བྱ་མདོ་སྐལ་རྒྱམ།
ཁྱོད་རང་གྲུབ་ཙམ་ནས
དམར་ལམ་ལམ་གྱི་འོད་ཕུང་ཞིག་ཡིན
དེའི་ཕྱིར ཉིན་མཚན་དང་དུས་ཚིགས་ཀྱིས་དབྱེ་བ་མེད་པར
ནག་འབྱམས་སུ་སོང་བའི་མུན་པ་ཞིག་གི་ཁ་གཏད་དུ་ལངས་ཡོད་ལ
སོང་མི་ཚར་བའི་ལམ་བུ་ཞིག་གི་ས་མཁན་དུ་ཡང་གྱུར་ཡོད
དོ་ནུབ ང་ཁྱོད་ཀྱི་འོད་སྣང་ལ་ཁེན་ནས
རང་ཉིད་ལ་བལྟ་དུས
ཐུགས་སྨོན་མ་འགྲུབ་པའི་སྐྱེས་ཆེན་ཞིག་གིས་བླངས་པའི
མགུར་གླུ་དེ་སེམས་ལ་འཁོར་བྱུང
དུས་སྐབས་འདིར ཅིས་ཀྱང་རྨིས་དགོས་པའི་རྨི་ལམ་དེའི་ཆེད་དུ
མགོ་བོ་སྔས་ལ་སེམས་ཚེགས་ཀྱིས་འཇོག་སྐབས
ཉེ་ས་ན་ཡོད་ཡོད་འདྲ་བའི་ཁྱོད་ཀྱི་འཛུམ་ཆུང་དེ
ཟད་མཐའ་མེད་པའི་ངའི་ལམ་རྒྱགས་དེ་ཡིན་འདུག
2015/8/5