ཏཱ་ན་བློ་བཟང་།
འདྲི་གཅོད་ཐེབས་པའི་མི་ཞིག་དང་། རང་སྲེག་པ་ཞིག་རྗེས་སུ་དྲན་པ།
རི་ལུང་འདར་བའི་དུས་ཚིགས་ཤིག་ལ་རུས་རྐང་ཁྲོད་ཀྱི་མར་ཁུ་ཁྱེད།།
རེ་བ་རྒས་པའི་དེབ་ཐེར་བར་གྱི་སྒྱུ་རྩལ་ཕུང་པོའི་ཐིགས་པ་ཡིན།།
ཉི་ནུབ་མཚམས་ལ་གྲིབ་སོ་གོན་དུས་གསེར་ཡིག་སྡོམ་པའི་གླེགས་ཐག་ཁྱེད།།
རྩྭ་ཕུང་འདབ་མ་སྨག་གིས་ཟ་དུས་ཁྱེད་ནི་མཚན་མོའི་ཟླ་འོད་ཡིན།།
ཟླ་བ་ཆག་སོང་ཉི་མ་ངུས་སོང་སེམས་ཆུང་མིག་ཆུ་བཞུར་ནས་ཐལ།།
དུང་བ་ཟབ་པའི་བརྩེ་བའི་མུ་ཏིག་སྐྲ་ལོ་སིལ་སིལ་ཐོར་ནས་ཐལ།།
ཤ་དང་མཆིན་པའི་སྙན་ངག་ཤམ་བུ་མདའ་མོ་བཞིན་དུ་ཟུག་ནས་ཐལ།།
སྡུག་ཡུས་མོད་པའི་གཏམ་རྒྱུད་ཅིག་གིས་གོ་ལ་འདི་ཡང་ཟས་ནས་ཐལ།།
ནགས་ཚལ་དང་ནི་རྒྱ་མཚོ་བསྐྱོམས་པས་སྤྱིལ་ཆུང་མགོ་གཏིང་རྫོག་པ་དང་།།
ཁ་བའི་འདབ་མ་དམར་པོར་བསྒྱུར་ནས་གངས་ཅན་རི་སུལ་གཏོར་བ་དང་།།
དྲག་ཏུ་ལྡིང་བའི་ཚེ་སྲོག་དག་ཀྱང་ཉི་མ་དམར་པོར་འདྲེས་སོང་བས།།
གྲོང་རྡལ་སྐྱ་བོ་སྒེའུ་ཁུང་སྐྱ་བོ་ཐ་སྙད་བར་ན་སྐྱ་ཐང་ཐང་།།
འཇག་མ་དང་ནི་བྱེ་གཞུང་འདར་སོང་ཐང་སྟོང་དག་ཀྱང་ཤོག་སྐྱ་ཞིག།
ལས་དབང་དམར་པོ་ཁ་རླངས་སྐྱ་བོ་རྨི་ལམ་ནང་གི་དུར་ཁྲོད་ཅིག།།
སྡུག་གི་སྨྲེ་སྔགས་བྲག་ཅ་འཁོར་སོང་འཇིག་རྟེན་འདི་ཡང་ཁེར་རྐྱང་ཞིག།
བདེན་པ་སྟོང་བའི་ལེའུ་འདི་དག་ས་མཐོར་འཐིབ་པའི་སྨུག་པ་ཞིག།།
རི་ལུང་ཀུན་ནས་བརྩེ་བ་འཕྱུར་སོང་བརྩེ་བ་རེ་རེ་མེ་རུ་གྱུར།།
འདབ་དྲུག་ཁ་བ་རླུང་གིས་ཁྱེར་སོང་རྣམ་ཤེས་དག་ཀྱང་རླུང་གིས་ཁྱེར།།
དུས་རབས་ཤིག་དང་ལོ་རྒྱུས་ཤིག་ཡིན་ཚེ་སྲོག་དག་ཀྱང་འདི་ལྟར་བཞུར།།
མཚན་མོར་ཟླ་བའི་མཛེས་སྡུག་མ་མཐོང་ཕྱིར་མིག་མེད་པར་འཁྱམ་ནས་ཡོད།།
༢༠༡༤/༡༢༨མཚན ༡ ལ།