞིན་འདུག མཚམས་ཤིག་ཁོ་མོས་ངུ་མཚམས་བཞག་ནས། འདི་ལྟར་བཤད།
“ང་རང་ཕྱིར་སློབ་གྲྭར་ལོག་ནས་ཟླ་བ་གཉིས་འགོར་རྗེས་གཞི་ནས་ཤེས་དུས། ང་ལ་མངལ་ཆགས་འདུག དེ་ནས། ང་ཡི་སེམས་ལ་དངངས་སྐྲག་དང་སྐྱོ་བ། ཁོང་ཁྲོ་རྣམས་ཅིག་ཅར་དུ་སྐྱེས་ཏེ། རང་ཉིད་ཀྱི་གྲོགས་མོ་གཡང་འཛོམས་དང་མཉམ་དུ་གྲོས་བྱས་ཏེ། མཐར་ང་རང་སློབ་གྲྭ་ནས་རྩ་དགོངས་ཞུས་ཏེ། ཕྱིེར་རྡ་ས་ཡོང་ནས་ཇོ་ཇོ་དེ་བཙལ་དུ་སོང་ཡིན། ཡིན་ན་ཡང་། ཇོ་ཇོ་དེ་བདུན་ཕྲག་གཅིག་གི་སྔོན་ལ་ཕྱི་རྒྱལ་དུ་ཕྱིན་ཚར་འདུག དེ་ནས། ང་རང་ཅི་བྱ་གཏོལ་མེད་དུ་གཏོལ་མེད་དུ་གྱུར་ཏེ། རྡ་ས་ན་ཡོད་པའི་གྲོགས་མོ་གཡང་འཛོམས་ཀྱི་ཨ་ཅག་དང་མཉམ་དུ་བསྡད་དེ། ཕ་ཡུལ་ནས་སྒོར་མོ་ཁ་ཤས་བླངས་ནས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་བ་ཡིན།” ཞེས་བཤད་མཚམས་འདིར་ཐོན་དུས། མི་ཞིག་གིས་ཁྲོགས་ཁྲོགས་སྒོ་བརྡུངས་སོང་། ཁོ་མོ་ཡར་ལངས་ནས་སྒོ་ཕྱེ་དུས། དེ་ནི་ཨ་ཅག་ཅིག་རེད། དེ་ནས། སྐར་མ་འཚོ་ཡིས་ངེད་གཉིས་ཕན་ཚུན་ངོ་སྤྲོད་རེ་བྱས་རྗེས། ཉི་མ་སྐྱབས་ཀྱིས་གཞི་ནས་དེ་ནི་གྲོགས་མོ་གཡང་འཛོམས་ཀྱི་ཨ་ཅག་ཟླ་སྒྲོན་འཚོ་ཡིན་པ་ཤེས།
དེ་ནས། ཆུ་ཚོད་ཀྱང་བཅུ་དང་ཕྱེད་ཀར་བསླེབས་སོང་། ཆར་བ་ཡང་འབབ་མཚམས་་བཞག་འདུག ཉི་མ་སྐྱབས་ཕྱི་ལ་ཐོན་རྩིས་བྱས་པ་ན། སྐར་མ་འཚོ་ཡིས་ཁོ་རང་ཕྱི་ལ་བསྐྱལ་ནས་ཡོང་དེ། ཉི་མ་སྐྱབས་ལ་འདི་ལྟར་བརྗོད། “ཉི་མ་སྐྱབས་ལགས། ཁྱོད་རང་དངོས་ནས་ཡག་པོ་འདུག མུ་མཐུད་ནས་སློབ་སྦྱོང་བྱོས། ཡིན་ན་ཡང་། ང་རང་ད་ལོ་ལོ་གསར་བར་དུ་ཕ་ཡུལ་ལ་ལོག་གི་ཡིན། འདི་ནས་རྟེན་ས་ཁེན་ས་དང་ཤ་ཉེ་སྤུན་མཆེད་ཅི་ཡང་མེད་པས་དཀའ་མོ་རེད། རྡ་ས་ནས་ཐ་ན་རང་ཉིད་གཅིག་པུ་ཡི་ཁ་ཡང་སོས་ཐུབ་ཀྱི་མི་འདུག་ལ། སེམས་པ་ཡང་སྐྱིད་པོ་མི་འདུག ་ཅེས་ཟེར། དེ་ནས། ཉི་མ་སྐྱབས་ཀྱིས་བདེ་མོ་འཇོག་པའི་ཚུལ་གྱིས་སྐར་མ་འཚོ་ཡི་ལག་མགོར་ཅིག་འཇུས་ཏེ། ཁ་ཕྱིར་འཁོར་ནས་ཕྱིེར་ལོག
ལམ་བར་དུ་ཉི་མ་སྐྱབས་ཀྱི་སེམས་ལ་རྡ་སའི་ཆར་བ་ལྟ་བུའི་དྲི་བ་མང་པོ་ཞིག་ངང་གིས་འཁོར་བྱུང་། དེ་ཡི་ནང་གི་ཁོ་རང་གི་སེམས་ངོགས་སུ་ཡང་ཡང་རྡེག་བཞིན་པའི་དྲི་བ་དེ་ནི། སྐར་མ་འཚོ་ལ་མངའ་ཆགས་པའི་བྱིས་པ་དེ་ཡི་སྐོར་རེད། བྱིས་པ་དེ་ད་ལྟ་མཐོང་རྒྱུ་རིག་རྒྱུ་མེད་པ་ཅི་ཡིན་ནམ། བྱིས་པ་དེ་སྐྱེས་མ་ཐུབ་པར་འཆི་སོང་བ་ཡིན་ནམ། ཡང་ན། སྨན་བཏུང་ནས་བྱིས་པ་བསད་ཟིན་ནམ།
ཆར་བ་འབབ་མཚམས་ཆད་མ་ཐག་ཡིན་པས། ལམ་འགྲམ་གྱི་ཆུ་རྐ་ཆུང་ཆུང་དེ་ཚོ་ལ་ཆུ་རྙོག་གི་ཁེངས་ཏེ། གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུར་ནས་འགྲོ་བཞིན་འདུག མཚམས་མཚམས་སུ་ཆུ་རྐ་ལ་གད་སྙིགས་ཀྱིས་ཁེངས་ཏེ། སེར་ལ་སྐྱ་བའི་ཆུ་རྙོག་མ་དེ་མི་འགྲོ་སའི་ལམ་ནང་དུ་བཞུར་ནས་ཡོང་གིན་འདུག ཉི་མ་སྐྱབས་ཀྱི་ལྷམ་མགོ་ཡི་ནང་ལ་ཡང་ཆུ་རྙོག་དེ་བླུགས་སོང་། ལམ་འགྲམ་གྱི་ལྗོན་པ་རྣམས་ཆར་བས་བངས་ཏེ། སུ་ཞིག་ལ་མྱ་ངན་གྱི་ཚུལ་དུ་ལོ་མ་རྣམས་ཀྱི་མགོ་བོ་མར་ལ་དཔྱངས་ནས་འདུག
ད་དུང་། སྡོང་མགོའི་བྱིས་ཚང་མང་པོ་ཞིག་ཀྱང་ཐང་ལ་ལྷུང་ཏེ། སྒོ་ང་རྣམས་གས་ཆག་ཏུ་སོང་འདུག་ལ། གྲོག་ཚང་མང་པོ་ཞིག་ཀྱང་ཆར་ཆུ་ཡིས་ཁུར་ནས་ཡོད་པ་ཐག་གིས་ཆོད། ཆར་བ་འབབ་ཀྱི་མེད་ན་ཡང་། གནམ་ངོ་ཡོངས་སུ་རུབ་ནས་ཡོད་པ་མ་ཟད། མི་འགྱང་བར་སླར་ཡང་ཆར་བ་འབབ་པའི་ཚོད་ཅིག་འདུག ཡིན་ན་ཡང་། མི་རྣམས་ལམ་ཁ་ན་འགྲོ་འོང་གི་རྒྱུན་ཆད་ཀྱི་མི་འདུག་པས། ལམ་ལ་འདམ་འབག་གིས་བརྫིས་ནས་འདུག འདམ་འབག་ལ་དཔར་བའི་མི་རྣམས་ཀྱི་རྐང་རྗེས་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། དེ་ནས། ཉི་མ་སྐྱབས་ཀྱིས་ལམ་འགྲོ་བ་དག་གི་ངོ་གདོང་རེ་རེ་ལ་ལྟ་ཞོར་དུ། མི་འདི་དག་ལ་ཡང་སྐར་མ་འཚོ་ལྟ་བུ་སྐྱོ་གར་རེ་ཡོད་པ་ཡིན་ནམ། ཡང་ན། མི་འདི་དག་ནི་ “ཇོ་ཇོ” ་དེ་ལྟ་བུའི་མི་རྫོབ་ཆེན་དག་ཡིན་ནམ་སྙམ་པའི་རེ་དོགས་དང་ཐེ་ཚོམ་གྱི་སྣང་བ་ཞིག་ཡིད་ལ་འཁོར་བྱུང་། དེ་ནས། ཉི་མ་སྐྱབས་ལམ་འགྲམ་ནས་ལངས་ཏེ་ཡུན་ཙམ་ཞིག་ངལ་གསོ་བྱས་ཏེ། དབུགས་རིང་ཞིག་འབྱིན་ཞོར་མིག་གི་མདའ་མོ་རྒྱང་ལ་འཕངས་བ་ན། རྡ་སའི་ནགས་ཀློང་དང་རི་རྩེ་རྣམས་ད་དུང་སྨུག་ལོང་གིས་བསྒྲིབས་ཡོད་པས། ཅི་འདྲའི་རབ་རིབ་དང་མག་མོག་ཅིག་ཏུ་སྣང་།
ཉི་མ་སྐྱབས་ཕྱིར་རང་གི་སྡོད་གནས་སུ་འབྱོར་དུས། ལུས་སེམས་གཉིས་ཀ་ངལ་དུབ་ཀྱིས་གཙེས་ཏེ། མལ་ཁྲི་སྟེང་ནས་གན་རྐྱལ་དུ་ཉལ་ནས་སྐར་མ་འཚོ་ཡི་སྐྱོ་གར་ལ་བསམ་བློ་རེ་གཏོང་བཞིན། གཞི་ནས་སྐར་མ་འཚོ་མུ་མཐུད་ནས་སློབ་གྲྭར་མ་སོང་བའི་རྒྱུ་མཚན་དེ་ཤེས་སོང་།
བཞི་པ།
ཉིན་གུང་གི་ཟ་མ་ཟས་རྗེས། ཡང་ཆར་བ་བབས་སོང་། སྒེའུ་ཁུང་ནས་རླུང་བུ་ཤུག་ཤུག་ཏུ་བརྒྱུད་ཡོང་བས། དྲ་ཡོལ་ལྷབ་ལྷབ་དུ་གཡོ་བར་བྱས་ཏེ། སྒེའུ་ཁུང་འགྲམ་གྱི་གྱང་ངོས་ན་བཀལ་ཡོད་པའི་བོད་ཀྱི་ས་ཁྲ་དེར་ཡང་ཡང་བརྡབས་ཏེ། ས་ཁྲ་དེ་ཡང་ཡོམ་ཡོམ་ངང་བསྒུལ་བྱུང་། ཉི་མ་སྐྱབས་ཡར་ལ་ལངས་ཏེ། དྲ་ཡོལ་དེ་མདུད་པ་ཞིག་བརྒྱབས་ཏེ། སྒེའུ་ཁུང་གི་ཕྱི་རོལ་ལ་བལྟོས་པ་ན། གསོམ་སྡོང་རྣམས་ཀྱིས་ཉེས་པ་ཅི་ཞིག་བསགས་པའམ་སྐྱོན་ཆ་ཅི་ཞིག་བཟོས་ཏེ། དབང་འཛིན་པ་ཞིག་གིས་ཆད་པ་བཅད་པ་ལྟར། ཤག་ཤག་འབབ་བཞིན་པའི་ཆར་ནང་ན་མགོ་བོ་ས་ལ་སྒུར་ཏེ་ཉམས་ཆུང་དང་གུས་ཞབས་ཀྱི་རྣམ་པ་ཞིག་གིས་ཡར་ལ་འགྲེང་ནས་འདུག
མཚམས་མཚམས་སུ་རླུང་རེ་གཡུགས་ཏེ་གསོམ་སྡོང་རྣམས་ཕར་ཡོམ་དང་ཚུར་ཡོམ་བྱེད་པ་དེ་ནི། སུ་ཞིག་གིས་སེམས་གསོ་ཡིས་བྱིལ་བྱིལ་བྱས་ཏེ། དགའ་མགུ་ཡིས་ལུས་པོ་ལྡེམ་ལྡེམ་ངང་འགུལ་བ་དང་ཀུན་ནས་མཚུངས། དེ་ནས། གསལ་ལ་མི་གསལ་བར་མཐོང་ཡོང་བའི་ཁྱིམ་མཚེས་རྣམས་ཀྱི་ཁང་ཐོག་གི་དར་ལྕོག་དག་ཆར་རླུང་གི་ཁྲོད་ན་འཆི་ལ་ཉེ་བའི་མི་སྣ་ཞིག་གིས་ལག་པས་གཡབ་མོ་བྱེད་པ་ལྟར། གཡོའམ་མ་གཡོ་བ་དང་འགུལ་བའམ་མ་འགུལ་བའི་ཉམས་སྣང་ཞིག་མངོན་པ་མ་ཟད། དེ་ཡི་སྟེང་ལ་དཔར་བའི་གཟུངས་སྔགས་རྣམས་ཀྱང་ཆར་བས་དག་པ་དང་། རླུང་གིས་འཐག་པར་བྱས་ཏེ། ད་ནི་ཤུལ་ཙམ་ལས་མེད་པའི་ཚོད་རེད། དེ་ནས། ཉི་མ་སྐྱབས་ཀྱིས་ཆར་བའི་གསེང་ནས་མིག་གི་མདའ་མོ་རྒྱང་རིང་གི་རི་བོའི་མཚམས་ལ་བསྲིངས། རི་རྩེ་ནི་ཆར་སྨུག་གིས་བསྒྲིབས་འདུག་ཅིང་། རི་སྐེད་ཀྱི་མཛེས་པ་དང་གཟི་བརྗིད། བརྟན་བརླིང་གི་ཉམས། དཔའ་སྤོབས་ཀྱི་གཤིས་སོགས། ནམ་ཟླ་དང་ཁོར་ཡུག་འདིའི་ཆར་བ་ཡིས་གསལ་ལ་མི་གསལ་བ་ཞིག་གི་ཚད་དུ་བསྐྱལ་འདུག ཉི་མ་སྐྱབས་ཀྱིས་དེ་ལྟར་ལྟ་བཞིན་པ་དང་། དེ་ལྟར་མཐོང་བཞིན་པ། དེ་ལྟར་བསམ་བཞིན་ཡོད་པ། ཡང་སྙིང་རྒྱུ་མཚན་ཅི་ཡིན་ནམ།
ཆར་བ་ད་དུང་མཚམས་ཚུགས་མེད་པར་ཤག་ཤག་ཏུ་འབབ་བཞིན་འདུག སྒེའུ་ཁུང་ལས་མཐོང་བའི་ཆར་བ་འབབ་པའི་ངང་ཚུལ་དེ་ཡིས་རང་དབང་མེད་པར་ཉི་མ་སྐྱབས་ཀྱི་སེམས་ལ་སྐྱོ་སྡུག་གིས་ཁེངས་པར་བྱས་ཏེ། ལོ་ངོ་གསུམ་ཡར་སྔོན་གྱི་འདས་དོན་ཞིག་གི་སྒོ་གླེགས་དལ་གྱིས་ཕྱེས། དེ་ནི་རང་ཉིད་ཀྱི་གྲོགས་པོ་ཞིག་གིས་རང་སྲོག་བཅད་པའི་ཡིད་སྐྱོ་དགོས་པའི་དོན་རྐྱེན་དེ་རེད། རང་སྲོག་གཅོད་དགོས་དོན་ནི་ཁོ་རང་གི་ཁ་ཆེམས་ཡི་གེ་ན་འདི་ལྟར་བཀོད་འདུག
“ས་མཐའ་ནི་ནམ་ལངས་རྒྱུ་མེད་པའི་མཚན་མོ་ཞིག་རེད། ཡིད་ཆེས་ཀྱིས་ངའི་ཚེ་སྲོག་འཕྲོགས་སོང་།” ཞེས་པ་འདི་རེད།
ད་དུང་ཉི་མ་སྐྱབས་སྒེའུ་ཁུང་གི་འགྲམ་ན་འགྲེང་ནས་འདུག གློ་བུར་དུ་འབྲུག་སྐད་ཅིག་གྲགས་ཏེ། ཉི་མ་སྐྱབས་ཀྱི་སེམས་ལ་འཇིགས་ཡེར་བའི་སྣང་བ་ཞིག་སྐྱེས། སྔོན་ཆད་ཁོ་རང་གི་གྲོགས་པོས་རང་སྲོག་གཅོད་ས་དེ་ཡང་མུན་ནག་གིས་ཁེངས་བའི་སྒེའུ་ཁུང་ཞིག་གི་འགྲམ་ཡིན། དེ་ནས། ཉི་མ་སྐྱབས་སྒེའུ་ཁུང་འགྲམ་ན་ཡོད་པའི་རྐུབ་ལྕགས་དེ་ལ་བསྡད་དེ། ནོག་ཅིག་ཐལ་ལ་ཉེ་བའི་རང་ཉིད་ཀྱི་ཉིན་ཐོ་ཡི་འབྲི་དེབ་དེ་ལ་གྲོགས་པོ་དྲན་པའི་ཡིག་འབྲི་ཁ་ཤས་འདི་ལྟར་བྲིས།
“གྲོགས་པོ་ལགས། ཁྱོད་ཀྱིས་མུན་ནག་གི་སྒེའུ་ཁུང་ཁར་མེ་ལོང་ཞིག་བཀལ་ཏེ་བཞུད་སོང་། དེ་རིང་། ངས་མེ་ལོང་དེ་ལས་ནམ་ཟླ་འདིའི་ངོ་གདོང་ལ་ལྟ་བཞིན་ཡོད། ཁོར་ཡུག་འདིའི་ཆར་བ་ལ་ལྟ་བཞིན་ཡོད། ཆར་བ་འབབ་ཚུལ་ལ་བལྟས་ན། སྨག་ནག་པའི་ཁྱོད་ཀྱི་གདམས་ཀ་དེ་ཡང་ཇི་འདྲའི་འོད་སྟོང་ལྡན་པ་ཞིག་རེད་ཨང་། གྲོགས་པོ་ལགས། དེ་རིང་། ངས་ཁྱོད་རང་ཧ་ཅང་དྲན།” ཞེས་བྲིས་ཏེ། སྒེའུ་ཁུང་གཏན་པ་དང་དྲ་ཡོལ་ཡང་བརྒྱབས་ཏེ། ཉལ་ཁྲི་སྟེང་ནས་ཀན་རྐྱལ་དུ་ལོག་ནས་མིག་གིས་གནམ་པང་ལ་ཅེར་ཏེ་བསྡད།
ལྔ་པ།
དགོང་ཁ་གློ་བུར་དུ་སྤྲིན་པའི་ཚོགས་ནི་བྱིས་པ་པྲ་ཚགས་ཤིག་གིས་བྱིའུ་ཚང་ལ་རྡོ་ཡིས་བརྒྱབས་པ་ལྟར། ཕྱོགས་བཞི་མཚམས་བརྒྱད་དུ་ཐོར་ནས་འདུག ལ་ལ་ནི་རྫི་བོ་མེད་པའི་གཡང་དཀར་ལུག་ཁྱུ་དང་འདྲ་ལ། ལ་ལ་ནི་ངེས་མེད་ལུགས་པའི་མེ་ཏོག་དཀར་པོ་དང་འདྲ། རྨི་ལམ་དང་རྒྱ་མཚོ་ལ་འགྲན་པའི་སྤྲིན་གསེབ་ནས་མཚམས་རེར་མཐོང་ཡོང་བའི་སྔོ་ཞིང་སངས་བའི་ནམ་མཁའ་དེ་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།
ད་ནི་ཉི་མ་ཡང་རི་ཡི་ཕག་ཏུ་ནུབ་པར་ཉེ། རི་རྩེ་ན་དམར་གྱི་ལེར་འཚེར་བའི་དགུང་ཁའི་ཉི་ཟེར་ནི། མི་ཆེན་སུ་ཞིག་གིས་མི་ཡུལ་ལ་འཕངས་པའི་ཆེས་མཐའ་མཇུག་གི་གྲང་ཤུར་ཤུར་གྱི་མིག་མདངས་དེ་དང་མཚུངས། ནུབ་མཐའི་མཚལ་མདོག་གི་མཚམས་སྤྲིན་ཡང་རིམ་གྱིས་ནག་རོག་གེར་གྱུར་ཏེ། ཡིད་དུ་འོང་བའི་མཚམས་སྤྲིན་གྱི་མཛེས་པ་ཡང་ཁད་ཀྱིས་ཤོར། དེ་ནི་ནམ་ཟླ་འདིའི་གྱོང་གུད་ཅིག་དང་ཁོར་ཡུག་འདིའི་ཕམ་ཁ་ཞིག་ཏུ་རྩིས་ན་ལོས་ཆོག ཉི་མ་སྐྱབས་ཀྱིས་ནུབ་ཁའི་ཉི་མར་ལྟ་ཞོར། སེམས་ལ་སྐྱོ་སྡུག་ཁེངས་པ་དང་། དེ་ནས་ངར་ཤུགས་ཀྱིས་ཁེངས། དེ་ནས། སང་ཉིན་གྱི་ཉི་མ་ནི་མཚར་སྡུག་འོད་སྟོང་འབར་བ་ཞིག་ཡིན་པའི་སྨོན་ལམ་དང་། དོ་དགོང་ཡང་ཆར་བ་འབབ་མི་འབབ་ཀྱི་ཐད་ལ་བསམ་བློ་བཏང་།
ཉི་མ་རི་ལ་ནུབ་པ་དང་ཉི་མ་སྐྱབས་ཀྱི་སེམས་ནས་ཀྱང་ཉི་མ་ཞིག་ནུབ་སོང་བ་ལྟར་གྲང་ཤུར་ཤུར་དུ་གྱུར། ཕྱིར་རང་གི་སྡོད་ཁང་དུ་ལོག་སྟེ། དེ་དགོང་གི་ཟ་མ་ཅི་ཞིག་ཟ་མིན་གྱི་ཐད་ལ་འདང་ཞིག་བརྒྱབས། མ་གཞི་ནས་ཅི་ཞིག་ཟ་འདོད་ཀྱི་ཡི་ག་ཁྱོན་ནས་མེད་པས། ཆུ་འཁྱག་ཅིག་འཐུང་ཞོར། སྡོད་ཁང་གི་ཁྱམས་ར་ནས་རྡ་སའི་མཚན་མོར་ཅེར་ནས་བསྡད།
ཉི་མ་སྐྱབས་ཀྱིས་གྲང་ཤུར་ཤུར་གྱི་མིག་ཟུང་ཞིག་གི་སྒོ་ནས་རྡ་སའི་མཚན་མོ་ལ་ཞིབ་ལྟ་བྱས། རྡ་སའི་གློག་གཞུ་དང་སྡོད་ཁང་དག་གི་སྒེའུ་ཁུང་ན་འཚེར་བའི་གློག་འོད་རྣམས་ནི། སྤྲིན་པ་སྲབ་མོ་ཞིག་གིས་སྒྲིབ་གཡོགས་བྱས་པའི་ནམ་མཁའི་སྐར་ཚོགས་དག་དང་འདྲ་བར་གསལ་ལ་མི་གསལ་བ་ཞིག་ཏུ་སྣང་ཞིང་། ཡང་ན། མིག་ཆུས་ཁེངས་པའི་མིག་ཟུང་ཞིག་གིས་གློག་འོད་ལ་ལྟ་བའི་རབ་རིབ་མག་མོག་གི་མིག་གི་སྣང་བའི་ཆ་ཤས་དེ་དང་འདྲ་བར་མག་མོག་ཅིག་ཏུ་སྣང་། མཐའ་ཁ་ཐག་ཉེ་ནས་མཐོང་ཡོང་བའི་གསོམ་སྡོང་རྣམས་ནི་མུན་ནག་གི་ཁྲོད་ན་ནག་རོག་གེར་ཀྲོང་ངེར་འགྱིང་ནས་འདུག ཕར་ལྟོས་ཚོད་དུ། དེ་དག་ནི་མུན་ནག་གི་ཁྲོད་ནས་ཉམས་ཆུང་འཁོས་ཞན་གྱི་ཚེ་སྲོག་དག་ལ་མཆེ་བ་གཙིགས་མཁན་དང་མདའ་མདུང་བསྣུན་མཁན་དག་ལ་རྒོལ་ལན་སློག་མཁན་དང་སྲུང་སྐྱོབ་བྱེད་མཁན་གྱི་དཔའ་བོ་དག་ཡིན་པ་དང་ཀུན་ནས་མཚུངས།
ཡིན་ན་ཡང་། མུན་ནག་གི་ཁྲོད་ནས་དཔའ་བོ་དེ་དག་གི་བླ་ན་མེད་པའི་མཛད་རྗེས་དག་མཐོང་མཁན་ནི་ཧ་ཅང་ཉུང་ཉུང་ཡིན་པར་བསམ་ཏེ། ཉི་མ་སྐྱབས་ཀྱིས་སེམས་ལ་སྐྱོ་བ་དང་ངར་ཤུགས་ཤིག་གིས་བརྟས་ཏེ། ཚེ་འདིར་མུན་ནག་གི་ཁ་གཏད་ནས་འགྲེང་རྒྱུ་ཡིན་པའི་ཆོད་སེམས་བརྟན་པོ་ཞིག་མ་ཁ་སོ་ཡིས་བཏབས་ཏེ། མནན་མནན་བཅགས་བཅགས་ཀྱི་སྒོ་ནས་སེམས་པའི་གཏིང་སར་བཟུང་། སྤྱིར་མི་རྣམས་ཀྱི་མཐོང་བ་དག་ནི་ཉིན་དཀར་བསིལ་རླུང་གི་སྟངས་ཀའི་ཁྲོད་ན་ལྷབ་ལྷུབ་གཡོ་བའི་རྒྱ་ལྕང་གི་ལྕུག་ཕྲན་དང་མེ་ཏོག་གི་འདབ་མ་ཙམ་ལས། གསོམ་སྡོང་གི་དཔའ་སྤོབས་དང་ལྷག་བསམ་སོགས་མཐོང་གི་མེད་པ་ནི་ཇི་འདྲའི་ཡིད་མུག་པ་ཞིག་རེད་ཨང་། དེ་ལྟ་བུའི་ཉིན་མོ་ནི་དོན་གྱི་མུན་ནག་གིས་ཁེངས་ཤིང་གྲང་ངར་ཆེ་བའི་མཚན་ལྗོངས་རིང་མོ་ཞིག་རེད་ཨང་། དེ་ལྟར་བསམ་ན། སྔར་མེད་པའི་སྐྱོ་བ་ཞིག་གིས་ཉི་མ་སྐྱབས་ཀྱི་ཡིད་ཀྱི་རྒྱ་ཁྱོན་མཐའ་དག་ཧྲིལ་གྱིས་བསྒྲིབས།
མཚམས་མཚམས་སུ། ཐག་རིང་ནས་གྲགས་ཡོང་བའི་ཁྱི་ལྡོམ་རྣམས་ཀྱི་ཟུག་སྐད་སྐྱ་བོ་དེ་ཡིས། རྡ་སའི་མཚན་མོ་འདི་མྱ་ངན་དང་སྨྲེ་ངག འོ་དོད་དང་ངུ་འབོད་ལྟ་བུའི་གཞས་དབྱངས་ཤིག་ནང་དུ་བསྟིམས་འགྲོ མཚམས་མཚམས་སུ། སྐྱ་སྟོང་རེ་ཟུང་གིས་འཛར་ལ་རྣོ་བའི་ཀི་རིང་རེ་བཏབས་པ་གོ་ཡོང་དུས། ཉི་མ་སྐྱབས་ཀྱི་སེམས་ཀྱི་གྲུ་ག་ཞིག་ནས་འདབས་ཆགས་རྣམས་ཐོལ་གྱིས་འདྲོགས་པ་ལྟ་བུའི་འུར་ཟིང་དང་འདུ་འཛི་ཡིས་ཁེངས་པའི་སྣང་བ་ཞིག་སྟོབ་ཡོང་།
རླབས་ཞི་རླུང་འཇགས་ཀྱི་མཚོ་མའི་ངོས་དང་ཁུ་སིམ་དབེན་འཇགས་ཀྱི་འབྲོག་དགོན་གནས་ལ་འགྲན་པའི་མི་སྣ་སུ་ཞིག་གི་ཡིད་སེམས་ཀྱི་ཞི་བ་དཀྲོགས་པ་ནི། འཇིག་རྟེན་འདིའི་སྟེང་གི་ཆེས་རྫོབ་ཆེན་དང་ཆེས་ཉེས་ཅན་གྱི་ལས་ཤིག་ཡིན་པར་བསམ་ན། ཉི་མ་སྐྱབས་ཀྱིས་རང་ཉིད་ལ་འཕྲལ་དུ་གཤོག་པ་ཞིག་ཐོགས་ཏེ། ནམ་ཟླ་འདི་དང་ཁོར་ཡུག་འདི་ནས་འཕུར་ཏེ་རྒྱང་རིང་རྒྱང་རིང་ཞིག་ཏུ་འགྲོ་འདོད་སྐྱེས། ཡིན་ན་ཡང་། ད་ལྟ་ས་ཡོངས་སུ་རུབ་ཏེ་མུན་ཡང་ཧ་ཅང་ནགས་པ་མ་ཟད། ཐ་ན་ནམ་མཁའ་ན་ཟླ་བ་ཕར་ཞོག་སྐར་མ་ཡང་མེད་པས། མུན་ཁྲོད་ནས་གང་ཞིག་ཏུ་འགྲོའམ། ད་དུང་། ནམ་ལངས་རག་བར་དུ་ཆུ་ཚོད་མང་པོ་ཞིག་ཡོད་ཨང་།
དེ་ནས། ཉི་མ་སྐྱབས་ནང་དུ་སོང་ནས། ཡང་བསྐྱར་ཆུ་འཁྱག་དམ་བུ་གང་ཁྱེར་ནས་ཕྱི་ལ་ཐོན་དུས། གློ་བུར་དུ་གློག་ཆད་སོང་། སྔོན་ལ་རབ་རིབ་མག་མོག་གི་གློག་གཞུ་དེ་ཚོ་ཡང་ནག་སིབ་བར་གྱུར་ཏེ། རྡ་སའི་མཚན་མོ་ནི་ཇི་འདྲའི་ནགས་ཨང་། གློག་ཆད་དེ་སྐར་མ་ལྔ་ཙམ་མ་འགོར་བར། ཆར་བ་ཡང་བབས་སོང་། རིམ་གྱིས་རིམ་གྱིས་ཤག་ཤག་ངང་བབས་སོང་། སྲིན་བུ་མེ་ཁྱེར་གྱི་འོད་སྣང་ཙམ་ཡང་མེད་པའི་མུན་ནག་གི་ཁྲོད་ནས་ཆར་བ་འབབ་པའི་ངང་ཚུལ་འདི་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་།
ཉི་མ་སྐྱབས་ཕྱིར་མིག་ལ་མཛུབ་མདུང་བཙུགས་ན་ཡང་མི་རིག་པའི་སྡོད་ཁང་དུ་ཡོང་ནས། མལ་ཁྲི་སྟེང་ནས་གན་རྐྱལ་དུ་ལོག་ནས། རྡ་སའི་མཚན་མོར་བསམ་བློ་རེ་གཏོང་བཞིན། སང་ཉིན་སྨུག་པ་དྭངས་ཤིང་གནམ་ངོ་སངས་པའི་རེ་སྨོན་བྱས་ཏེ་བསྡད།
དྲུག་པ།
དེ་ལྟར། ཉི་མ་སྐྱབས་གཉིད་ལ་ཤོར། མཚམས་ཤིག་ལ། རྨི་ལམ་དུ་ཁོ་རང་ཁྲག་གིས་སྦགས་པའི་ནགས་ཀློང་ཆེན་པོ་ཞིག་གི་དཀྱིལ་ན་ཁ་ཕྱོགས་བོེར་ཞིང་མགོ་བོ་འཐོམས་ནས་འདུག གློ་བུར་དུ་ལྗོན་ཤིང་རྣམས་ཀྱི་ལོ་མ་རྣམས་སྐམ་ཤིང་། ལྟོས་ལྟོས་རིག་རིག་ལ་ལྗོན་པ་རྣམས་དཀར་སང་སང་གི་ཀེང་རུས་ལྟ་བུ་ཞིག་ཏུ་གྱུར་སོང་། ཡང་གློ་བུར་དུ་མདུན་ཕྱོགས་ནས་དཀར་ནག་རྐྱ་སྒྲིལ་བའི་ལམ་ཕྲན་ཞིག་སྣང་། ཁོ་རང་དངངས་སྐྲག་གིས་ཁེངས་ཏེ་ལམ་ཕྲན་དེ་དེད་དེ་རྒྱུགས་ནས་འགྲོ་བཞིན་པའི་མུ་ལ་ཐོལ་རྒྱག་ལ་བྲག་ནག་པོ་ཞིག་གི་ནང་དུ་ལྷུང་ཏེ། སྒལ་ཚིགས་ཆགས་སོང་བའི་ན་ཟུག་དེ་ཡིས་ཁོ་རང་གཉིད་ལས་སད་པར་བྱས་པ་ན། དེ་མ་ཐག་ཁོ་རང་མལ་ཁྲི་སྟེང་ནས་བཙོག་པུར་བསྡད་དེ་བྲང་དང་སྐེད་པ་ལ་ལག་གིས་རེག་རེག་བྱས་པ་ན། ལུས་པོ་ཡོངས་རྫོགས་ནི་ཆུའི་ནང་ན་ལྷུང་བ་ལྟར་རྔུལ་ནག་གིས་བརླན་འདུག་ཅིང་། བྲང་གཞུང་ན་སྙིང་ཡང་ལྷོག་ལྷོག་ཡང་ལྡིང་གིན་འདུག གློ་བུར་དུ་སྣང་བ་ཞིག་ལ་ཕོ་ཁ་ན་བའི་ཤེས་ཚོར་བྱུང་། དུས་ཚོད་ཀྱང་བཅུ་གཉིས་བརྒལ་འདུག ཆར་བ་ད་དུང་ཤག་ཤག་ངང་འབབ་བཞིན་འདུག་ལ། གློག་ཡང་ད་དུང་སླེབས་མེད་པར་ནག་འཐོམས་འཐོམས་ངང་འདུག
སྐྱོ་དགོས་པ་ཞིག་ལ། ཉི་མ་སྐྱབས་ཀྱི་ཕོ་ཁའི་ནད་རྙིང་དེ་ལངས་འདུག ཁོ་རང་གིས་དེ་ཤེས་ཚོར་བྱུང་རྗེས། མུན་ནག་གི་ཁྲོད་ནས་འཕྲལ་དུ་མལ་ཁྲིའི་འགྲམ་ན་ཡོད་པའི་ཅོག་ཙེ་སྟེང་ལ་ལག་སྙོབ་ཅིག་བྱས་ཏེ་ཟ་རྒྱུ་ཞིག་དང་སྨན་འབྲུ་དེ་ཚོ་བཙལ་མོད་། ཡིན་ན་ཡང་། ཅི་ཡང་མ་རྙེད། སྤྱིར། འདི་ལྟར་ན་བའི་སྐབས་སུ་ཟ་རྒྱུ་ཉུང་ཉུང་རེ་བཟོས་པ་ཡིན་ན། ན་ཟུག་གི་མགོ་ཅུང་ཟད་གནོན་ཐུབ་ཀྱི་ཡོད་མོད། ཡིན་ན་ཡང་། ཁོ་རང་གི་ལག་པར་ཟ་རྒྱུ་ཅི་ཡང་རག་མ་སོང་། མ་གཞི་ནས་ནང་ན་ཟ་རྒྱུ་ཞིག་མེད་ཚོད་ཀྱང་འདྲ། དེ་ནས། ཕོ་བའི་ན་ཟུག་ཇེ་ཆེ་ནས་ཇེ་ཆེ་ལ་སོང་། ཕོ་བ་ལ་རྡོ་ལོག་ཅིག་བརྫངས་པ་དང་འདྲ་བའི་ན་ཟུག་བསྐྱེད། རྒྱབ་ཀྱི་མཆིན་པའི་ཁ་ཐུག་ནས་ཀྱང་ཅི་ཞིག་གིས་བསྣུན་བཞིན་པ་ལྟ་བུའི་ཟུག་གཟེར་བརྒྱབས། དེ་ནས། ཁོ་རང་ཁ་སྦུབས་སུ་ལོག་ནས་ཉལ། ཟུར་ཁ་ནས་ཉལ། གན་རྐྱལ་དུ་ཉལ། ཇི་ལྟར་ཉལ་ཡང་བདེ་ལ་འབབ་མ་ཐུབ། མཐར། མགོ་བོ་ནང་ལ་བགུགས། རྐང་བ་ཡར་ལ་བསྐུམས། ལག་པ་ཁུར་ཚུགས་སུ་བཅངས་ཏེ། མིག་བཙུམ་ནས་མ་ཁ་སོ་ཡིས་འདེབས་ཞོར་ཕོ་བ་ལ་དྲག་པས་མནན་ནས་ལག་པ་གཡོན་ཕྱོགས་ཐང་ལ་སྦྱར་ཏེ་ཉལ་ནས་བསྡད།
སྐབས་དེར། ཁོ་རང་གིས་རྨིས་མ་ཐག་པའི་འཇིགས་སུ་རུང་བའི་རྨི་ལམ་དེ་ཡིད་ལ་འཁོར་བ་ན། སེམས་ལ་སྔར་ལས་ལྷག་པའི་དངངས་སྐྲག་གིས་ཁེངས། ན་ཟུག་ད་དུང་ཡང་བཞག་མི་འདུག ཆར་བ་ད་དུང་ཡང་འབབ་བཞིན་འདུག ཆར་སྒྲ་དེ་ནི་ཇི་འདྲའི་རྣ་ལ་གཟེར་བ་ཞིག་རེད་ཨང་།དེ་ནི་ཕ་མ་བརླགས་པའི་བྱིས་པ་ཞིག་ངུ་བཞིན་པ་དང་འདྲ་ལ། སུ་ཞིག་གིས་གང་ཞིག་ལ་མྱ་ངན་གྱིས་འོ་དོད་བྱེད་དང་ཡང་མཚུངས། ཉི་མ་སྐྱབས་ཀྱིས་དེ་ལྟ་བུའི་ཆར་སྒྲ་དེ་གོ་ཡོང་དུས། ཕོ་བའི་ན་ཟུག་སྔར་ལས་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་པ་དང་འདྲ། ཉི་མ་སྐྱབས་ཡིད་སྐྱོ་བཞིན་འཁྲེང་བཞིན་ཕྱི་རོལ་གྱི་ཆར་བ་དང་རང་ཉིད་ཀྱི་ཕོ་ཁའི་ན་ཚ་འདི་གཉིས་ཀྱི་བར་ན་ཡང་སྙིང་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ། མཚམས་ཤིག་ལ། ཁོང་རང་གི་ཕོ་བའི་ན་ཟུག་ཅུང་མར་ལ་འཇགས་ཏེ། ཅུང་བདེ་ལ་བབས་པ་ན། འཕྲལ་དུ་གཉིད་ལ་ཤོར། ཅི་འདྲའི་འཇིགས་སུ་རུང་བའི་མཚན་མོ་ཞིག་རེད་ཨང་།
ཞོགས་པ་གཉིད་ལས་སད་དུས། དུས་ཚོད་བདུན་དང་ཕྱེད་ཀ་བསླེབས་འདུག ཉི་མ་སྐྱབས་ཀྱི་ལུས་ཟུངས་ཉམས་དེ་ལུས་པོ་ཡང་ཡ་ལ་ཡང་ངེར་ཞིག་ཏུ་གྱུར་འདུག དལ་གྱིས་ལངས་ཏེ། སྒེའུ་ཁུང་ནས་ཕྱི་ལ་བལྟོས་པ་ན། ཆར་བ་འབབ་མཚམས་བཞག་ཡོད་ན་ཡང་། ད་དུང་། རི་རྩེ་ཡི་སྨུག་པ་དྭངས་མི་འདུག་ལ། གནམ་ངོ་ཡི་སྤྲིན་ནག་ཀྱང་སངས་མེད་པས། སྔོ་ཞིང་སངས་པའི་ནམ་མཁའ་མཐོང་མ་ཐུབ། ཡངས་ཤིང་ཆེ་བའི་ས་གཞི་ཡང་མཐོང་མ་ཐུབ། དྲོ་ཞིང་འཇམ་པའི་ཉི་འོད་ཀྱང་མཇལ་མ་ཐུབ་ལ། མཐོ་ཞིང་བརྗིད་པའི་རི་བ་ཡང་རིག་མ་ཐུབ། དེ་བས། ད་དུང་ཡང་རྡ་སའི་ཕྱི་ནང་རབ་རིབ་དང་མག་མོག་ཅིག་ཏུ་སྣང་། དེ་རིང་། སྤྱི་ཟླ་བདུན་པའི་ཚེས་པ་གསུམ་རེད།
20/06/2014
བརྩམས་སྒྲུང་དང་གཏམ་རྒྱུད་ལ་ཁྱད་པར་ཡོད་ནི་རེད།