རྔ་བ་རྒྱལ་ཁམས་པ།
གནད་བཅུ་གཉིས་རྟེན་འབྲེལ་འཁོར་ལོ་ལ།།
ལམ་འབྱུང་ལྡོག་སྲིད་ཞིའི་ཟློས་གར་མཁན།།
དབྱིངས་མཉམ་ཉིད་རྡོ་རྗེ་རྩལ་ལྡན་མ།།
མ་མཁའ་འགྲོ་སྟོང་གི་བཞུད་ལམ་ཡིན།།
ལུས་མི་གཅིག་འགྲོ་བ་རིགས་དྲུག་པོ།།
གནས་ཁམས་གསུམ་སོ་སོར་བསྡུས་ན་ཡང་།།
དབྱིངས་མཉམ་ཉིད་རྡོ་རྗེའི་ཕོ་བྲང་ན།།
གྲལ་བཟང་ངན་འབྱེད་དུ་མེད་ཚོད་འདའ།།
ལར་རྣམ་ཤེས་བག་ཆགས་སྣ་ཚོགས་ཅན།།
རྟེན་རྩ་ཁམས་ཐིག་ལེར་འཁྱུད་སྟོབས་ལས།།
ཡུལ་ལས་སྣང་མི་གཅིག་སྣ་ཚོགས་ཀྱང་།།
མཐར་དེད་ན་མ་རིག་རྐྱེན་ལ་ཐུག།
ཆོས་འཇིག་རྟེན་བཅོས་མའི་ཐོ་ཡོར་འདི།།
རྐྱེད་བྱེད་པོའི་ཀླད་རྒྱ་མ་གཏོར་བར།།
དུས་མཐའ་མེད་འཁོར་བའི་རྣམ་འགྱུར་ལ།།
རྒྱབ་གཏོད་ཁུལ་བྱིས་པའི་རྩེད་མོ་རེད།།
མར་འཁོར་བ་ཟེར་ནས་སྨད་ཀྱང་ཆོག།
ཡར་མྱང་འདས་ཟེར་ནས་བསྟོད་ཀྱང་ཆོག།
ནང་འཛིན་པའི་འཁྲི་ཐག་མ་ཆོད་ན།།
ཆོས་བྱས་ཚད་འཁོར་བའི་རྨང་རྡོ་རེད།།
སྤྱིར་སླ་ལམ་ཞིག་ནས་བཤད་སོང་ན།།
ཆོས་ཞེས་པ་སྒོ་གསུམ་བཅོས་ཐབས་ཏེ།།
དེ་ལས་ཀྱང་རང་སེམས་ཡོ་བསྲིང་འདི།།
གཞུང་གདམ་པ་ཀུན་ཀྱི་གནད་ཐིག་ཡིན།།
ལར་ཤེས་བྱའི་ཆོས་ལ་མཐའ་མེད་ཅིང་།།
སྒོའི་སེམས་ཅན་མོས་པ་སྣ་ཚོགས་པས།།
ཆོས་ཅི་ཙམ་ཤེས་པ་དེ་ཙམ་གྱིས།།
རྒྱུད་ཞི་དུལ་བག་ཡོད་ངང་གིས་ཡོང་།།
ང་ཆོས་པ་རྣམ་དག་མ་ལེགས་ཀྱང་།།
ཆོས་ཆོས་མིན་ཀུན་དང་འགྲོགས་འགྲོགས་ནས།།
མཐར་དམ་ཆོས་ཟེར་རྒྱུའི་སྙིང་བོ་འདི།།
ནང་སེམས་ཐོག་ཡོད་པ་བདེན་པར་རྟོགས།།
དོན་དཀའ་སྡུག་རྐྱེན་དང་མ་འཕྲད་ན།།
རང་ཆོས་པ་ཡིན་མིན་ཧ་གོ་དཀའ།།
སྐྱིད་རྒྱགས་ཐོག་ལང་བའི་ཆོས་གཟུགས་ཀྱིས།།
མཚང་ནམ་ཞིག་ངང་གིས་ཕྱི་ལ་རྡོལ།།
ཆོས་ཞེས་པ་གཞི་ལམ་འབྲས་གསུམ་སྟེ།།
གཞི་འཁོར་འདས་ཆོས་ཉིད་མ་རྐང་ལ།།
ལམ་རང་ངོ་ཤེས་པའི་ངོས་འཛིན་གྱིས།།
ཕུགས་སངས་རྒྱས་ཐོབ་པ་འབྲས་བུར་ངེས།།
ཆོས་བདེན་རྫུན་གཉིས་ཀྱི་ཕུ་ཐག་དེ།།
གཅོད་ཤིན་ཏུ་དཀའ་ཕྱིར་སངས་རྒྱས་ཀྱིས།།
བཀའ་སྡེ་སྣོད་ཆོས་འཁོར་རྣམ་གསུམ་སོགས།།
སྐུ་འོ་བརྒྱལ་མང་བོ་བཞེས་ནས་གདའ།།
དཔེར་འཇིག་རྟེན་ཞིག་གི་ཆགས་འཇིག་ཚུལ།།
མགོ་བརྩམས་པ་ནས་བཟུང་མཇུག་གི་བར།།
ལུགས་ཕྱིར་ལྡོག་ཚུལ་དུ་བཅོས་དགོས་པས།།
ཆོས་ཡང་དག་བསྒྲུབ་རྒྱུར་དཀའ་ཚོད་གདའ།།
སེམས་བསམ་པས་ཡིན་མདོག་མིན་མདོག་གིས།།
ཆོས་འཇིག་རྟེན་སྒྲུབ་སྒྲུབ་ཕལ་མོ་ཆེ།།
ཁོང་ཐུབ་པའི་དགོངས་ངོས་གཏུགས་ཡོང་དུས།།
བློ་གཏོད་ས་མི་རྙེད་ཡི་ཐང་ཆད།།
སྔོན་ཁ་ཆེའི་སྟོན་པར་མཁའ་འགྲོ་མས།།
ཆོས་དཀོན་མཆོག་གཅིག་སྒྲུབ་ལུང་ཞིག་བསྟན།།
དེའི་འབྲས་བུར་ཁ་ཆེ་དྲག་སྤྱོད་ཀྱིས།།
ལས་རྒྱུ་འབྲས་སྣོག་ཚེ་ཆོས་ལ་འཇིགས།།
སྔོན་ཡི་ཤུ་སྟོན་པ་འགྲོ་བའི་དོན།།
ལུས་རྒྱང་ཤིང་མཁྲེགས་པོར་འཛེར་ནོན་གྱིས།།
སྐུ་ཉི་ཚན་འོག་ནས་སྐམ་མོ་ཞེས།།
བཟོད་དཀའ་སྤྱད་དྲན་ཚེ་ཆོས་ལ་འཚེར།།
མགོན་ཐུབ་དབང་རྟེན་འབྲེལ་ལུགས་ལྡོག་གིས།།
དམའ་དམྱལ་ཁམས་ནས་བཟུང་སྲིད་རྩེའི་བར།།
ཆོས་འཇིག་རྟེན་གཉིས་ཀྱི་རྣམ་བཞག་ཀུན།།
ཕྱིར་སྡུད་ཚུལ་བསམ་ཚེ་ཆོས་ལ་མཚར།།
ཕྱིར་རང་ཉིད་ཆོས་པ་རྣམ་དག་མིན།།
སྒོས་ཐོས་བསམ་སྒོམ་པའི་སྐལ་བ་ཕྲ།།
འདི་བཤད་པའི་འོས་བབ་མ་མཆིས་རུང་།།
བན་ཆོས་མེད་ཡུལ་ནས་སྨྱོ་ཚུལ་ཙམ།།
གཞིས་བོད་མིས་མཆོད་འབུལ་བཟོད་སེམས་གྱིས། །
བྱེས་བོད་མིས་ཤེས་བྱ་ཡོད་ཚད་སྦྱོངས། །
བོད་གཞིས་བྱེས་འཇོམས་པའི་རྟེན་འབྲེལ་ཞིག །
དུས་ད་ནས་གསལ་དུ་གསལ་དུ་འགྲོ །
རྟེན་འབྲེལ།
གཞན་ལ་བརྟེན་པས་ཡོད་མཐའ་དང་། །
གཞན་དང་འབྲེལ་བས་མེད་མཐའ་བསལ། །
ཡང་ན་བརྟེན་པས་མེད་མཐའ་དང་། །
གཞན་དང་འབྲེལ་བས་ཡོད་མཐའ་བསལ། །
རྟེན་འབྲེལ་རྟེན་ཅིང་འབྲེལ་འབྱུང་བ། །
སྟོང་ཉིད་ང་རོ་སྒྲོག་མཁས་པ། །
སྟོན་པ་ཤཀྱྰ་ཐུབ་པ་དང་། །
ཀླུ་སྒྲུབ་རྗེས་འབྲངས་ཁོ་ན་ཙམ། །
རྟེན་འབྱུང་།
མ་བརྟགས་མ་དཔྱད་བློ་ངོར་ན། །
བདེ་སྡུག་ཐམས་ཅད་ཡོད་ཡོད་འདྲ། །
བརྟགས་ཤིང་དཔྱད་པའི་བློ་ཡུལ་དུ། །
འཁོར་འདས་གཉིས་ཀྱང་མིང་ཙམ་མོ། །
སྟོང་ཉིད།
སྣང་ཙམ་ཉིད་ཀྱིས་སྟོང་པ་དང་། །
སྟོང་པར་མཐོང་བས་སྣང་ཙམ་མ། །
དེ་གཉིས་གཅིག་ཅར་འཇོག་ཤེས་ན། །
དེ་ཉིད་དབུ་མའི་ལམ་ཡིན་ནོ། །
གཞི་འོད་གསལ་རིག་པའི་པའི་ཁྱེའུ་དེ། །
སྡུག་འཁོར་བའི་ཕུང་བོའི་བཙོན་ཁང་ནས། །
ལམ་ཐབས་ཤེས་གཉིས་ཀྱིས་གྲོལ་བའི་གནད།།
ལས་རིམ་གཉིས་རྫོགས་ལ་འབོད་ཅིག་བུ། །
གནད་དེ་ག་སྟོན་པའི་རྒྱུད་ཀྱི་སྡེ། །
གཞུང་རྒྱ་མཚོ་ལྟ་བུ་མཆིས་པ་ལས། །
བུ་ཁྱེད་ཀྱི་ཕ་ཆོས་ཟབ་མོ་དེ། །
དཔལ་ཀྱེ་རྡོར་ཡིན་པས་གནད་དུཟུངས། །
་ཧ་ཧ་ཧ་་ཧོ་ཧོ་ཧོ་་་
སྐལ་ལྡན་ལས་འཕྲོ་ལ་ལུང་དུ་བསྟན་པའོ།
བུ་་་་རིག་པ་བཟང་། གོ་བ་ཟབ། ད་ཉམས་ལེན་ལ་བོགས་འདོན་པའི་ཆེད་དུ་ང་རྣལ་འབྱོར་དཔའ་གདེང་རང་ཉམས་ལས་བྱུང་བའི་ཐོལ་བྱུང་ཕྲལ་ལ་སྒོམ་ཤིག་དང་། རིང་ན་ལོ་དང་། ཐུང་ན་ཟླ་བ་ལ་ཉམས་རྟོགས་ཀྱི་རྟགས་ཁྱད་པར་བ་འབྱུང་ངོ་བྱུང་། ཨ་ལ་ལ་་ལ་ལ་ཧོ།
དཀོན་མཆོག་མ་དད་ནང་པ་མེད། །
ལས་འབྲས་མི་ཤེས་ཐེག་དམན་མེད། །
རྟེན་འབྲེལ་མི་ཤེས་ཐེག་ཆེན་མེད། །
རྟན་འབྲེལ་རྟེན་འབྱུང་སྟོང་པར་སྒོམས། །
གཞན་གནོད་སྤངས་ནས་ཐར་པ་སྒྲུབས། །
གཅེས་འཛིན་སྤངས་ནས་སངས་རྒྱས་དང་། །
ཐ་མལ་སྤངས་ནས་གསང་སྔགས་སྒྲུབས། །
ད་ེལ་ཆོས་བརྒྱུད་ཀྭན་མཐུན་རེད། །
རྒྱུ་འབྲས་རྟེན་འབྲེལ་ལས་འབྲས་སོམས། །
ལྟོས་ས་ལྟོས་བྱེད་རྟེན་འབྱུང་སྒོམས། །
མིང་རྐྱང་བཏགས་ཙམ་བདེ་སྡུག་ལས། །
ཐ་སྙད་ཙམ་གྱི་འཁོར་འདས་སོམས། །
གཞན་གཅེས་བྱང་སེམས་བསྒོམས་པ་དང་། །
མཐའ་བྲལ་དོན་དམ་བྱང་སེམས་སྒོམསས། །
ཕྱི་རྒྱུད་བསྐྱེད་རིམ་བླ་བརྒྱུད་སྒོམས། །
ནང་རྒྱུད་རྫོགས་རིམ་ཕྱག་ཆེན་སྒོམས། །