ཁྲོ་གཏུམ།
སྒྱུ་རྩལ་གྱི་ཉམས་ནི་རབ་བཏགས་དང་རྟོག་བཏགས་ཀྱི་བར་དུ་བཙིར་ནས་ཐོན་པ་ཞིག་ཡིན་ནམ། ཡང་ན། དཔེ་མི་སྲིད་པའི་གཏམ་གྱི་སྦྱོར་བ་ཁྱད་པར་བ་སྤྲོས་ཏེ་དངོས་པོའི་གནས་ལུགས་ཀྱི་ངོས་དེ་ལྡོག་པའི་ཆ་ནས་ཁ་སྤྲོད་པ་ཞིག་རེད། གང་ལྟར། སྒྱུ་རྩལ་འཚོལ་བསྙེགས་བྱེད་ཞོར་གྱི་འགྲུལ་བཞུད་པ་ཕལ་ཆེ་བས་སྒྱུ་རྩལ་ནི་རྙེད་མྱོང་མེད་མོད། སྒྱུ་རྩལ་འགྲེལ་མྱོང་མཁན་ཤིན་ཏུ་མང་། འོན་ཏང་། གཅིག་གྱུར་གྱི་སྒྱུ་རྩལ་ནི་སུས་ཀྱང་རྙེད་མེད་ལ་འགྲེལ་ཡང་མེད་པ་ཧ་ཅང་གསལ།
སྙན་ངག་འདིའི་མགོ་མཇུག་ན་དྲན་གདུང་ལྕི་མོ་དང་དངན་པ་རིང་པོ་ཡོད་ཅིང་། བརྗོད་བྱ་དང་རྗོད་བྱེད་ཀྱི་ལྷུ་ལག་དག་ནི་ཡང་དག་པའི་སེམས་ཀྱི་གཏིང་ནས་བཏོན་པས་ཚིག་གི་ཚོམས་ལ་དྭངས་ཤ་ལྡན། ‘དྲན། དྲན། དྲན།’ཁ་བྱང་ལ་དྲན་ཡིག་གསུམ་བཀོད་པ་འདི་ནི་མི་རིགས་ཤིག་གི་ཡུལ་སྲོལ་གྱི་ངོས་ནས་བལྟས་ན། གྲངས་ཀ་གསུམ་ནི་ཆེས་རིན་ཐང་ལྡན་པའི་འདུ་ཤེས་ཤིག་ཡིན་ལ། དཀོན་མཆོག་གསུམ་ནི་མིའི་སེམས་ཁོངས་ཀྱི་རུས་པ་ཉག་གཅིག་ཡིན། དེ་བས་ཁ་བྱང་ལ་དྲན་ཡིག་གསུམ་བཀོད་པ་དེ་ཐེངས་གསུམ་ཀློག་དུས་རིགས་ཀྱི་སྐད་ལ་བྱང་བ་ཞིག་གིས་ཚོར་བ་བླ་མེད་ཅིག་རྙེད་ཐུབ།
རིམ་བཞིན་བཀླག་ན། ཕ་མ། ཕུ་བོ་ནུ་བོ། ཨ་ཅེ། ཁོང་ཚོ་ནི་རྩོམ་མཁན་གྱི་དྲན་ངོས་སུ་གློ་བུར་དུ་ཤར་བའམ་ནམ་རྒྱུན་སེམས་སོང་སུ་འཕྱོ་བའི་ཕྱིར་མིག་རེད། རྩོམ་མགོ་བཟུང་བ་ནས་མཇུག་མཐའི་ཚིག་རྐང་ནའང་གངས་དང་འབྲེལ་བའི་ཕྱིར་དྲན་གླེང་ཡོད་ཅིང་། ལྷག་པར་དུ་རྩོམ་མཁན་གྱི་བག་ཆགས་མཐུག་ཤོས་ནི་དགུན་ཁ་དང་འབྲེལ་ཡོད་པ་སྟེ། གངས་དང་འབྲེལ་འདུག དཀར་མདོག་དང་འབྲེལ་འདུག
རྩོམ་འདིའི་ཟླ་ཚེས་ཀྱི་སྣེ་མོ་ན། རྩོམ་འབྲི་ཡུལ་ནི་ཁ་བ་གཏན་ནས་བབས་མ་མྱོང་བའི་རྒྱ་གར་ཚ་བའི་ཡུལ་གྱི་རྒྱལ་ས་ལྡི་ལི་ཡིན་པར་བཀོད་འདུག
དེས་ན་རྩོམ་ཡིག་འདིའི་ནང་གི་ཁ་བ་དེ་ནི་གང་ཞིག་ནས་སླེབས་པ་རེད། སྐབས་འདིར། སྙན་ངག་པའི་ཚོར་བ་སྒྱུ་འཕྲུལ་གྱི་ཀློང་ལ་འཐིམས་ཏེ་རྨི་ལམ་ལྟ་བུ། འཇའ་ཚོན་ལྟ་བུ། སྤྲིན་པ་ལྟ་བུའི་འཇིག་རྟེན་ཞིག་ཏུ་ཞུགས་ཏེ། སྙན་ངག་གི་ཆེས་མཐའ་མར་’ང་ཚོས་ནང་སེམས་ཀྱི་ངལ་དུབ་བཀྲུས་ཤིང་ཁྱོད་ཚོ་དྲན་ཡོད།’ཅེས་བཀོད་ཅིང་། ཉམས་འགྱུར་གྱི་མཐའ་མའི་གཏན་འབེབས་དེ་ཡང་འདི་རུ་སྤུངས་འདུག
སྣན་ངག་འདི་ནི། གོ་སླ་བའི་རང་མོས་སྙམ་ངག་གི་གྲས་ ཡིན་ཀྱང་། ཚིག་གི་འཕར་མཆོངས་ཀྱི་ཚད་མཐོ་བའི་བར་སྟོང་ན་གཏམ་རྒྱུད་མང་པོ་ཞིག་བསྡུས་བརྗོད་ཀྱི་དི་བསྟིམས་ཡོད་སྟབས། ཀློག་པ་པོར་བཞག་པའི་བསམ་གཞིགས་དང་ཚོར་བ་རོལ་སའི་གཏིང་ཞིག་ཡིན་པར་སྣང་། སྙན་ངག་འདི་ནི་ངག་ལ་འཇམ་ཞིང་སེམས་ལ་འབབ་པ་ཞིག་རེད་འདུག
ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༠༩ ཉིན།
དྲན། དྲན། དྲན།
སྐྲན།
ཨ་ཕ་ལགས། ཨ་མ།
དེ་རིང་འདི་གར་ཕ་ཡུལ་གྱི་ཁ་བ་འདྲ་བ་བབས་བྱུང་།
ང་ཚོས་གངས་རྩེད་བྱས་ཤིང་འདྲ་པར་བརྒྱབ་ཡོད།
ཕུ་བོ་ལགས། ནུ་བོ།
དེ་རིང་འདི་གར་ཕ་ཡུལ་གྱི་དྭངས་གསལ་འདྲ་བ་ཤར་བྱུང་།
ང་ཚོས་གངས་འོད་དང་སེམས་རིས་སྦྱར་ཡོད།
ཨ་ཅེ་ལགས། ཨ་ཅེ།
དེ་རིང་འདི་གར་ཕ་ཡུལ་གྱི་དགུན་ཁ་འདྲ་བ་ཤར་བྱུང་།
ང་ཚོས་ནང་སེམས་ཀྱི་ངལ་དུབ་བཀྲུས་ཤིང་ཁྱོད་ཚོ་དྲན་ཡོད།
ལྡི་ལིར། 20.02.2014