རྔ་བ་རྒྱལ་ཁམས་པ།
ཚོགས་ཁང་དེར་བཀལ་བའི་སྐུ་ཐང་། མཆོད་ཁྲིའི་སྟེང་གི་མཆོད་རྫས། ས་གདན་སོགས་ལ་བལྟས་ན། ཁང་བ་འདིར་འཆར་ཅན་ཆོས་སྤྱོད་ཀྱི་མཛད་སྒོ་སྣ་ཚོགས་ཤིག་སྤེལ་བཞིན་ལོས་ཡོད་སྙམ་པ་ཞིག་འདུག མཐའ་སྐོར་གྱི་མཆོད་སྟེགས་ལྟ་བུའི་པང་གདན་གྱི་ཐོག བཤམ་སྟོན་བྱས་པའི་ནང་ཆོས་དང་འབྲེལ་བའི་དཔེ་ཆ་དང་། བརྙན་པར་སྣ་ཚོགས། ཀརྨ་པ་ཡབ་སྲས་དང་། ཀ་ལི་རིན་པོ་ཆེ་སོགས་གནས་འདིར་འབྲེལ་ཡོད་ཀྱི་བླ་གྲྭ་དག་གི་ལོ་རྒྱུས་དང་རྣམ་ཐར་སྒྲིག་ཤོམ་བྱེད་སྟངས་ལས། གནས་འདི་ནི་སྤྲོ་འཆམ་གྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་ཤེས་སླ། ང་ཚོས་ཚོགས་ཁང་དེར་མཇལ་གྲུབ་ནས་ཕྱི་ལ་བུད། ངའི་བུ་ཆུང་སླར་ཡང་ཚོགས་ཁང་སྒོ་འགྲམ་གྱི་ནེ་ཙོའི་འཁྲིས་སུ་བཅར་ནས་ཕན་ཚུན་སྐད་ཆ་ཤོད་རེས་བྱེད། དེ་ནས་ང་ཚོ་རྒྱབ་ངོས་ཤིང་ནགས་ཀྱིས་བསྐོར་ཅིང་། སྤང་ཐང་ལྗང་ཁུའི་ངོགས་སུ་དཀར་སང་ངེར་བཞེངས་པའི་དུས་འཁོར་མཆོད་རྟེན་ལ་མཇལ་དུ་ཕྱིན། མཆོད་རྟེན་དེར་སྐོར་བ་ཞིག་རྒྱག་དགོས་བསམས་ཀྱང་། རྒྱབ་ངོས་ཤིང་ནགས་དང་མཆོད་རྟེན་ཀྱི་བར་སྡོམ་གྱི་དྲྭ་བ་སྟུག་པོས་སྤྲེལ་ཡོད་པས་འགྲོ་མ་ཐུབ། མཆེད་རྟེན་དེ་ནི་ཏྰ་ཡི་སི་ཏུ་རིན་པོ་ཆེ་དང་བླ་མ་བསྟན་འཛིན་ཞེས་པ་གཉིས་ཀྱི་བཀོད་འདོམས་འོག ཤང་བ་བཀའ་བརྒྱུད་ཀྱི་བླ་མ་སྐྱབས་རྗེ་ཀ་ལི་རིན་པོ་ཆེའི་རྗེས་དྲན་དུ་སྤྱི་ལོ༡༩༩༣ལོར་བཞེངས་པར་བཤད་ཅིང་། དེ་ནི་འཛམ་གླིང་འདིར་བཞེངས་པའི་དུས་འཁོར་མཆོད་རྟེན་གསུམ་པ་དེ་ཡིན་ནོ་ཟེར། ངེད་ཅག་གིས་གསོལ་འདེབས་སྨོན་ལམ་ཚར་རྗེས། མཆོད་རྟེན་ནས་གཞི་འདོམ་ཉི་ཤུ་ཡས་མས་ཀྱི་སར་ཡོད་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲར་མཇལ་དུ་ཕྱིན། སྐུ་འདྲ་དེའི་ཆེ་ཆུང་ལ་མི་ཆེན་ཞིག་གི་ཚད་ཙམ་ཡོད་པ་འདྲ། དེའང་དྷ་ན་ཀོ་ཤའི་མཚོ་གླིང་དུ་སྐུ་འཁྲུངས་པའི་རྣམ་ཐར་ལོ་རྒྱུས་ལྟར། ཨར་འདམ་ལས་གྲུབ་པའི་པདྨའི་དབྱིབས་ཅན་གྱི་སྣོད་ཆེན་པོ་ཞིག་གི་ནང་། ཆུས་བཀང་བའི་དབུས་སུ་མེ་ཏོག་པདྨའི་འདབ་མ་རྣམ་པར་བཀྲ་བའི་ཟེའུ་འབྲུར། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་བཞུགས་སྟབས་ཅན། གཡས་གཡོན་ན་མཁའ་འགྲོ་རྣམ་གཉིས་བཞེངས་སྟབས་སུ་བཞུགས་པ། གཤམ་དུ་སྒྱུ་རྩལ་གྱི་རྣམ་པར་བཞེངས་པའི་ཆུ་རྐའི་ནང་། ཆུ་གཙང་ལྷུང་ལྷུང་འབབ་བཞིན་པ་ཞིག་མཇལ། དེའང་བཀོད་པ་ཧྲིལ་བོ་གདུགས་དབྱིབས་ཀྱི་ལྡིང་ཁང་ཟླུམ་པོ་ཞིག་གིས་བསྐོར་ཡོད་པ་མཐོང་།