མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
༼༢༠༡༦ ལོའི་བོད་ཟླ ༧ པའི་ཚེས༡༥ ཉིན་བཀའ་བསྟན་དབྱིན་སྒྱུར་གྱི་དྲྭ་ཐོག་དཔེ་ཀློག་ཁང་གསར་པ་སྒོ་འབྱེད་མཛད་སྒོའི་ཐོག་བཀའ་བསྟན་ཕབ་སྒྱུར་ཚོགས་པའི་དབུ་ཁྲིད་༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་གནང་བའི་བཀའ་སློབ༽
ལོ་དྲུག་གི་སྔོན། ཐོག་མར་བརྒྱད་ཁྲི་བཞི་སྟོང་གི་ལས་གཞི་འདི་འགོ་བཙུགས་ནས་བཟུང་། འཛམ་གླིང་གང་ས་ནས་ཡིན་པའི་སྐད་སྒྱུར་བ་དང་། མཁས་པ། སྦྱིན་བདག རྩོམ་སྒྲིག་པ་དང་། ཆེད་ལས་པ་མང་པོ་ཞིག་མཉམ་ལས་ཀྱིས་འབད་བརྩོན་ཆེན་པོར་བྱས་པ་བརྒྱུད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་ནས་རྩ་ཆེ་ཤོས་ཀྱི་གསུང་རབ་སྡེ་དགེའི་དཔར་མའི་ཤོག་ལྡེབ་དྲུག་སྟོང་བརྒྱ་མེད་བརྒྱད་ཅུ་ཡོད་པའི་ཆོས་ཚན་བརྒྱད་ཅུ་ཐམ་པ་བསྒྱུར་གྲུབ་པ་དང་། ཁོང་ཚོས་ད་དུང་མུ་མཐུད་ནས་ལྡེབ་མ་གཅིག་ཁྲི་བརྒྱད་སྟོང་ཡོད་པའི་གསུང་རབ་ཚན་པ་ཆིག་བརྒྱ་ཉི་ཤུ་ལྷག་ཙམ་ཞིག་སྒྱུར་བཞིན་པའི་ཕྱག་ལས་འབད་རྩོལ་ཆེན་པོས་གནང་གི་ཡོད་རེད། འདི་དག་ག་དུས་བསྒྱུར་ཐུབ་ན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རུ་གསུམ་དུ་བགོས་པའི་རུ་གཅིག་བསྒྱུར་གྲུབ་པ་ཡིན། དྲང་པོར་ཞུས་ན་ཐོག་མར་བཀའ་བསྟན་སྒྱུར་བའི་ལས་གཞི་འདི་འགོ་བཙུགས་པའི་སྐབས་སུ་བཀའ་འགྱུར་རུ་གསུམ་དུ་བགོས་པའི་རུ་གཅིག་བསྒྱུར་བ་ལ་མི་ཚེ་གཅིག་འགོར་གྱི་རེད་བསམ་སོང་། ཡིན་ནའང་བརྒྱད་ཁྲི་བཞི་སྟོང་གི་ལས་གཞི་འདི་ལ་མཉམ་ཞུགས་གནང་མཁན་ཡོངས་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོའི་རྣམ་འཕྲུལ་ནང་བཞིན། ཚད་མེད་པའི་འབད་བརྩོན་ཆེན་པོ་ལྷུར་བླངས་པ་ལ་བརྟེན་ནས་གྲུབ་འབྲས་འདི་ཐོན་པ་རེད་བསམ་གྱི་ཡོད།
འོན་ཀྱང་། གལ་སྲིད་ང་ཚོ་ལ་གྲུབ་འབྲས་འདིས་ཁེངས་པ་དང་སྤོབས་པ་སྐྱེ་བའི་ཉེན་ཁ་འདུག་ན། ང་ཚོས་སངས་རྒྱས་ཀྱི་གསུང་རབ་ནང་དོན་ཚུལ་བཞིན་རྟོགས་ཡོད་མེད་ཀྱི་སྐད་ཆ་ཕར་ཚད་ཞོགས། གསུང་རབ་ཀྱི་ཚིག་ཇི་བཞིན་པ་ཡང་ནམ་ཡང་བསྒྱུར་ཐུབ་ཀྱི་མེད་པ་དེ་དྲན་པར་བྱེད་དགོས། ཡིན་ནའང་ང་ཚོས་གང་ཞིག་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེ་ན། སེམས་ཅན་གཞན་ལ་ཕན་པར་འདོད་པའི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གང་ཐུབ་ཅི་ཐུབ་ཀྱིས་སྒྱུར་བའི་ཐབས་ཤེས་གནང་རྒྱུ་དེ་རེད། ང་ཚོ་འཕགས་པའི་གང་ཟག་མ་ཡིན་དུས། བརྒྱད་ཁྲི་བཞི་སྟོང་གི་སྐད་སྒྱུར་ལ་ནོར་མེད་ཚད་ལྡན་ཡིད་ཆེས་འཕེར་བ་ཞིག་ཡོང་བའི་ཐབས་ལམ་གཅིག་པུ་དེ་ནི། སྐད་སྒྱུར་རྣམས་ཀྱིས་མཁས་པ་དང་ཉམས་ལེན་པ་རྣམས་དང་མཉམ་འབྲེལ་གྱིས་ཕན་ཚུན་ཕྱོགས་ལྷུང་གི་དབང་དུ་མ་ཤོར་བའི་སྒོ་ནས་སྐད་སྒྱུར་གྱི་ཕྱག་ལས་གནང་ཐུབ་པར་བྱ་རྒྱུ་དེ་རེད་བསམ་གྱི་ཡོད། དེ་བཞིན་དུ་འཛམ་གླིང་ཧྲིལ་པོ་ནས་ཡོད་པའི་སྐད་སྒྱུར་གྱི་རུ་ཁག་སུམ་ཅུ་སོ་བརྒྱད་ཐམ་པ་ལ་བོད་ཀྱི་མཁས་པ་དང་། ནུབ་ཕྱོགས་པའི་མཁས་པས་གཙོས་ཁྱོན་སྡོམ་ལོ་ཙཱ་བ་ཉིས་བརྒྱ་བཅུ་མེད་གཅིག་ཐམ་པ་ཡོད་པ་རྣམས་ཀྱིས་ཡིག་སྒྱུར་གྱི་འབད་བརྩོན་བྱེད་པའི་སྐབས་སུ་། མ་དཔེ་ལ་འགྲོ་བ་མིའི་འདུ་ཤེས་ཀྱིས་གཟུ་བོར་གནས་པའི་སྒོ་ནས་ཡིད་ཆེས་ཕེར་བ་གནང་དགོས་རེད། ལས་གཞི་འདི་ལ་རྒྱབ་སྐྱོར་གནང་མཁན་དཔེར་ན། ཚིག་ཇ་འཕར་མ་ཡང་མི་འཐུང་ཞིང་། དེའི་དངུལ་རྣམས་བསོག་ཅིང་མདོ་ཡི་ལྡེབ་ངོས་གཅིག་གི་སྦྱིན་བདག་བྱེད་ཐུབ་ནའང་བྱེད་མཁན་རྣམས་ཀྱིས་མཚོན་རྒྱབ་སྐྱོར་རོགས་དན་པ་རྣམས་མེད་ན་ལས་འགུལ་འདི་དག་ལས་གཅིག་ཀྱང་སྒྲུབ་ཐུབ་ཀྱི་མ་རེད།
དེ་བཞིན་དུ་བརྒྱད་ཁྲི་བཞི་སྟོང་གི་དྲྭ་མཛོད་གསུང་རབ་ཀློག་ཁང་ནང་ལ་དེ་སྔོན་བསྒྱུར་གྲུབ་པའི་ཆོས་ཚན་ཉི་ཤུ་རྩ་དགུ་ཐམ་པ་འགྲེམ་སྤེལ་བྱས་ཡོད་པ་ལ། འཛམ་གླིང་འདིའི་ཐོག་ནས་རྒྱལ་ཁབ་ཉིས་བརྒྱ་སོ་བརྒྱད་ཐམ་པ་ཡི་མི་གྲངས་ཆིག་འབུམ་སུམ་ཁྲི་བརྒྱད་སྟོང་གིས་དེ་སྔོན་གཟིགས་བསྐོར་གནང་ཡོད་ཅིང་། ཚིག་ཇ་ཕོར་བ་འཕར་མ་འཐུང་རྒྱུ་དོར་ནས་བསགས་པའི་དངུལ་གྱིས་རོགས་པ་བྱས་པའི་ལྡེབ་ངོས་དེ་འཛམ་གླིང་འདིའི་ཐོག་ནས་ས་ཆ་ག་གེ་མོ་ཞིག་ནས་མི་ཆེ་གེ་མོ་ཞིག་གིས་ཀློག་གིན་ཡོད་པ་དེ་ང་ཚོས་ཤེས་ཐུབ། གསུང་རབ་བསྒྱུར་བ་འདི་དག་ཁ་ཤས་ལ་སྐོམ་པ་སེལ་བའི་ཆུ་ལྟ་བུ་དང་། གཞན་དག་ལ་སྙིང་རྩ་འབར་བའི་མེ་འཇོམས་བྱེད་ལྟ་བུར་གྱུར་ཡོད། གལ་སྲིད་སངས་རྒྱས་ཀྱི་གསུང་རབ་བསྒྱུར་བ་འདི་དག་གིས་སེམས་ཁྲལ་ཅན་གྱི་འཛམ་གླིང་འདིའི་ཐོག་ནས་མི་གཅིག་ལ་ཆུ་ཚོད་གཅིག་གི་རིང་སེམས་ངལ་གསོ་བཅུག་ཐུབ་ན་དེས་ཚིག་ཇ་ཕོར་བ་གང་བློས་གཏོང་བྱས་པ་དེ་གཏོང་གོ་ཆོད་པ་རེད་ལ། ཚིག་ཇ་ཕོར་བ་གང་དེ་ལས་རིན་ཐང་ཆེ་བའི་གྲུབ་འབྲས་ཐོན་པ་རེད།
རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རིན་པོ་ཆེ་འཛམ་གླིང་ཧྲིལ་པོར་ཁྱབ་ཐུབ་མིན་བརྒྱད་ཁྲི་བཞི་སྟོང་ལ་ལྟོས་ཡོད་པས། ལས་གཞི་འདི་ལ་ཕྱག་ལས་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ངས་གུས་བཀུར་དང་བཅས་སྙིང་གི་དཀྱིལ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ནས། ༢༠༡༦།༠༩།༡༦
ཉིན་དེ་རང་ལ་གཟི་བརྗིད་མཐའ་ཡས་སམ། མཁན་པོ་ཆོས་དབྱིངས་རྡོ་རྗེས་དབྱིན་སྐད་ལས་ཕབ་བསྒྱུར་ཞུས།
ཧཧཧཧ་་་་་འཛམ་གླིང་འདིར་རྒྱལ་ཁབ་ཉིས་བརྒྱ་སོ་བརྒྱད་ཐམ་པ་ཕུང་གསུམ་པས་གྲངས་ཀ་བརྩིས་རྒྱུ་ཡོད་དམ།
ང་ནི་མི་བསོད་དེ་སྐམ་པོ་དེའི་རིགས་ཡིན། འཛམ་གླིང་སྤྱི་ལ་བསམ་བློ་དེ་འདྲ་འཁོར་འཐུབ་ཀྱི་མི་འདུག གལ་སྲིད་བོད་ཀྱི་ནང་བསྟན་ཆོས་གཞུང་འདི་གཞན་ལ་དགོས་མཁོ་ཡོད་ཚེ་ཁོ་རང་ཚོས་ཐབས་ཤེས་གཏོང་གི་རེད། སྔོན་མ་བཙན་པོའི་སྐབས་ནས་བཟུང་སྟེ་བོད་མི་རིགས་ཀྱིས་འགྲོ་གྲོན་ཚད་མེད་བཏང་སྟེ་ནང་བསྟན་འདི་ཚུར་ལེན་བྱས་བ་ཞིག་རེད་མ་གཏོགས་རྒྱ་གར་བས་ཁྱད་དུ་དཀའ་བ་སྤྱད་དེ་བོད་ལ་སྤྲད་བཞག་པ་དེ་འདྲ་མ་རེད། ང་ཚོར་ངོམ་དུ་རུ་བ་གཅིག་རང་ཡོད་པ་ནི་ནང་བསྟན་གྱི་ཆོས་གཞུང་འདི་རེད། འདི་ལ་བརྟེན་ནས་ང་ཚོའི་སྲིད་འབྱོར་རིགས་གསུམ་གྱི་ཁེ་ཕན་ཞིག་ལེན་མ་ཐུབ་ཚེ་ང་ཚོར་ཅི་ཡང་མེད། མ་མཐའ་ཡང་གཞན་གྱི་དགོས་མཁོ་བེད་སྤྱད་དེ་ནང་བསྟན་ཕྱི་འདྲེན་བྱེད་པ་འདིའི་ཚབ་ཏུ་དངུལ་ཙམ་མ་ཡིན་པར་རིགས་གསར་གྱི་གཞུང་ལུགས་མང་པོ་ཞིག་ང་ཚོར་ཚུར་རག་ཐབས་བྱེད་དགོས། ཕར་སྤྲོད་རྐྱང་བྱས་ཚུར་ལག་སྟོང་ལ་འདུག་དགོས་ན་ཕམ་ཁ་རེད། སྐབས་འདིར་ངས་རྒྱ་ནག་གི་རྩོམ་པ་པོ་ལུའུ་ཞུན་གྱི་”ཚུར་ལེན་རང་ལུགས་”ཞེས་བའི་འབོལ་རྩོམ་གཞོབ་དྲི་ཁ་བ་དེ་དྲན་སོང་། ངོ་མ་ང་ཚོ་ཡང་གཞན་གྱི་རྙིགས་རོ་མ་གཏོགས་ལེན་མ་ཐུབ་པའི་ཕམ་ཚོང་བ་དེ་དག་རེད་ཨང་།
གང་འདྲ་བསྒྱུར་ཡོད་མེད་ཅི་ཤེས། སྔོན་མ་བོད་པའི་གཞོན་སྐྱེས་ཞིག་གིས་བོད་པའི་བླ་མ་ཞིག་ལ་སྐད་བསྒྱུར་བྱས་པར། བླ་མས་རྫོགས་ཆེན་གྱི་གདམས་པ་ནས་བཤད་པའི་སྒྲོན་མ་དྲུག་གི་སྐོར་ལ་དཔེ་ཁྲིད་གནང་དུས། སྐད་བསྒྱུར་བ་དེ་ཡིས། སྒྲོན་མ་དྲུག་ལ་. Six Tara ཞེས་བསྒྱུར་རེད་ཟེར། ཧཧཧཧ་ཉེན་ཁ་ཆེན་པོ་རེད། འདི་ནའང་འཁོར་གྱིས་ཞུས་པ་ཞེས་པར་quotation ཞེས་བསྒྱུར་འདུག འཁོར་གྱིས་དྲི་བ་དྲིས་པ་མ་རེད། ཡར་དྲི་བ་ཞུས་པ་དང་ཡར་ཞུས་པ་གཉིས་ལ་ཁྱད་པར་ཡོད་རེད། aske ཞུ་བ་ཞུས་པ་ལ་ཟེར། aske དང་quotion གཉིས་ལ་ཁྱད་པར་ཡོད་པ་རེད། གཟབ་གཟབ་མ་གནང་ན། གཡག་རྔ་དཀར་ཤི་སོང་ཟེར་བར། གཡག་ལྔ་ཀར་ཤི་སོང་ཟེར་བར་གོ་ཉེན་ཡོད།
ནོར་བུ་རང་ལ་ཡོད་དུས་བདག་པོ་མ་རྒྱབ་ན་ནོར་བུ་མི་ལ་ཤོར་དུས་འགྱོད་ན་ཕྱིས་པ་རེད་ཟེར་བའི་གཏམ་དེ་མིན་ན་སྟབས་ཡག་།
བཀའ་བསྟན་རྣམས། གང་གང་ཐུབ་ཐུབ་ཀྱིས་གཞན་སྐད་དུ་བསྒྱུར་དགོས་འདུག གང་ཡིན་ཟེར་ན། དིང་སང་གི་བོད་རིགས་ཚོས་བོ་ཡིག་ཏུ་ཡོད་པའི་བོད་ཆོས་ད་ཕར་ཞོགས། བོད་ཡིག་ཚགས་པར་ཙམ་ཡང་ཀློག་འདོད་བྱེད་བགྱིད་མི་འདུག
དེས་ན། བཀའ་བསྟན་སུས་བདག་པོ་བརྒྱབས་ན་ཡང་དེ་ལ་རྗེས་སུ་ཡི་རང་བྱས་ནས་ཐུགས་རྗེ་ཆེ་ཞེས། ལབ་ཞོར་དུ། ད་ལྟའི་གངས་རིའི་འཁྲོད་དུ་བོད་པས་ཉར་ནས་བསྡད་ཡོད་ཀྱང་། ད་བོད་རིགས་རྣམས་ནི། དངུལ་ལོར་མ་གཏོགས་མི་དགོས་པ་ཆགས་ནས། སུ་བཀའ་བསྟན་གྱི་བསྟན་འཛིན་ན་ཡང་འཛིན་དུ་ཆུགས་ཞེས་ཞུ་འདོད་འོང་བགྱིད་འདུག་གོ། །།
གདོན་མི་ཟ། ghost doesn’t eat . འགྱུར་འདི་འདྲ་མཐོང་མྱོང་ངམ། སྙིགས་དུས་ཀྱི་ལོ་ཙཱ་བ་དག་གིས་འདི་ལྟར་བསྒྱུར་སྲིད།
བཀའ་བསྟན་ཨིན་སྒྱུར་གྱི་ལས་གཞི་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། མ་གཞི་ནས་གྲགས་སྐམ་བླ་སྤྲུལ་ཕུང་གསུམ་པའི་རིགས་ལ་ལས་དོན་ཡང་ཕུང་གསུམ་པ་ཞིག་མ་གཏོགས་མེད། ཡ་མཚན་པ་ཞིག་ལ། ཕུང་གསུམ་པའི་རིགས་འདི་ཚོར་བོད་ཀྱི་ཐུན་མིན་སྙིང་ནོར་ཐད་ནས་དབང་ཚད་དང་ཤུགས་རྐྱེན་ཡང་ཆེན་པོ་འདུག
ཨིན་སྒྱུར་ལས་གཞི་འདི་བོད་རང་གི་སྐད་ཡིག་གི་ཚེ་ཐག་ཐུང་དུ་གཏོང་བྱེད་ཀྱི་གཞི་རུ་རིམ་གྱིས་འགྱུར་ཉེན་ཆེ་བ་དང་། བོད་སྐད་ཡིག་སྲུང་སྐྱོབ་ཀྱི་བསམ་བློའི་ནུས་ཤུགས་གཞོམ་བྱེད་ཀྱི་གཟུགས་མེད་མཚོན་ཆ་ལྟ་བུར་ཡང་རིམ་འགྱུར་མི་ཡོང་བའི་ངེས་པ་མེད། རྫོང་སར་མཁྱེན་བརྩེ་ཁོང་ལ་རིགས་ཀྱི་འདུ་ཤེས་དང་ལར་ཞེན་འོག་ནས་བོད་རང་གི་ཐུན་མིན་སྐད་ཡིག་གིས་མཚོན་པའི་རིག་གཞུང་སྲུང་སྐྱོབ་ཐད་ལ་འགན་འཁྲི་ཅི་ཡང་མེད་པ་ཡིན་མི་སྲིད་སྙམ་མོ།
སངས་རྒྱས་བསྟན་པའི་བདག་དབང་དེ་སངས་རྒྱས་བསྟན་པའི་རྗེས་བྲང་ཚང་མར་ཡོད། དེར་བརྟེན། སངས་རྒྱས་ཀྱི་གསུང་དབྱིན་ཡིག་དང་སྐད་ཡིག་གཞན་ལ་བསྒྱུར་བ་དེ་རླབས་ཆེན་གྱི་བྱ་བཞག་རེད། རྗེས་སུ་ཡི་རངས་ཀྱི་ཡུལ་རེད། བཀའ་དྲིན་ཆེ།
བླ་མས་རྫོགས་ཆེན་གྱི་གདམས་པ་ནས་བཤད་པའི་སྒྲོན་མ་དྲུག་གི་སྐོར་ལ་དཔེ་ཁྲིད་གནང་དུས། སྐད་བསྒྱུར་བ་དེ་ཡིས། སྒྲོན་མ་དྲུག་ལ་. Six Tara ཞེས་བསྒྱུར་རེད་ཟེར། ཧཧཧཧ་ཉེན་ཁ་ཆེན་པོ་རེད།
་
འདི་ལ་ཧ་ལས་པ་གང་ཡང་མེད། བྱང་སེམས་སྤྱོད་ཡུལ་ལམ་བདེན་པ་པོའི་ལེའུ་ན། སྒྲོན་མའི་འོད་བཞིན། ཞེས་པར་སྣར་ཐང་། པེ་ཅིན། སྡེ་དགེ། ལྷ་ས་བཀའ་འགྱུར་ཚང་མ་ན། སྒྲོལ་མའི་ཡིད་བཞིན། སྤར་ཡོད། ལ་དྭགས་ཏོག་མཁར་བྲིས་པ་ན། སྒྲོན་མ། ཞེས་བྲིས་སོ།
དངོས་གནས་བྱས་ན་བོན་པོའི་བཀའ་དང་བཀའ་བརྟེན་དེ་ཚོ་བདག་པོ་ཡག་པོ་རྒྱོབས། སྔར་མའི་ཁ་དཔེ་ལ། ཞིམ་ད་བུ་རམ་ཞིམ་ཡོང་། ཟ་ཡུན་རྩམ་པ་རིང་ཡོང་། ཟེར་བ་ཞིག་ཡོད་ལེ་རེད་ད། ཕྱི་རྒྱལ་གྱི་དཔེ་མཛོད་ཅིག་ནས་དཔེ་ཆ་ཞིག་གཡར་དགོས་ན་ངོ་མ་དཀའ་མོ་འདུག་ད། རིན་དགོང་ཆེན་པོ་མ་སྤྲད་ན་ཤོག་ལྡེབ་གཅིག་ཀྱང་མི་གཡར་ཐག་ཆོད་རེད། ང་ནི་རྣམ་རྟོག་འདྲ་ཟ་སོང་། བོད་པའི་བླ་མ་ཚོ་ནི་ཕྱི་རྒྱལ་བ་ཞིག་སླེབས་སོང་ན་མར་འདྲ་པོ་ཆ་ཚང་ཞུ་འགྲོ་ཡི་འདུག་དེ་འདྲ་དངོས་གནས་ག་འདྲ་ཡིན་ནམ་ལགས། །
རྒན་ལ་དྭགས་པ་ལགས་ལ་ཞུ་དོན།
རྫོགས་ཆེན་གྱི་གདམས་པ་ནས་བཤད་པའི་སྒྲོན་མ་དྲུག་ནི་
གནས་པ་གཞི་ཡི་སྒྲོན་མ།
ཙི་ཏ་ཤ་ཡི་སྒྲོན་མ།
དཀར་འཇམ་རྩ་ཡི་སྒྲོན་མ།
རྒྱང་ཞགས་ཆུ་ཡི་སྒྲོན་མ།
ཞིང་ཁམས་ངོ་སྤྲོད་ཀྱི་སྒྲོན་མ།
བར་དོ་དུས་ཀྱི་སྒྲོན་མ་བཅས་དྲུག་ཡིན་ཅིང།
དེ་ཚོ་ལ་Tara ཟེར་ན་འགྲིག་གམ། Tara ཟེར་བའི་དོན་གང་ལ་འགྲེལ། ལ་དྭགས་ལ་དྭགས་ཟེར་ནས་ཐམས་ཅད་རང་ངོ་དང་མཐུན་པར་བྱེད་དགོས་དགོངས་པ་དེ་ཡ་མཚན་རེད།
སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་བོད་ཡིག་ནང་ཡོད་པ་དེ་ཕྱིའི་རྒྱལ་ཁབ་གཞན་གྱི་སྐད་ཡིག་ནང་བསྒྱུར་བ་དེ་ནང་བསྟན་
དར་སྤེལ་ལ་འགྲོ་གི་ཡོད་དམ་བོད་ཡིག་ཉམས་ཆགས་འགྲོ་བའི་སྔ་ལྟས་མིན་ན་སྟབས་ཡག་།
རྒྱ་གར་ལེགས་སྦྱར་གྱི་སྐད་དམ། སནྶཀྲིཏ་སྐད་ཀྱང་སྐད་སྙིང་དུ་ཚུད་ཀྱང་། དུས་ད་ལྟ་ཡང་མཁས་པ་ཆགས་པ་ལ། ལེགས་སྦྱར་མ་སྦྱངས་ན་མི་སྒྲིག་མཐོང་བའི་དུས་འདིར། མ་འོངས་པར་ལོ་བརྒྱ་ཕྲག་མང་པོའི་བར། བོད་སྐད་དུ་ཡོད་པའི་ནང་ཆོས་མཐར་ཕྱིན་ཤེས་པ་ལ་ཡང་། བོད་སྐད་དང་བོད་ཡིག་མ་སྦྱངས་རང་སྦྱང་ཆགས་འགྲོ་བགྱིད་ཡོད་རེད།
དེས་ན་ནང་ཆོས་ཤེས་པར་བཀའ་བསྟན་ཨིན་སྐད་སོགས་སུ་བསྒྱུར་ན་ཕན་པ་ལས། གནོད་པ་མི་སྲིད་ཀྱང་། བོད་པས་བོད་སྐད་མ་ཤེས་ན་ད་ག་རེ་བྱས། བོད་རིགས་ཀྱིས་བོད་ཡིག་མ་སྦྱངས་ན་ད་ག་རེ་བྱེད་དགོས་རེད། བོད་པས་བོད་ཆོས་ལ་མ་དད་ན་ད་ག་རེ་བྱེད་ག་རེ་བྱེད་དགོས་རེད། ལགས།
གནའ་བོའི་མེས་པོ་ཚོས་དཀའ་བ་ཁྱད་དུ་བསལ་པ་དང་གསེར་དངུལ་སོགས་ཀྱི་འགྲོ་སོང་དང་།མཐའ་ན་སྲོག་གི་འགྲོ་སོང་ཚུན་ཆད་ནས་བཏང་ཏེ་གཞན་གྱི་རིག་གནས་ནང་འདྲེན་བྱས་ཤིང་། ད་ལྟའི་མི་རབས་འདིའི་བླ་ཆེན་ང་ཡིན་དང་སྤྲུལ་སྐུ་ང་ཡིན་ཟེར་བ་ཚོས་ད་བར་ཉམ་ཆུང་གི་མི་རིགས་འདིས་ཁོ་ཚོར་ལྟོ་སྤྲད་ཅིང་ལུས་ངག་ཡིད་གསུམ་ཕུལ་ན་ཡང་། ད་ལྟ་རྒྱལ་ཁབ་འཇིག མི་རིགས་འདིས་འཛམ་གླིང་གི་ཡུལ་གང་སར་སྐྱབས་བཅོལ་ཡོད་པས། ཁོ་ཚོས་ཉམ་ཆུང་གི་མི་རིགས་འདི་ལས་ཕྱི་གླིང་གི་མི་རིགས་ཀྱིས་ཁེ་ཕན་མང་དུ་བསྐྲུན་པ་བསམ་པའམ། མ་འོངས་བའི་ཡང་སྤྲུལ་མགོ་སེར་ནང་སྐྱེས་པའམ་གདུལ་བྱ་ཕྱི་གླིང་བར་དམིགས་ནས་མི་རིགས་འདིའི་རིག་གཞུང་ཉིང་བཅུད་ཕྱི་ཡིག་ཏུ་བསྒྱུར་ནས་བཙོང་བཞིན་འདུག འདི་ནི་ཁོ་ཚོ་ལ་མཚོན་ན་ཁེ་སྤོགས་དེ་ལས་ཆེ་བ་ཞིག་གང་ན་ཡོད།
དེ་ལས་ལབ་རྩེ་དཔེ་མཛོད་ཁང་གིས་ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད་ཀྱི་ལས་འཆར་ལ་སེམས་སྟེང་ནས་ཡིད་སྨོན་སྐྱེས་ཤིང་བོད་ཀྱི་དེང་རབས་རིག་གནས་ལ་མཛད་རྗེས་མི་དམན་པ་བཞག་འདུག
བོད་པས་བོད་སྐད་མ་ཤེས་བོད་པས་བོད་སྐད་མ་སྦྱང་བོད་པས་བོད་ཆོས་ལ་མ་དད་ན་བྱེད་རྒྱུ་ཡོད་པ་མ་རེད། དུས་ཀྱིས་འགྱུར་སོང་བ་རེད། བོད་པས་རང་གི་ཕ་མྱེས་ཀྱི་ཆོས་དང་བླ་མ་ལྷ་སོགས་རྒྱབ་ཏུ་དོར་མྱངས། ད་དུང་བོད་པ་ཚོ་འགྱུར་འགྲོ་གི་རེད། བོད་པས་བོད་པའི་ཆོས་མེ་ལ་བསྲེག་ཆུ་ལ་བསྐུར་མྱོངས་བྱེད་རྒྱུ་གང་ཡོད་ད་དུང་དེ་འདྲ་བྱེད་སྲིད། ཉི་ཟླ་ལ་འཆར་ནུབ་སྲིད་པ་བཞིན་བོད་པའི་ཆོས་དང་སྐད་ཡིག་ལའང་དར་ནུབ་སྲིད་པ་རེད་ཧ་ལས་རྒྱུ་འདུག་གམ།
ཁྱུང་སེ་ལེགས་ཀྱི་རྫོགས་ཆེན་གྱི་གདམས་པ་ནས་བཤད་པའི་སྒྲོན་མ་དྲུག་གི་ངོ་སྤྲོད་ལ་བཀའ་དྲིན་ཆེ། ཙི་ཏ་ཤ་ཡི་སྒྲོན་མ། ཙི་ཏ། ཞེས་པའི་དོན་དག་གང་ཡིན་ནམ།
སྒྲོན་མ་འོད་བཞིན་བྱང་ཆུབ་སྤྱད་པ་སྤྱོད།
་
ཅེས་སོགས་རྣམ་རྟོག་མེད་པ་ཡིན་ན། རྫོགས་ཆེན་གྱི་ལྟ་བ་ཡིན། སྒྲོན་མ་Tara སྟེ། ལྷ་མོ་སྒྲོལ་མ་ལ་ཟེར་ན། མི་འགྲིག སྣར་ཐང་བཀའ་འགྱུར་སོགས་ན་ལྷ་མོ་སྒྲོལ་མ་ལ་གོ་བ་ལྟ་བུ་མཆིས། གཅིག་ནོར་ན། བརྟག་དཔྱད་མེད་པར་ནོར་འཁྲུལ་དེ་ཉིད་ལ་དག་པར་སེམས་མཁན་མང་པོ་ཡོད། དཔེར་ན། ལྡང་ལ་འདང་ཟེར་བ་ལྟ་བུའོ། ལ་དྭགས་ཞེས་པ་བྱེ་བྲག་གི་མིང་སྤྱི་ལ་བཏགས་ཤིང་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན།
པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། ལ་འཐགས། ཞེས་བྲིས་ཡོད་པ་དྲན་ནོ།
ཙི་ཏ་ཤ་ཡི་སྒྲོན་མ་ཟེར་བ་ནི་གནས་ལུགས་རང་བྱུང་ཡེ་ཤེས་འཆར་བའི་གཞི་རེད། དེ་ལ་ཏཱ་ར་ཟེར་ན་འགྲིག་གམ། ཏཱ་ར་དང་འབྲེལ་མེད་དོན་གཞན་རེད།
ཙིཏ་ནི་སྙིང་གི་སྐད་དོད་དེ། ཙིཏ་ཤ་ཡི་སྒྲོན་མ་ནི་ དེ་ན་གནས་པའི་རང་བྱུང་གི་ཡེ་ཤེས་འཆར་གཞི་འོད་རྩ་ཞིག་ལ་གོ རྫོགས་ཆེན་འདི་གསང་སྔགས་ཐམས་ཅད་ཀྱི་རྐྱལ་པོའམ་བླ་ན་མེད་པ་དེ་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་ནམ། རྗོད་བྱེད་ཚིག་ལའང་དཔེར་ན། མིག་ལ་རྒྱ་མཚོ་དང་། ཀླད་པ་ལ་དུང་ཁང་། སྙིང་ལ་ཙིཏ་ཟེར་བ་སོགས་གབ་ཅིང་སྦས་པ་མང་པོ་འབྱུང་ངོ་།
ཙིཏྟ། ཞེས་པ་ལེགས་སྦྱར་སྐད་ཡིན། སེམས་ཀྱི་སྐད་དོད་དུ་སྣང་། དེ་ཡང་བསགས་པའི་དོན་ཡིན་པར་བོད་དཔེ་ཞིག་ན་བྲིས་པར་མཐོང་། ལེགས་སྦྱར་སྐད་དོ། ཙི་ ཙ་ཡ་ནེ། ཞེས་པ་ཞིག་དྲན་ཏོ།