ཕབ་སྒྲིག་པ། རྫ་ཚེ་རིང་བཀྲ་ཤིས།
(གསལ་བཤད། སྤྱིར་ཟིན་བྲིས་འདི་ཉིད་མཁན་ཆེན་བླ་མ་བཀའ་དྲིན་ཅན་གང་ཉིད་ཀྱི་གསུང་གི་བདུད་རྩི་འབའ་ཞིག་བཅོས་ལྷད་མེད་པར་སོར་བཞག་ཞུས་པ་སྨོས་མེད་ཀྱང་། ཡང་བཅར་འདྲིའི་དབུ་ནས་ཅུང་ཟད་མ་ཚང་བ་དང་། དྲི་བ་པོའི་མཚམས་སྦྱོར་ལྟ་བུ་འགའ་ཞིག་ལ་དགོས་ངེས་ཀྱི་འཕྲི་སྣོན་ཕྲན་བུ་བྱས་པ་ཡིན་ལ། གོ་རིམ་ཅུང་ཟད་བསྡེབས་པ་དང་། འབྲོག་སྐད་ཀྱི་བརྡ་ཆད་འགའ་ལ་མཆན་བུ་བཏབ་པ་བཅས་ཀྱང་ཡོད། ཡང་དཔེར་ན། གཤིན་རྗེ་སྒྲུབ་ཕུག་ཅེས་པའི་མགོར་རྫོགས་ཆེན་རུ་དམ་ཡང་དབེན། ཞེས་པ་ལྟ་བུ་ནང་དོན་ཇེ་གསལ་དུ་གཏོང་བར་ཕན་ངེས་ཀྱི་ཐ་སྙད་དང་ཚིག་གི་མཚམས་སྦྱོར་རེ་གཉིས་ཙམ་གསར་དུ་བསྣན་པའང་ཡོད་དེ། ཉེས་འགལ་མཆིས་ན་བདག་གི་ཉེས་པ་ཁོ་ན་ཡིན་ནོ། ། ཕབ་སྒྲིག་པས། )
༡ ༽ ཁམས་པ་ངོ་མཚར་ཅན།
དེ་ཡང་དཔལ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནི་དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཞུ་བ་ཞིག་རེད། སྐུ་ཕྲེང་གཉིས་པའི་མཚན་ལ་སྤྲུལ་སྐུ་ཀུན་བཟང་ཞུ་ཞིང་། ཁོང་ཡང་ངོ་མཚར་ཅན་ཞིག་ཡོད་འདུག་ན་ཡང་དགུང་ལོ་ཉེར་ལྔའི་སྐབས་སུ་ལྷ་ལྡན་དུ་ཕེབས་ནས་བྲག་དམར་སེ་ལེ་(ཀུན་དཔལ་དཔལ་སྤྲུལ་རྣམ་ཐར་དུ་ས་ལོ་ཞེས་བྲིས་གནང་འདུག )རྒོད་ཚང་གི་ཉེ་འགྲམ་ནས་སྐུ་གཤེགས། དུས་དེར་ཁོང་རྣམ་པ་ལམ་གྱི་མགྲོན་པོ་ཡིན་པ་དང་། སྐུ་ན་ཆུང་ཆུང་ཡིན་པ་དེ་ཐམས་ཅད་ཀྱིས་ཡིན་ས་རེད། གདུང་ཁང་དེ་ཡང་རང་གར་མཚོན་ཙམ་གྱིས་ཀ་ར་(སྦྲ་གུར་སོགས་ཀྱི་གདུང་མ་དང་ཆོན་ཐག་འགེར་བྱེད་ཀྱི་ཀ་རྒྱུག་གི་མིང་ངོ། །ཞེས་སྨོན་ལམ་ཚིག་མཛོད་དུ་གསལ)ལྟ་བུ་གསུམ་ཞིག་བཅིངས་ནས་དེའི་ཐོག་ཏུ་ཞུགས་འབུལ་ཞུས་པ་དེ་འདྲ་ཞིག་བྱས་ཡོད་ས་རེད་བསམ་པ་ཞིག་འདུག ཁོང་འདས་འགྲོ་དུས་དགུན་ཟླ་འབྲིང་པོའི་སྨད་ཙམ་ཞིག་ཡིན་འདུག གསུང་སྲོལ་ལ། སྐུ་གདུང་ཞུགས་འབུལ་ཞུ་སའི་ཤུལ་དེར་མེ་ཏོག་སེར་ཆེན་མཐོ་བརྒྱད་པའི་ཆེ་ཆུང་ཙམ་ཡོད་པ་ཞིག་སྐྱེས་ཡོང་བས་བྲག་དམར་སེ་ལེ་རྒོད་ཚང་གི་ས་ཆ་དེ་ན་ཡོད་པའི་མི་སེར་ཚོ་ཡ་མཚན་ཞིང་། ཅི་འདྲའི་ཁམས་པ་ངོ་མཚར་ཅན་ཞིག་ཡོད་འདུག་ཅེས་ཟེར་བ་བྱུང་བ་དང་། དེ་ནས་བཟུང་སྟེ་ཁམས་པ་ངོ་མཚར་ཅན་ཞེས་པའི་མཚན་དེ་ཡོངས་གྲགས་སུ་གྱུར་པ་རེད་ཅེས་ཟེར་སྲོལ་འདུག །དེའི་གཉེར་པ་དེ་སྐུ་གོང་མ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་གཉེར་པ་ཡང་ཡིན་པར་མ་ཟད། ཡང་སྲིད་ཆུང་ངུ་ཚང་གི་གཉེར་བ་ཡང་ཡིན་ནི་རེད་ཟེར། གཉེར་པ་ཁོང་དེ་ནས་མུ་མཐུད་དེ་ཡར་དབུས་ཕྱོགས་སུ་ཕེབས་ནས་ཇོ་བོ་ཡིད་བཞིན་ནོར་བུ་མཇལ། དབུས་གཙང་གི་རྟེན་བསྐོར། མཆོད་བསྔོས་འདྲ་བཞག །དེ་འདྲ་བྱས་ནས་སྟག་ལུང་མ་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་དུ་སོང་ནས་སྤྲུལ་སྐུ་ངོས་འཛིན་བྱས་པ་དང་། སྤྲུལ་སྐུ་ངོས་འཛིན་ཆེད་བརྟགས་སྒྲིལ་འཕངས་པའི་སྐབས་སུ་ད་གིན་རྒྱལ་ཐོག་ལ་འཁྲུངས་པའི་དཔལ་དགེ་ཚང་འདི་པ་ངོས་འཛིན་གནང་བ་རེད་ཟེར།
༢ ༽ ངོས་འཛིན། བོད་ཚིག་ཐོག
སྤྲུལ་སྐུ་ངོས་འཛིན་གནང་གྲུབ་པར་མ་ཟད། གནས་སྐོར་སོགས་ལེགས་པར་གྲུབ་ནས་གཉེར་པ་གཉེར་རྒན་དེ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་ཉི་མ་འགའ་ཞིག་ཁོང་ཉིད་ཀྱི་ཡབ་ཡུལ་ལ་བསྡད་ཡོད་ས་རེད། དེ་སྔོན་ལ་ཡང་ཐུག་འབྲེལ་ཡོད་རྒྱུ་རེད་དེ་སྤྲུལ་སྐུ་ལ་ན་བཟའ་གསོལ་རྒྱུ་སོགས་ཀྱི་ཆེད་སྐར་མ་ཞིག་བལྟས་ནས་དངུལ་རྡོ་ཚད་(རྡིལ་ཚད་ཅེས་ཀྱང་འབྲི་སྲོལ་ཡོད)གཅིག་དང་ན་བཟའ་ཞིག་ཁུར་ནས་གཡག་གཉིས་སྣ་ལེན་སྣ་འདོར་(སྣ་ལོ་བརྟུལ་ཟིན་པ་སྟེ། འབྲོག་པ་དག་གིས་གཡག་གི་ནང་ནས་གཡུང་བའི་རིགས་འགའ་ཞིག་ཆེད་དུ་བདམས་ནས་སྣ་ཕུག་ནས་གཞོན་པར་བརྟུལ་བ་ལ་སྣ་ལོ་ཞེས་འབོད་ཅིང་། དེ་འདྲ་གཅིག་གཞོན། སྣ་ལོ་དེ་འདྲ་གཞན་ཞིག་ལ་ཁལ་བཀལ་ཏེ་སྣ་ལོ་གཉིས་ཀྱི་སྣ་ཕན་ཚུན་སྣ་ཐག་གིས་སྦྲེལ་ཐོག་མཉམ་ཁྲིད་བྱས་པ་དེར་སྣ་ལེན་སྣ་འདོར་ཞེས་འབྲོག་པའི་ཡུལ་སྐད་དོ། །དེས་ན་འདིའང་སྣ་ལེན་སྣ་དོར། གྲུ་འདོར། ཆུ་ལ་འདོར་སོགས་གཉིས་གཡོན་གཉིས་རིས་མོས་དང་མཉམ་དུ་སྦྲེལ་བ་བཅས་བྱས་ནས་ཆ་མཉམ་གྱིས་མདུན་སྐྱོད་བྱས་པ་དང་འབྲེལ་བའི་འབྲོག་སྐད་ཀྱི་ཐ་སྙད་ཅིག་ཏུ་སྣང་ངོ་སྙམ། རྟ་གཞོན་རྒྱུ་མེད་མཁན་ཚོས་སྣ་ལོ་གཞོན་པ་ཤས་ཆེ་བས་སྣ་ལོ་སྣ་ལེན་སྣ་འདོར་བྱས་ནས་ཡོང་བ་ནི་ཐོབ་ཐང་གི་ཆ་ནས་ཅུང་ཟད་ཉམ་ཆུང་ངམ་ཁེངས་སྐྱུངས་ཀྱི་རྣམ་པར་གོ ། )བྱས་ནས་རྒྱལ་ཐོག་ཚང་གི་ནང་ལ་བྱོན་པ་རེད་ཟེར།
གནའ་སྔ་མོ་དུས་ཚོད་དེའི་སྐབས་ཀྱི་དངུལ་རྡོ་ཚད་གཅིག་ཟེར་ན་རབ་ཅིག་ཡིན་རྒྱུ་རེད། དེ་ཙམ་མ་གཏོགས་ཕྱག་རྒྱུ་རིལ་སེ་མཆོད་བསྔོས་འཇོག་སྤྱད་སོགས་བྱས་ཟིན་པས་གཞན་དག་སྤུའི་རྩེ་ཁེ་ཙམ་ཡང་བཟུང་ཡོད་མ་རེད་ཟེར།
གཉེར་པ་ནང་ལ་ཕེབས་དུས་དཔལ་དགེ་ཚང་མོ་ཁྱིམ་(སྦྲའི་ནང་ལོགས་ཀྱི་གཡས་ངོས་ལ་མོ་ཁྱིམ་དང་གཡོན་ངོས་ལ་ཕོ་ཁྱིམ་ཟེར། དེ་གཉིས་ཀྱི་སྟོད་ཀྱི་ཆ་ཁྱིམ་སྟོད་དང་སྨད་ཀྱི་ཆ་ནི་ཁྱིམ་སྨད་དོ། །)གྱི་ཡར་ཁྱིམ་སྟོད་ས་དེར་ཐུར་མཆུ་(སྤྱིར་བཏང་གི་ཕུར་པ་ལྟར་ཆེ་ལ་སྦོམ་པ་མ་ཡིན་པའི་ཤིང་ཐུར་ཅུང་ཕྲའུའི་རིགས་ཐབ་ཁུང་ནས་མེ་འབྲུ་བ་སོགས་ལ་བཀོལ་བའི་རིགས་ཏེ། ཐུར་མཆུ་ནི་འབྲོག་སྐད་དོ)ཞིག་ལ་བྱིས་པ་ཆུང་ཆུང་དེ་བཏགས་ནས་བཞག་ཡོད་འདུག །བྱིས་པ་དེས་དེ་མ་ཐག་གཉེར་པའི་ཕྱོགས་ལ་བསིགས་ནས་སྡོད་པའི་སྐབས་སུ། གཉེར་པས་ཡ་གིའི་བྱིས་པ་གན་གློད་འཇོག་རོགས་ཞེས་གསུངས་པ་རེད་ཟེར། དེ་ནས་བྱིས་པ་དེ་གློད་མ་ཐག་གོག་ནས་ཐད་ཀར་གཉེར་པའི་པང་དུ་བྱོན་དེ་དགའ་དགའ་བྱས་ཤིང་སྔར་ནས་ངོ་ཤེས་པ་ནང་བཞིན་དེ་ཀ་རང་དུ་བཞུགས་བསྡད་པའི་ལོ་རྒྱུས་ཡོད་རེད། དེ་ནས་གཉེར་པས་དེར་ན་བཟའ་གསོལ་ཞིང་། དངུལ་རྡོ་ཚད་གཅིག་དེ་ཡང་བླུ་ཡོན་ལ་བྱིན་རྗེས་དེར་མ་བསྡད་པར་བུད་སོང་རེད་ཟེར།
ཉིན་དེའི་ཕྱི་དྲོ་ཙམ་ཞིག་ལ་འདན་མའི་ཕྱོགས་ཤིག་ནས་ཡིན་ཟེར་བའི་རྟ་དྲེལ་སུམ་ཅུ་བཞི་བཅུ་དེད་ཡོད་མཁན་ཞིག་ཉེ་འཁོར་དེར་བསྒར་བརྒྱབ་ནས་ངེད་ཚང་གི་སྤྲུལ་སྐུ་ཁྱེད་ལ་འཁྲུངས་ཡོད་རེད་ཅེས་ཟེར་དུ་བྱུང་བ་ལ། སྤྲུལ་སྐུའི་ཡབ་ཚང་གིས་ད་ནངས་ཞོགས་པ་གཞན་གྱིས་བླུས་ཟིན་སོང་ཞེས་ལན་བཏབ་ནས་བླུ་ཁ་མ་གཏད་པ་རེད་ཟེར།
ད་དུང་འདིའི་སྐོར་གསུངས་མཁན་བླ་མ་དེས་ང་ལ། གནའ་མྱི་ནི་བཤད་ཐོག་གཏམ་ཐོག་ལ་འདུག་རྒྱུ་དེ་གལ་ཆེན་པོ་རྩི་མཁན་ཡིན་སྟབས་དེ་འདྲ་རེད། ཕྱི་དྲོ་རྟ་དྲེལ་སུམ་ཅུ་བཞི་བཅུ་དེད་ཡོད་མཁན་གྱི་བསྒར་བ་ཞིག་བླུ་རུ་ཡོང་ན་ཡང་། སྔ་དྲོ་གཡག་ལེ་སྣ་ལེན་སྣ་འདོར་ཅན་ཞིག་ཡོང་ནས་བདག་པོ་བརྒྱབ་སྟེ་སྤྲུལ་སྐུ་བླུས་ཚར་བ་ཡིན་སྟབས་དེའི་བཤད་ཐོག་ལ་འགྱུར་རྒྱུ་གང་ཡང་ཡོད་མ་རེད། ཅེས་གསུངས་ཀྱི་འདུག །
ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་མཛད་པའི་དཔལ་སྤྲུལ་ཚང་གི་རྣམ་ཐར་དུ་རྡོ་བླ་འཇིགས་མེད་ཀྱིས་ངོས་འཛིན་གནང་བར་གསུང་འདུག་མོད། དོན་ལ་སྟག་ལུང་མ་རིན་པོ་ཆེ་དང་རྡོ་བླ་འཇིགས་མེད་གཉིས་ཆར་གྱིས་ངོས་འཛིན་གནང་བ་ཞིག་ཡིན་རྒྱུ་རེད་སྙམ།
དེ་ཡང་རྡོ་བླ་འཇིགས་སྐལ་ཞུ་བ་ཁོང་རེད། རྡོ་བླ་འཇིགས་སྐལ་གྱིས་ཀྱང་ངོས་འཛིན་གནང་ཡོད་རྒྱུ་རེད།(ཀུན་དཔལ་གྱིས་མཛད་པའི་རྣམ་ཐར་དུ་གོང་གི་དེ་དག་གི་ཐོག་ཏུ་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཀྱང་དཔལ་དགེ་བླ་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བར་གསལ)
༣༽ སྤྲུལ་རྒོད་དུ་ཤོར་དོགས། ཁ་ཏ།
བླ་མ་བསྟེན་སྟངས་ཀྱི་ཆ་ནས་དགུང་ལོ་ཆུང་ཆུང་གི་སྐབས་ནས་འཇིགས་མེད་རྒྱལ་བའི་མྱུ་གུ་དང་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཟུང་བླ་མར་བསྟེན་པ་རེད། ཡིན་ན་ཡང་རྣམ་ཐར་ནང་ལ་དེའི་སྐོར་རྒྱས་པ་ཞིག་མི་འདུག །འཇིགས་མེད་རྒྱལ་བའི་མྱུ་གུའི་མདུན་ནས་སྙིང་ཐིག་སྔོན་འགྲོ་ལན་ཉི་ཤུ་རྩ་ལྔ་གསན་པར་གསུངས་པ་ལྟ་བུ་དེ་འདྲ་འགའ་རེ་མ་གཏོགས། གཞན་པའི་ལོ་རྒྱུས་ཆེན་པོ་དེ་འདྲ་གོ་ནི་མ་མྱོང་། ཡིན་ན་ཡང་། དཔལ་དགེ་ཚང་ཆུང་དུས་ཕྱིང་ངུའི་དུགས་པོ་(འདིར་དུག་སློག་ཅེས་སོགས་བྲིས་མོད་དུགས་ནི་ལུས་ལ་སྦྱར་བ་དང་འབྲེལ་བའི་མིང་དུ་སྨན་གཞུང་ལས་འབྱུང་བ་ལྟར་དུགས་པོ་བྲིས་ན་ལེགས་པར་སྙམ)ཞིག་མནབས། གསོལ་ཞལ་ལ་ཡང་ཕྱིང་པའི་ཤུབས་ཤིག་བཟོས་ནས་ནས་དེའི་ནང་དུ་བཅུག་ཏེ་བསྣམས་ཐོག་རི་ཁྲོད་སོགས་ག་ས་གང་དུ་འགྲིམས་ནས་བྱོན་འགྲོ་བ་ལས་བླ་བྲང་གི་ནང་ནས་ཡེ་མི་བཞུགས་པ་དེ་འདྲ་ཞིག་ཡིན་རེད་ཟེར། དེ་ལ་བན་རྒན་རྒན་པ་ཚོས་ཡང་སྲིད་ཚང་བླ་བྲང་ནང་ནས་མི་བཞུགས་པར་འདི་ལྟར་ཕེབས་བསྡད་ན་སྤྲུལ་རྒོད་དུ་ཤོར་(སྤྲུལ་རྒོད་དུ་ཤོར་ཟེར་བ་ནི་ཡང་སྲིད་འཁྲུལ་བྲལ་ཡིན་ཡང་། སྣང་ཚུལ་ལ་གསན་བསམ་སློབ་གཉེར་དང་བསླབ་གསུམ་མཉམ་བཞེས་སོགས་ཚུལ་བཞིན་མ་བྱུང་བས་གསོ་སྐྱོང་ལམ་ལྷོང་མ་བྱུང་བར་མི་སྐྱ་ཕལ་པ་ལྟ་བུར་གྱུར་པའི་དོན་)འགྲོ་ས་རེད། འཇིགས་མེད་རྒྱལ་བའི་མྱུ་གུ་ལ་ཁྱེད་ཀྱིས་ཡང་སྲིད་ཚང་ལ་ཞལ་ཏ་རེ་གནང་དགོས་ཀྱི་འདུག་ཅེས་ཞུས་དུས། འཇིགས་མེད་རྒྱལ་བའི་མྱུ་གུས། དེ་ལ་འུ་ཅག་ལྟ་བུ་ཞིག་གི་ཁ་ཏ་ཕལ་ཆེར་དགོས་ཀྱི་མ་རེད། ཅེས་ལན་གནང་བའི་ཚུལ་དེ་འདྲ་ཡང་གསུངས་སྲོལ་འདུག
༤ ༽ སེལ་ཤུལ་དགོན་དུ་ལོ་ལྔར་བཞུགས་པ། སྤྱོད་འཇུག་དུས་སྟོན།
དུས་ཕྱིས་ཙ་ན་དཔལ་དགེ་ཚང་སེལ་ཤུལ་དུ་ཡང་ལོ་ལྔ་ཙམ་ལ་བཞུགས་རེད་ཅེས་གསུངས་ཐལ་བསམ། དེ་ཡང་དགུང་ལོ་ཆུང་ཆུང་རང་གི་སྐབས་ནི་ཡིན་ས་མ་རེད། སེལ་ཤུལ་དགོན་པ་ནི་དགེ་ལུགས་ཀྱི་དགོན་པ་ཆེན་པོ་ཞིག་རེད། རྫ་ཆུ་ཁ་ན་དགེ་ལུགས་ཀྱི་དགོན་པ་ཁག་ཅིག་ཡོད་པའི་ནང་ནས་དེ་ལས་ཆེ་མེད་པ་དེ་རེད། སེར་ཤུལ་ཚང་གིས་ད་ལྟའང་མཁས་པ་ཤྲི་རྒྱལ་པོ་ཞེས་ཐམས་ཅད་ཀྱིས་རྩོད་མེད་ཡོངས་གྲགས་སུ་ཚད་མའི་སྐྱེས་བུ་ཆེན་པོར་ངོས་འཛིན་གནང་གི་འདུག དེ་ཡང་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་བེར་དང་དཔལ་དགེ་ཚང་གི་ཐུལ་བ་སོགས་ད་ལྟའང་དགོན་པའི་ནང་རྟེན་དུ་བཞུགས་འདུག དཔལ་དགེ་ཚང་གི་ཐུལ་བ་ངས་ཀྱང་མཇལ་སོང་། སེར་པོ་དེ་འདྲ་ཞིག་འདུག ང་ཚོས་ཀྱང་ཐུལ་བ་ལ་སེན་བཏོགས་བྱས་ནས་ཅུང་ཟད་ཅིག་རག་བྱུང་། རིག་གནས་གསར་བརྗེ་ཆེན་པོས་བར་བཅད་སོང་བ་རེད་དེ། ཡིན་ན་ཡང་། ད་དུང་ཡང་ལྷག་འདུག །སེར་ཤུལ་དགོན་གྱི་སྤྱོད་འཇུག་མཆོད་པའམ། སྤྱོད་འཇུག་དུས་སྟོན་ཞེས་པ་དེ་ཡང་དེའི་ཐད་སོ་ནས་དཔལ་སྤྲུལ་རིན་པོ་ཆེས་སེར་ཤུལ་དགོན་དུ་འཛུགས་གནང་མཛད་པ་རེད།
༥ ༽ ཐོང་རྩས་བཟུང་ནས་རིག་ངོ་སྤྲད་པ། ཁྱི་རྒན།
མདོ་མཁྱེན་བརྩེས་དཔལ་སྤྲུལ་རིན་པོ་ཆེ་ལ་རྫོགས་པ་ཆེན་པོའི་རིག་པ་ངོ་སྤྲོད་གནང་བའི་སྐོར་གྱི་ལོ་རྒྱུས་ཤིག་ཡོད་རེད། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་ཐོག་མར་གང་ནས་མཇལ་བ་ཡིན་ངས་ཀྱང་མི་ཤེས། ཡིན་ན་ཡང་གང་ལྟར། དཔལ་དགེ་ཚང་ཡར་སྐུ་ན་ཅུང་ཟད་ཁྱོགས་ཤིང་(དགུང་ལོ་དར་ལ་བབ་པའི་དོན་)ཡར་མར་ཀུན་ཏུ་ཕེབས་བཞིན་པའི་སྐབས་ཤིག་ཏུ། ཐེངས་ཤིག་མདོ་མཁྱེན་བརྩེས་ཐུགས་ལ་དཔལ་དགེ་ཚང་གི་རྒྱུད་ན་ད་དུང་སྙེམས་རྟོག་ཅུང་ཟད་ཅིག་ཡོད་པར་དགོངས་ཏེ་ཐོང་རྩ་(ཐོང་ཀ་ཡི་ཡུལ་སྐད་)ནས་བཟུང་ཞིང་ཞལ་ངོ་ལ་མཆིལ་མ་བཏབ་པར་མ་ཟད། ཁྱི་རྒན་ཞེས་གསུངས་ཞོར་ཡར་འདྲུད་མར་འདྲུད་བྱས་པའི་རྐྱེན་ལས་དཔལ་དགེ་ཚང་གིས། ཁོང་གི་རྟོགས་པ་ནམ་མཁའ་འདྲ་འདྲ། ཐོགས་སྒྲིབ་གཏན་ནས་མེད་པ་ཞིག་ཏུ་རེད་ཐལ་ཞེས་གསུངས་པ་རེད་ཅེས་གསུངས་འདུག ། ཁྱི་རྒན་ཨ་བུ་ཡང་དཔལ་དགེ་ཚང་གིས་ཁོང་ལ་མདོ་མཁྱེན་བརྩེ་རིན་པོ་ཆེས་གནང་བའི་གསང་མཚན་ཡིན་གསུངས་ནས་གསུང་རྩོམ་མང་པོ་ཞིག་གི་མཇུག་ཏུ་མཚན་དེ་རང་བྲིས་གནང་ཡོད་པ་དེ་རེད། དེ་ནང་བཞིན་དཔལ་དགེ་ཚང་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞལ་སློབ་ཀྱང་རེད།
༧ ༽ ཁྲུས་བླ་བདེན་པ་ཞིག་ལ་དབང་བཤད་འབྲི་རོགས་གནང་བ།
ཡང་ངས་གོ་ཐོས་ལ། སྐབས་ཤིག་ལ་མགོ་ལོག་ཅིག་ཏུ་ཕར་ཕེབས་སོང་དུས་དུད་ཚང་ཞིག་གིས་ཚོགས་པ་ཞིག་འཚོགས་བསྡད་ཡོད་པ་དང་། ཚོགས་པའི་དབུ་བཞུགས་ཀྱི་བླ་མ་དེ་བླ་མ་ལོ་ཆུང་ཆུང་ཅན་ཞིག་ཡོད་འདུག དེས་དབང་འདྲ་བསྐུར་དེ་འདྲ་ཞིག་བྱེད་ཀྱི་ཡོད་རེད་ཟེར(གཤིན་པོ་སོགས་ལ་ཞི་ཁྲོ་དང་ཀུན་རིགས་ལྟ་བུའི་གནས་འདྲེན་དབང་ཁྲུས་ཆོག་གི་དབང་བསྐུར་གྱི་བླ་མ་བྱེད་པའི་ཁྲུས་བླར་གྲགས་པ་དེའི་རིགས་སོ། །) དེ་ནས་བར་སྐབས་ཤིག་ཏུ་དཔལ་དགེ་ཚང་གིས་བླ་མ་ལོ་ཉུང་དེར་ག་ལེར་ཁྱེད་ཚུར་འདིར་ཅིག་ཤོག་དང་གསུངས་ནས་ལོགས་སུ་བོས་ཏེ། ཁྱེད་རང་གིས་དབང་གང་འདྲ་བསྐུར་ཤེས། དབང་བཤད་དེ་ཚོ་གང་འདྲ་ཤེས་ཞེས་སོགས་དྲིས་པ་རེད་ཟེར། བླ་མ་དེ་ཡང་ཐུགས་རྒྱུད་ཧ་ཅང་དྲང་མོ་ཅན་ཞིག་ཡིན་པས། ངས་དབང་བཤད་ཟེར་ན་ཆེན་པོ་ཞིག་མི་ཤེས་སོགས་ཁོང་རང་ཉིད་གང་ཡིན་པ་ངོ་མ་དེ་ཡར་དཔལ་སྤྲུལ་རིན་པོ་ཆེར་དྲང་གཏམ་བྱས་ནས་ཞུས་པ་ལ། ཁྲུས་བླ་དབང་སྐུར་མཁན་དེའི་ཆེད་དུ་ད་ལྟ་དཔལ་དགེ་ཚང་གི་བཀའ་འབུམ་གྱི་ཁྲོད་དུ་བཞུགས་པའི་ཞི་ཁྲོའི་དབང་སོགས་ཀྱི་མཚམས་སྦྱོར་པུཎྜ་རི་ཀའི་དོ་ཤལ་ཞེས་པའི་ཞི་ཁྲོའི་དབང་བཤད་དེ་གསུངས་ནི་རེད་ཟེར་དར།
༨ ༽ ཁངས་ནང་ནས་དགུན་ཁ་བསྐྱལ་བ།
དེ་ནས་ཡང་ཡར་མར་ཕེབས་བཞུད་གནང་བཞིན་པའི་སྐབས་ཤིག་ཏུ། ས་གནས་གང་ཡིན་ནི་མ་ཤེས་མོད། རྫ་ལུང་ཆེན་པོ་ཞིག་གི་མདོའི་ས་ན་དུད་ཚང་ཆེན་པོ་ཞིག་ཡོད་པ་དང་། ཁྱིམ་ཚང་དེ་ལ་གྲྭ་པ་ཡག་པོ་ཞིག་ཀྱང་ཡོད་པ་རེད་ཟེར། དཔལ་དགེ་ཚང་དེར་ཕེབས་ནས་བཞུགས་ཤིང་། ཉིན་གཅིག་མི་ཚང་དེ་ལ་དེ་རིང་ང་རྫ་ལུང་དེའི་ཕུ་ན་ཡར་ཞིག་འགྲོ་གི་ཡིན་ཞེས་གསུངས་ནས་ཡར་བྱོན་ཞིང་། གྲྭ་པ་དེས་ཀྱང་དཔལ་སྤྲུལ་རིན་པོ་ཆེ་ལ་ཞབས་ཞུ་བྱས་ནས་མཉམ་དུ་ཕྱིན། དཔལ་སྤྲུལ་ཚང་ཕེབས་ཁ་དུད་ཚང་དེའི་ནང་ནས་རྩམ་ཁུག་ཅིག་བསྣམས་པ་མ་གཏོགས་གཞན་གང་ཡང་ཡོད་ནི་མ་རེད་ཟེར། ཡར་རྫ་ལུང་གི་སྟོད་ཀྱི་ཆ་ནི་ཤིང་ནགས་ཅུང་ཟད་སྐྱེས་ཡོད་ས་ཞིག་ཡིན་གྱི་ཡོད་འདུག །ཁོང་གཉིས་ལུང་པའི་ཕུ་ལ་བསླེབས་དུས་དཔལ་དགེ་ཚང་གིས་གྲྭ་པ་དེར་འདི་ནས་ང་གཉིས་ཀྱིས་ཇ་ཞིག་བསྐོལ་གསུངས་ནས་ཐབ་རྡོ་སུམ་ཚུགས་ཤིག་གི་ཁ་ནས་ཇ་ཞིག་བསྐོལ་གནང་ཞིང་། རྩམ་ཁུག་དེའི་ནང་གི་རྩམ་པ་བཏོན་ནས་གྲྭ་པ་དེ་ལའང་ཅུང་ཟད་ཅིག་གནང་ཞིང་། ཁོང་ཉིད་ཀྱིས་ཀྱང་ཅུང་ཟད་ཅིག་གསོལ་རྗེས་རྩམ་ཁུག་དེ་ཕར་ཕྱོགས་དེའི་ཤིང་ཞིག་གི་ཡལ་ག་ལ་ཁ་འདོགས་རིང་པོ་ཞིག་(ཁུག་མའི་ཁ་སྡོམ་སྤྱད་ཀྱི་ཐ་གུའམ་སྐུད་པའི་རིགས་)ཡོད་པ་དེས་བཀལ། དེ་ནས་དཔལ་དགེ་ཚང་གིས་གྲྭ་པ་དེར། ད་ང་འདིར་ཉི་མ་འགའ་རེར་འདུག་གི་ཡིན་ཁྱོད་རང་ཕྱིར་བུད་སོང་། ཞེས་གསུངས་ནས་ཁོང་བཞུགས་བསྡད་པ་རེད་ཟེར། དེ་ཕལ་ཆེར་ནམ་ཟླ་སྟོན་དུས་ཤིག་ཡིན་ས་རེད། དེ་ནས་དགུན་ཚེས་སོང་བ་རེད་ཟེར། དགུན་ཁ་ལུང་པའི་ཁ་ཁངས་ཀྱིས་བཟུང་འགྲོ་ས་ཞིག་ཡིན་འདུག མ་གཞི་ཡང་ལུང་པའི་ཕུ་དེ་རྫ་ལུང་ཞིག་ཡིན་སྟབས་དབྱར་ཁའང་མི་ཕྱུགས་སོགས་ཆེར་མི་ཐར་ས་ཞིག་ཡིན་པ་ལ་ཁངས་ཀྱིས་བཟུང་ཟིན་པའི་སྐབས་སུ་དེ་བས་ཀྱང་སུ་ཡང་ཐར་ས་ཞིག་ཡིན་ནི་མ་རེད་ཟེར།
༩ ༽ ཡོན་བདག་གིས་ཨ་སྐྱོ་རྙེད་པ། བཟང་སྤྱོད།
དེ་ནས་ལོ་རྗེས་མ་སོས་བུད་ཡོང་བའི་སྐབས་སུ་དུད་ཚང་དེའི་བསམ་པར། ན་ཉིན་གྱི་ཨ་སྐྱོ་དེ་མར་ལུང་པའི་མདོ་ལ་ནི་གཏན་ནས་བུད་མ་བྱུང་། སྟོད་ནས་ཡར་ནི་དེ་བས་ཀྱང་ཐར་ནི་མ་རེད། དེ་ཅི་ཞིག་རེད་སོང་བ་ཡིན་ནམ། ག་ཤེད་ཅིག་ནས་ཤི་འདྲ་སོང་བ་ཡིན་ནམ་མིན། གང་ལྟར་ལྟ་སར་གཅིག་འགྲོ་དགོས་ཀྱི་འདུག་ཅེས་ཟེར་གྱིན་གྲྭ་པ་དེ་སྔར་གྱི་ས་ཆ་དེར་ཨ་སྐྱོ་དེ་ལྟ་སར་ཡོང་བ་ན། དཔལ་དགེ་ཚང་འབོ་ལོ་ཞིག་གི་ཁ་ཞབས་(འབོ་ལོ་ནི་ཡུལ་སྐད་ཀྱི་གསོམ་ཤིང་ངམ་ཐང་ཤིང་གི་མིང་ངོ་། །འབོ་བྱིའུ་ནི་ཐང་ཤིང་གི་ཡར་གར་ཐོགས་པའི་ཤིང་འབྲས་སོ།།) ན་སྐུ་ལུས་ཀྱི་ཐོག་ཏུ་འབོ་བྱིའུ་དང་ཤིང་ལོ་སོགས་ལྷུང་བསྡད་པས་ཕལ་ཆེར་ས་རྡུལ་གྱི་འོག་ཏུ་ཕྱིན་ཟིན་འདུག་ཟེར། རྩམ་ཁུག་དེ་སྐྱ་ཀ་སོགས་ཀྱིས་མཆུས་བཏོགས་ནས་ཅུང་ཟད་གཏེད་ཡོད་པ་ལས་གཞན་སྔར་ལྟར་ཤིང་གི་ཡལ་གར་བཀལ་བཞིན་པར་འདུག་ཟེར། དཔལ་དགེ་ཚང་གིས་མར་གྲྭ་པ་དེ་གཟིགས་པ་དང་། རྒྱ་གར་སྐད་ད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛཱ། ་ བོད་སྐད་དུ། ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དབུ་བཙུགས་ཏེ། བཟང་སྤྱོད་ཚར་གཅིག་གསུངས་ནས་བྱོན་ཡོང་བ་རེད་ཅེས་དེ་འདྲ་ཞིག་ཀྱང་གསུངས་སྲོལ་ཡོད་རེད།
༡༠༽ ཀུན་བཟང་བླ་མའི་ཞལ་ལུང་གི་རྩོམ་གདན། ཁྲོམ་བཟའ་འགབ་མ།
ཡང་ཀུན་བཟང་བླ་མའི་ཞལ་ལུང་གི་མ་ཕྱིའི་ཟིན་བྲིས་ལྟ་བུར་མཚོན་ན། ངེད་ཚོ་ཨ་རིག་རྫའི་བླ་མ་ཞིག་གིས་ཟིན་བྲིས་སུ་བཏབ་པ་ཞིག་ཡོད་རེད། དེའི་ནང་ན་ཡང་སྐབས་རེར། ༼བླ་མ་རྒྱལ་བའི་མྱུ་གུས་ཞལ་ཚོམ་དེ་ཅུང་ཟད་ཅིག་བྱིལ་བྱིལ་གྱིས་འཛུམ་མོལ་མོལ་མཛད་དེ་༽ ཅེས་པ་ལྟ་བུ་ཆོས་ཁྲིད་གསུང་སྐབས་ཀྱི་ཉམས་དང་རྣམ་འགྱུར། ཉིན་རེ་བཞིན་གྱི་ཆོས་ཁྲིད་ཀྱི་དབུ་འཛུགས་སྐབས་ཀྱི་ཀུན་སློང་ཀུན་སྤྱོད་ནས་བཟུང་རེ་རེ་ནས་ནག་བླུགས་བྱས་ནས་བྲིས་བཞག་པ་ཚན་པ་གཉིས་གསུམ་ཞིག་འདུག ཞལ་རྒྱུན་དེ་ཟིན་བྲིས་སུ་འབྲི་མཁན་གྱི་མིང་ལ་སྒྲོལ་མ་ཚེ་རིང་ཟེར་གྱི་འདུག ཁོང་ཡིན་པ་དེ་ཨ་རིག་རྫ་ཕུག་ཁང་དགོན་པ་ནས་རེད།
ད་ལྟའང་དེའི་ནང་གི་ཚན་པ་གཉིས་གསུམ་དེ་འདྲ་ངེད་ཅག་གི་འགབ་ན་ཡོད་པའི་ཁྲོམ་བཟའ་འགབ་མ་ཟེར་བའི་སྡེ་པ་དེའི་ནང་དུ་ལག་བྲིས་མ་དེ་འདྲ་བྱས་ནས་བཞུགས་འདུག དེ་དང་དེ་ནང་བཞིན། སྒྲོལ་མ་ཚེ་རིང་ལ་སོགས་པ་མང་པོ་ཞིག་གིས་དེ་ལྟར་བྲིས་ནས་བཞག་ཡོད་པའི་ཞལ་རྒྱུན་དེ་ཚོ་ཡར་དཔལ་དགེ་ཚང་ལ་ཕུལ། དེ་ནས་ཁོང་ཚོས་དཔལ་དགེ་ཚང་ལ་ཁྱེད་ཀྱིས་འདི་དག་གཞིར་བཞག་གནང་ནས་བླ་མའི་ཞལ་རྒྱུན་གྱི་སྔོན་འགྲོའི་ཁྲིད་ཡིག་ཅིག་འབྲི་རོགས་ཀྱིས་ཞེས་ཡར་ཞུས། དེ་ལ་བརྟེན་ནས་དཔལ་དགེ་ཚང་གིས་ཀུན་བཟང་བླ་མའི་ཞལ་ལུང་འདི་གསུངས་པ་རེད།
༡༡ ༽ རྒྱལ་བའི་མྱུ་གུས་ཨ་རིག་རྫར་འདུས་པ་མདོ་དབང་གནང་བ།
ལར་འཇིགས་མེད་རྒྱལ་བའི་མྱུ་གུ་ཚང་ཁོང་ཉིད་ཀྱང་ཨ་རིག་རྫ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡིན་འདུག །འདུས་པ་མདོ་དབང་ཡང་ཨ་རིག་རྫ་པས་ཁོང་ཉིད་ཕུག་ཁང་དགོན་ནང་དུ་གདན་དྲངས་ནས་གསུངས་མྱོང་བ་དེ་འདྲ་ཡིན་འདུག སྤྱིར་རྒྱལ་བའི་མྱུ་གུ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། དེའི་ལན་ཆ་ལྟ་བུ་ཞིག་གིས་དཔལ་དགེ་ཚང་དང་ཡང་འབྲེལ་བ་དམིགས་བསལ་ཡོད་འདུག དེ་ཡང་ངེད་ཅག་གི་དགོན་པར་བླ་མ་ཁྱབ་བདག་འགྱུར་མེད་སྟོབས་རྒྱས་ཞེས་པ་ཞིག་ཡོད་ཅིང་། སྤྱིར་བཏང་སྨིན་གླིང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་རྩ་རླུང་གི་བརྒྱུད་པ་དེ་ངེད་ཚའི་དགོན་པར་ཧ་ཅང་ཡག་པོ་ཞིག་ཡོད་རེད། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་ཀྱང་ད་བར་དུ་ཐུགས་རྒྱུད་ལ་དྲོད་རྟགས་སྐྱེས་ནས་ཉམས་མྱོང་གི་བོགས་ཐོན་ཡོད་པའི་བརྒྱུད་པ་བར་མ་ཆད་པ་རེད་འདུག་ཅེས་གསུངས་མྱོང་བ་རེད། མ་ཟད་མཁན་པོ་གང་ཤར་ལ་སོགས་པ་ལ་ཡང་དུས་ཕྱིས་རིན་ཆེན་གཏེར་མཛོད་ཀྱི་སྐབས་སུ་ངེད་ཅག་གི་དགོན་པར་བཞུགས་པའི་བརྒྱུད་པ་དེ་ཁོང་གིས་གསན་དུ་བཅུག་པ་དེ་འདྲ་ཡིན་འདུག ང་ཚོའི་དགོན་པའི་བླ་རྒན་རྙིང་པ་ཚོས་ཁོང་ལ་བླ་མ་སྟོབས་རྒྱས་ཞུ་ཡི་ཡོད་འདུག ཞེ་ཆེན་ཚང་གི་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་རྣམ་ཐར་གྱི་ནང་ན་བླ་མ་སྟོབས་རྒྱས་ཁུ་དབོན་གཉིས་ཞེས་སོགས་གསུངས་ཡོད་པ་དེ་ཁོང་རེད། ང་ཚོས་ཁྱབ་བདག་འགྱུར་མེད་སྟོབས་རྒྱས་ཀྱང་ཞུ་གིན་ཡོད་རེད། ཁོང་དང་དཔལ་དགེ་ཚང་གཉིས་ནི་ཆོས་གྲོགས་ཀྱང་ཡིན་གྱི་ཡོད་འདུག དེ་ནང་བཞིན་དཔལ་དགེ་ཚང་ནི་རྫོགས་ཆེན་མཁན་པོ་པདྨ་བཛྲ་དང་ཡང་ཆོས་གྲོགས་རེད། ཁོང་གཉིས་ཆར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སློབ་མ་རེད།
༡༢ ༽ ཆོས་གྲོགས། དཔལ་དགེ་ཚང་དང་བླ་མ་སྟོབས་རྒྱས།
དཔལ་དགེ་ཚང་དང་བླ་མ་སྟོབས་རྒྱས་ཆོས་གྲོགས་ཡིན་ལུགས་དེ་ཡང་འཇིགས་མེད་རྒྱལ་བའི་མྱུ་གུ་ཚང་ང་ཚོའི་ཤོག་ཁ(སྡེ་པའམ་དེང་གི་ཡུལ་ཚོ་དང་འདྲ )འི་གདན་འདྲེན་མང་པོ་ཞུས་འདུག་པས་དེ་དག་གི་སྐབས་སུ་ཆོས་གྲོགས་སུ་གྱུར་པ་ཡིན་ས་རེད། དཔལ་དགེ་ཚང་ངེད་ཚོའི་དགོན་ནང་དུ་ཕེབས་སྐབས་བླ་མ་སྟོབས་རྒྱས་སར་བཞུགས་ཀྱི་ཡོད་འདུག བླ་མ་སྟོབས་རྒྱས་ཀྱི་གཟིམ་ཚང་ནི་དུས་ཕྱིས་ངེད་ཚོར་གསལ་དུས་(གསལ་དུས་ཞེས་པ་ནི་བྱས་པ་ཆུང་ངུའི་དུས་ཀྱི་དོན་དག་ཡིན་ན་ཡང་ད་ལྟའང་དྲན་སོས་ཐུབ་པ་ལྟ་བུ་ཞིག་གི་དུས་) སུའང་འདུག །ཁོང་གི་གྲྭ་ཁང་གི་བཟོ་དབྱིབས་དེ་མི་ཚང་མས་སྨིན་གླིང་གི་ཁང་པ་ངོ་མའི་ལས་སྲོལ་ལྟར་ཡིན་ནི་རེད་ཟེར་དར་རྒྱུ་ཞིག་རེད། དཔལ་དགེ་ཚང་དེའི་ནང་ནས་བཞུགས་པར་མ་ཟད། ཕུག་ཁང་དགོན་གྱི་ལྷ་ཁང་ནང་ནས་ཀྱང་བཀའ་ཆོས་ཤིག་གནང་རེད་ཟེར། སྐབས་དེར་བཀའ་ཆོས་གནང་སྐབས་བཞུགས་མྱོང་བའི་ཁྲི་ཞིག་ཡོད་པ་དེའི་མིང་ལ་མཁན་ཁྲི་སེར་ལེབ་མ་ཟེར་ཞིང་། ཤིང་ཆ་ཆེན་པོ་སྦོམ་པོ་དེ་འདྲས་བཟོས་བཞག་པ་ཞིག་རེད། ཧ་ཅང་བརྟན་པོ་དང་ཆེན་པོ། ཁྲིའི་ཐོག་ཏུ་ཉལ་ས་བཅས་ནས་ཉལ་བསྡད་ན་ཡང་ཆོག་ས་ཞིག་ཡོད་རེད། མ་གཞི་ཁྲི་དེ་ལ་རྒྱབ་ཡོལ་ཡོད་པ་དེ་འདྲ་ཞིག་ཡིན་ན་ཡང་ཡག་པོ་ཞིག་ཅང་ཡོད་ནི་མ་རེད། ཁྲི་ཏོག་ཅན་དེ་འདྲ་ཡང་མ་རེད། ཡིན་ན་ཡང། ཁྲི་དེ་ང་ཚོར་གསལ་དུས་ཀྱང་འདུག །དཔལ་སྤྲུལ་རིན་པོ་ཆེ་ཁྲི་དེའི་ཁར་བཞུགས་ནས་ཤིང་གི་རྒྱབ་ཡོལ་ལ་སྐུ་རྒྱབ་རེ་བརྒྱབ་ནས་དགོན་པ་ཆེན་པོ་འདི་ཚོར་ཁྲི་ཞིག་ཡོད་ན་ཡང་བརྟན་པོ་ཞིག་རེད་གོ །ཞེས་གསུངས་པ་རེད་ཅེས་ཟེར་དར།
༡༣༽ སྨྱུ་གུ་ཀླུས་དད་རྟེན་དུ་གདན་དྲངས་པ།
དེ་ཡང་ཀུན་བཟང་བླ་མའི་ཞལ་ལུང་གསུངས་ས་རྫོགས་ཆེན་ཡང་དབེན་གྱི་གཤིན་རྗེ་སྒྲུབ་ཕུག་རེད། གཤིན་རྗེ་སྒྲུབ་ཕུག་གི་ཡར་འགྲོ་སའི་ཀླད་ཕྱོགས་དེ་ན་རྡོ་ཕ་བོང་ཞིག་འདུག ཉིན་མོ་དེའི་ཐོག་ཏུ་བཞུགས་ནས་ཀུན་བཟང་བླ་མའི་ཞལ་ལུང་བརྩམས་གནང་མཛད་ཀྱི་ཡོད་པ་ལ། སྨྱུ་གུ་ཁེ་རུ་མ་ཞིག་ཡོད་པ་དེ་ཉི་མ་གཅིག་ལ་བོར་སོང་བ་ཡིན་འདུག དེ་ནས་དཔལ་དགེ་རིན་པོ་ཆེའི་ཐུགས་ལ། ཨ་ཁ། ངས་ཀུན་བཟང་བླ་མའི་ཞལ་ལུང་འབྲི་དུས་འདིར་སྨྱུ་གུ་གཅིག་མ་གཏོགས་ཡོད་ནི་མ་རེད། ད་ནི་གཅིག་པུ་དེ་ཡང་བོར་སོང་བ་རེད་ཨང་སྙམ་པའི་ཐུགས་དགོངས་ཤིག་འཁྲུངས་པ་རེད་ཟེར།
ཡང་སྐབས་དེར་མི་འགྱུར་ནམ་མཁའི་རྡོ་རྗེ་ཞལ་བཞུགས་བཞིན་པའི་སྐབས་ཡིན་པ་དང་། དཔལ་སྤྲུལ་རིན་པོ་ཆེ་ཁོང་ཡང་མཚམས་མཚམས་སུ་རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྐུ་མདུན་ལ་བྱོན་གྱིན་ཡོད་འདུག རྫོགས་ཆེན་རིན་པོ་ཆེས་ཀྱང་ནམ་རྒྱུན་དཔལ་སྤྲུལ་ཚང་དེར་བྱོན་པའི་སྐབས་སུ་ཞི་བ་ལྷ་ཞེས་པ་ལྟ་བུའི་མཚན་གཞན་ཞིག་གིས་དཔལ་དགེ་ཚང་ལ་འབོད་གནང་མཛད་ཀྱི་ཡོད་པ་ཡིན་འདུག་པས་དེ་འདྲའི་མཚན་ཞིག་གིས་བོས་ནས། ཁྱེད་ཀྱིས་སྨྱུ་གུ་དེ་བོར་སོང་དགོངས་ཀྱི་ཡོད་དམ། སྨྱུ་གུ་བོར་བ་མ་རེད། ཀླུ་རྣམས་ཀྱིས་དད་རྟེན་དུ་ཁུར་ཐལ། ཞེས་གསུངས་པ་རེད་ཅེས་གསུངས་དར།
༡༤ ༽ དཔལ་དགེ་ཚང་གིས་བླ་མ་གཞན་ཞིག མེད་སྤངས་པ།
ད་དུང་གཞན་ཞིག་ལ། ངེད་ཚོ་ཕུག་ཁང་དགོན་གྱི་ཕ྄ུ་ཁང་སྤྲུལ་སྐུ་སྐུ་ཕྲེང་དང་པོ་དེའི་མཚན་ལ་གྲུབ་དབང་པདྨ་རིན་ཆེན་ཞུ་བ་རེད། གཉིས་པའི་མཚན་ལ་འགྱུར་མེད་ངེས་དོན་བསྟན་འཕེལ་ཞུ་བ་རེད། འགྱུར་མེད་ངེས་དོན་བསྟན་འཕེལ་དེ་ཐོག་མར་ཞེ་ཆེན་ཚང་གིས་སྐུ་བདག་མཛད་འདུག །མ་གཞི་ཁོང་ཞེ་ཆེན་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱིས་སྐུ་ཚ་ཞིག་ལ་གཏོགས་པ་ཞིག་ཡིན་འདུག་པར་མ་ཟད་ཁོང་ལ་ཡང་ཉམས་སྣང་ཡོད་འདུག་ན་ཡང་། ཁོང་ཉིད་ཀྱི་ཉམས་སྣང་གཙོ་བོར་མ་མཛད་པར་གཞན་པ་ལ་ཡང་དྲིས་ནས་ཡང་སྲིད་འཁྲུལ་མེད་དུ་ཐག་ཆོད་རྗེས་ཡི་གེ་འབུལ་རྒྱུ་དཔེ་ཆ་འབུལ་རྒྱུ། དབང་ལུང་འབུལ་རྒྱུ་ཐམས་ཅད་ཞེ་ཆེན་ཚང་གིས་མཛད་འདུག ཡང་སྲིད་ཁོང་དགོང་ལོ་བཅུ་བདུན་བཅོ་བརྒྱད་ཀྱི་བར་དུ་ཡར་དགོན་ཐོག་ཏུ་བྱོན་ཡང་ཡོད་ས་མ་རེད། དེ་ནས་ཞེ་ཆེན་ཚང་གིས་གོང་ནས་དབུ་འདྲེན་དང་གཙོ་བོ་མཛད་ནས་ཡར་དགོན་ཐོག་ཏུ་བྱོན་པ་དང་ཁྲི་ཁར་འཕུད་པ་སོགས་བྱས་པ་རེད། ཡང་སྲིད་ཁོང་རང་ངོས་ནས་ཀྱང་ཧ་ཅང་ངོ་མཚར་ཅན་ཞིག་ཡོད་པ་ཡིན་ས་རེད། དགུན་ཟླ་འབྲིང་པོ་ཞིག་གི་ནང་ལ་ཁྲི་ཁར་ཕུད་པ་རེད་ཟེར།
བཤད་སྲོལ་ལྟར་ན། དེ་དུས་ཨ་རིག་རྫ་བར་ཕུག་ཁང་ཨ་དྲག་ཟེར་བ་ཞིག་ཡོད་པ་དང་། ཁོ་ཧ་ཅང་རྒྱུ་བསོད་ཆེན་པོ་ཅན་ཞིག་ཡིན་ཁར། ཕུག་ཁང་སྐུ་ཕྲེང་དང་པོ་དང་། སྐུ་ཕྲེང་གཉིས་པ་འགྱུར་མེད་ངེས་དོན་བསྟན་འཕེལ་གཉིས་ཆར་གྱི་གཉེར་པའང་ཁོང་ཡིན་པ་འདུག །ཁོང་རྒྱུ་བསོད་ཧ་ཅང་ཆེན་པོ་ཅན་ཞིག་ཡིན་པས་ཁོས་༼མེད་༽སྤངས་བཞག་པ་རེད་ཅེས་ངེད་ཚོས་དེ་འདྲ་ཟེར་ཁུལ་བྱེད་དར། དེ་ཚང་མ་བདེན་པ་ཡིན་མིན་ནི་མི་ཤེས་ཏེ། གང་ལྟར་དེ་འདྲ་ཟེར་དར།
ཨ་དྲག་གིས་བླ་མའི་ཡང་སྲིད་ངོ་མ་ཡིན་ཨེ་ཐུབ་ན། ཁོས་ཉམས་སད་བྱེད་དགོས་ཞེས་སྨྲས་ནས་ཌ་མ་རུ་མང་པོ་ཞིག་གི་ནང་ལ་སྐུ་གོང་མའི་ཕྱག་ཌར་་བཞག དྲིལ་བུ་མང་པོ་ཞིག་གི་ནང་ལ་སྐུ་གོང་མའི་ཕྱག་དྲིལ་བཞག །དེ་གཉིས་ཀ་ཏོ་ར་གང་རེ་གང་རེ་བྱས་ནས་སྤྲུལ་སྐུའི་སྐུ་མདུན་ལ་འཇོག་སྐབས། སྤྲུལ་སྐུས་ཐད་ཀར་ཕུག་ཁང་པདྨ་རིན་ཆེན་གྱི་ཕྱག་ཌར་དང་ཕྱག་དྲིལ་གཉིས་ཕྱག་གིས་བླངས་ནས། ཧཱུྃ ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས ༔ ཞེས་ཚིག་བདུན་གསོལ་འདེབས་ཚར་གཅིག་གསུངས་པ་དང་འབྲུག་གྲགས་པ་སོགས་བྱུང་བ་རེད་ཅེས་ངེད་ཅག་གི་ཡུལ་མི་ཚོས་དེ་འདྲ་བཤད་དར། གང་ལྟར་ཁོང་ཡང་དབང་ལུང་གསན་རྒྱ་ཅན་དང་མཁས་པ་ཞིག་ནི་དངོས་གནས་ཡོད་འདུག །རྗེས་སོར་ཡང་རྙིང་མ་རྒྱུད་འབུམ་གྱི་ལུང་སོགས་མང་པོ་ཞིག་ཞེ་ཆེན་དགོན་དུ་མར་ཕེབས་ནས་གསུངས་མྱོང་ཡོད་འདུག །
༡༥༽ ཉག་དུས་ལོག་པ་དང་ཞེ་ཆེན་དུ་ཕྱག་འབུམ་གནང་བ།
དེ་དག་གི་ཐད་སོར་དཔལ་དགེ་ཚང་གིས་ཀྱང་འགྱུར་མེད་ངེས་དོན་བསྟན་འཕེལ་གྱི་མདུན་ནས་བཀའ་ཆོས་མང་པོ་གསན་བསྡད་པ་རེད། རྗེས་སོར་ཉག་རོང་ཨ་རྣམ་མགོན་པོ་གནམ་དར་ནས་སྡེ་དགེ་རྫ་ཆུ་ཁ་དང་བཅས་པ་དབང་དུ་བསྡུས་ནས་ཉག་དུས་ལོག་པ་ཞེས་པའི་སྡེ་གཟར་དེ་བྱུང་བའི་སྐབས་སུ་ཕུག་ཁང་འགྱུར་མེད་ངེས་དོན་བསྟན་འཕེལ་གྱི་སྐུ་གདུང་དེ་མར་ཞེ་ཆེན་ལ་གདན་འདྲེན་ཞུས་ནས་འཇོག་གནང་མཛད་པ་དང་། སྐབས་དེར་དཔལ་དགེ་ཚང་ཞེ་ཆེན་དུ་བྱོན་ཡོང་སྐབས་ཁོང་གིས་ངས་ངའི་བླ་མའི་སྐུ་གདུང་མདུན་མནྜལ་འབུལ་དགོས་གསུངས་ནས་ཞེ་ཆེན་ནས་འགྱུར་མེད་ངེས་དོན་བསྟན་འཕེལ་གྱི་སྐུ་གདུང་མདུན་ནས་མནྜལ་འབུམ་ཐེར་གཅིག་འབུལ་གནང་མཛད་པ་རེད་ཅེས་བཤད་སྲོལ་འདུག ཨེ་བདེན་ནི་མི་ཤེས། རྗེས་ནས་ཕུག་ཁང་དགོན་རང་དུ་དགོན་པའི་ངོས་ནས་འགྱུར་མེད་ངེས་དོན་བསྟན་འཕེལ་གྱི་སྐུ་གདུང་གུ་རུ་རིན་པོ་ཆེའི་གསེར་སྐུ་མི་ཞིག་གི་ལུས་ཀྱི་ཚད་ཅུང་ཡོད་མེད་ཙམ་སེང་ཁྲི་དང་བཅས་པ་ཡག་པོ་ཞིག་བཞེངས་པ་དེ་འདྲ་མཇལ་དུ་ཡོད།
༡༦ ༽ དཔལ་དགེས་རང་གི་བླ་མ་མཐུ་ཁང་དུ་བཞུགས་པ་གསན་པ།
ཡང་ངེད་ཚོའི་དགོན་པར་གནའ་སྔ་མོ་མཐུ་དངོས་གནས་བྱེད་སའི་མཐུ་ཁང་ཞིག་ཡོད་འདུག །དེ་ཡང་དགོན་པའི་མར་ཕྱོགས་ཀྱི་ཆུ་མགོ་གཉན་པོ་ཞིག་ཡོད་སའི་མགོ་དེ་ཤེད་ཅིག་ན་ཡོད་པ་རེད། མཐུ་ཁང་ཞིག་ཡིན་དུས་གྲུ་གསུམ་མ་ཞིག་ལོས་ཡིན་ཏེེ་ཡིན་ས་རེད། དེ་ཡང་གཙོ་ཆེར་གཤིན་རྗེ་ཡིན་ས་རེད། ཡང་སྔོན་གྱི་ཡིག་ཆ་ཚོའི་ནང་དུ་ཡོད་པའི་དྲག་སྔགས་གཟའ་གདོང་དམར་ནག་ཅེས་པ་སྔོན་མི་ལ་རས་པས་སྒྲུབ་བསྡད་པའི་མཐུ་དེ་ཚོ་ཡིན་རྒྱུ་ཨོས་རེད་སྙམ་པ་དེ་འདྲ་སྔོན་ཆད་ཕུག་ཁང་བླ་བྲང་ལ་ཡོད་པ་ཡིན་འདུག་མོད། དངོས་གནས་ཡིན་ནམ་མིན་ནི་གསལ་པོ་མི་ཤེས། གང་ལྟར་སྐབས་ཤིག་དཔལ་དགེ་ཚང་ཁོང་ཕུག་ཁང་བླ་བྲང་ལ་བྱོན་ནས་ངས་བླ་མ་ཚང་གཅིག་མཇལ་དགོས་བསམས་ནས་གང་ན་བཞུགས་ཤིག་དྲིས་པ་ཡིན་ཏེ། ཁོང་མཐུ་ཁང་ནང་ན་བཞུགས་ཡོད་རེད་ཟེར། དེ་ནས་ང་ཅང་མ་སོང་། ཞེས་གསུངས་པ་རེད་ཅེས་བཤད་སྲོལ་འདུག །དེ་ཚོ་ནི་ཕར་བལྟས་ན་ཡང་དཔལ་དགེ་ཚང་གི་གསུངས་པ་ཞིག་རེད་ཟེར་ན་འདྲ་ཆགས་པོ་དང་ཨི་མི་བདེན་སྙམ་པ་ཞིག་འདུག །
༡༧༽ ས་ཀོང་ཀོང་མ་ཆགས་བར་དུ་ཕྱག་ཕུལ་བ།
དེ་ཡང་འབྲུག་པ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ཚང་ལྟ་བུར་མཚོན་ན། དཔལ་དགེ་ཚང་གི་སློབ་ཆེན་རེད། ཁོང་ཉིད་ལན་མ་བདུན་ལ་དཔལ་དགེ་ཚང་གི་སྐུ་མདུན་དུ་བྱོན་པ་རེད། དེ་དུས་དཔལ་སྤྲུལ་རིན་པོ་ཆེ་བཞུགས་ས་ཕལ་ཆེ་བ་རྫ་སྟོད་རེད། དེ་ཡང་དཀར་ཆུང་ཀོ་འོལ་དང་དེའི་ཁ་ཉེ་ཐག་ཉེའི་ཕྱོགས་དེ་ཚོ་རེད། དེར་འབྲུག་པ་རིན་པོ་ཆེས་དཔལ་དགེ་ཚང་གིས་ཉིན་བཞིན་ཕྱག་མང་པོ་ཕུལ་བསྡད་པས་ཕྱག་འབུལ་སའི་ས་དེ་དུང་དུ་ལྷུང་ནས་ཀོང་ཀོང་ཆགས་པ་དང་། ཡང་ས་ཆ་བརྗེས་ནས་ས་གཞན་པ་ཞིག་ནས་ཕྱག་གནང་གིན་ཡོད་པ་མཇལ་ཚུལ་སོགས་གསུངས་ཡོད། ད་དུང་འབྲུག་པ་རིན་པོ་ཆེས། བླ་མ་ཚང་(བླ་མ་ཚང་)ཁོང་སྐུ་ལུས་ཅུང་རིང་ཞད་ཅན་ཞིག་ཡིན། ངས་བླ་མས་ཕྱག་འབུལ་སྟངས་ལ་ཡང་ནས་ཡང་དུ་ཞིབ་ཏུ་མཇལ་བ་ཡིན། དེ་ཡང་བླ་མས་ཕྱག་འཚལ་སྐབས་དང་པོ་ཐལ་མོ་ཐུགས་ཀར་སྦྱོར། དེ་ནས་ཐལ་མོ་ཁ་མི་ཕྱེ་བར་ཐལ་མོ་དེ་ཉིད་སྦྱར་བཞིན་དུ་སྤྱི་གཙུག་ཏུ་འཇོག །དེ་ནས་མགྲིན་པར་འཇོག་པ་དང་། དེ་ནས་སྙིང་ཀར་འཇོག་པ་བཅས་གནང་གིན་འདུག ཕྱག་འཚལ་ཐེངས་རེ་རེ་བཞིན་དང་པོ་ཐུགས་ཀར་ཐལ་མོ་སྦྱོར་གནང་མཛད་པ་དེ་ཕྱག་ཡུལ་གྱི་ཚོགས་ཞིང་གསལ་འདེབས་པའི་ཆེད་དུ་ཡིན་འདུག །དེ་ནས་རིམ་པ་བཞིན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཕྱག་འཚལ་རྒྱུ་སོགས་སྤྱིར་བཏང་གི་འགྲོས་དང་གཅིག་པ་རེད། ངས་ཡུན་རིང་པོའི་བར་དུ་ལན་མང་པོར་བླ་མའི་ཕྱག་འབུལ་སྟངས་ལ་ཞིབ་ཏུ་མཇལ་བ་ལྟར་ན། དང་པོ་ཐུགས་ཀར་ཐལ་མོ་སྦྱོར་བ་འདི་ཕྱག་འབུལ་ཐེངས་ཐམས་ཅད་ལ་གནང་གི་འདུག་ཅེས་གསུངས་འདུག །
(དུམ་བུ་༡༧་པ་འདི་ནི་ཆོས་གྲོགས་མཁན་པོ་ནམ་མཁའ་སྐྱབས་ནས་མཁོ་སྤྲོད་གནང་བའི་བླ་མའི་ཞལ་གསུང་སྒྲ་འཇུག་སྐར་མ་གསུམ་ལ་ཉེ་བ་ཞིག་བསྐྱར་དུ་བསྣན་པ་ཏེ། གོང་གི་བཀའ་སློབ་དང་དཀྱུས་གཅིག་ཏུ་གསུངས་པ་ཡིན་མིན་ནི་མ་ངེས་སོ།།)
༡༨༽རྡོ་རྗེའི་གནས་ཡུལ་གྱི་མཁའ་འགྲོའི་ཚོགས་མགོན་བཞུགས་པ།
ཡང་ཐེངས་ཤིག བོད་པ་སྤྲུལ་སྐུས་ང་ཚོ་ལ་དཔལ་དགེ་ཚང་གིས་མཛད་པའི་ཚོགས་གླུ་མཁའ་སྤྱོད་མངོན་དགའ་ཞིག་ཁྲིད་གནང་སོང་། ཧ་ལམ་ཧ་ལམ་ཞིག་མར་འབྲུ་ནན་ནས་གསུངས་ཐལ། བར་སྐབས་ཤིག་ནས་བོད་པ་སྤྲུལ་སྐུ་བཤུམས་ནས་རང་རེ་གསང་སྔགས་སྔ་འགྱུར་བ་ལ་སྐྱེས་བུ་དམ་པ་སངས་རྒྱས་མི་གཟུགས་སུ་གྲུབ་པ་འདི་ལྟ་བུ་ཞིག་གིས་མཚོན་པའི་པན་གྲུབ་རིག་འཛིན་རྒྱ་མཚོ་ལྟ་བུ་ཞིག་བྱོན་པ་རེད་དེ། ད་དུང་དེས་ཀྱང་སེམས་མི་ཚིམ་པར་གཞན་ལུགས་རྗེས་བརྗོད་བྱེད་མཁན་དེ་འདྲའང་ཡོད་རེད། ཅེས་གསུངས་པ་དང་། ཡང་མཁའ་སྤྱོད་མངོན་དགའི་མཇུག་གི་ཚིགས་བཅད། དགའ་སྟོན་ཚོགས་འཁོར་ལགས་མོད་བརྟུལ་ཞུགས་ཀྱི་སྤྱོད་པ། །སེམས་རིག་ལ་ཤན་འབྱེད་ལ་དཀའ་རྒྱུ་ཞིག་མ་རེད། དུར་ཁྲོད་རོ་ཁང་རྔམས་པ་མཁའ་འགྲོ་ཡི་ཚོགས་གྲལ། །ཞེན་མེད་གཡེལ་ཁ་ཁྲོ་ལེ་སྨྱོན་པ་ངས་འགྲིམ་འགྲོ། །ཞེས་གསུངས་པ་དེ་འགྲེལ་གནང་སྐབས། དཔལ་དགེ་ཚང་གིས་མཁའ་སྤྱོད་མངོན་དགའ་ཞེས་པའི་གླུ་འདི་གསུངས་ནས་དེའི་རྗེས་ཀྱི་ལོ་གསུམ་ཙམ་ཞིག་ལ་འཇིག་རྟེན་མི་ཡུལ་གྱི་གནས་འདི་ལྟ་བུ་ཞིག་ན་བཞུགས་འདུག་ཅེས་མི་སུ་གཅིག་གིས་ཧ་གོ་གི་ཡོད་མ་རེད། དེའི་སྐབས་སུ་རྡོ་རྗེའི་གནས་ཡུལ་གྱི་དཔའ་བོ་དང་མཁའ་འགྲོ་རྣམས་དང་ལྷན་ཅིག་ཏུ་ཉེ་རྒྱུའི་སྤྱོད་པ་མཛད་ནས་བྱོན་སོང་བ་ཡིན་ནི་རེད། དེ་ནི་དེའི་དོན་རེད་ཅེས་གསུངས་ཐལ། དེ་ནི་ཚོགས་གླུ་དེའི་ཆེས་མཇུག་གི་ཚིགས་བཅད་རེད། དེ་མན་ལ་ཡོད་ཀྱང་ཡོད་མ་རེད།
རྫོགས་སོ། །
ཞེས་པ་འདི་ནི། ངེས་པ་དོན་གྱི་མཁས་བཙུན་གྲུབ་པའི་བདག་ཉིད། བླ་མ་རིན་པོ་ཆེ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་གང་ཉིད་ཀྱིས་དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་ཟིན་ཁའི་དུས་ཤིག་ལ། ཞལ་སློབ་ཞིག་དང་དྲི་བ་དྲིས་ལན་གྱི་ཚུལ་དུ་གསུངས་པའི་སྒྲ་འཇུག་ཅིག་ལག་ཏུ་སོན་པ་ཉིད། ཡང་ཡང་མཉན་པ་ལས་བླ་མ་བཀའ་དྲིན་ཅན་གྱི་གསང་གསུམ་ལྷག་ཏུ་དྲན་པའི་ཉེར་ལེན་གྱིས་ཀྱང་མཚམས་སྦྱར་ཏེ། དཔལ་དགེ་རིན་པོ་ཆེའི་མཛད་པ་དང་རྣམ་ཐར་གྱི་ཆ་ཤས་དག་ལ་ལྷག་ཏུ་གཅེས་ཤིང་གུས་པའི་བློ་ཅན་གུས་འབངས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྱི་ལོ་༢༠༡༩ཟླ་༡༢ ཚེས་༢༩ ཉིན། ཨོ་གླིང་དུ་དད་གུས་ཆེན་པོས་གདུང་བའི་ཤུགས་དང་བཅས་ཡི་གེར་བཀོད་ཅིང་། སྟེ། འདིས་ཀྱང་ཆོས་ཀྱི་གྲོགས་པོ་དག་དང་བཅས་པའི་བློ་དང་ལྡན་པའི་སྐྱེ་བོ་དག་ཐུགས་མཉེས་པའི་རྒྱུར་གྱུར་ཅིག །
སྙིང་ཐག་པ་ནས་བཀའ་དྲིན་ཆེ་མཁན་པོ་ཚེ་རིང་བཀྲ་ཤིས་ལགས། ད་རེས་རྫ་དཔལ་སྤྲུལ་རྣམ་ཐར་འདིའི་རྒྱུད་ནས་བློ་སྐྱེད་མང་པོ་ཐོབ་སོང་།
རྫ་ཚེ་རིང་བཀྲ་ཤིས་ལགས།
རྩོམ་འདིའི་ཀླད་ན་༼འབྲོག་སྐད་ཀྱི་བརྡ་ཆད་འགའ་ལ་མཆན་བུ་བཏབ་པ་བཅས་ཀྱང་ཡོད།༽་ཅེས་ འབྲོག་སྐད་ཟེར་བ་ཞིག་བྲིས་འདུག སྐབས་འདིའི་འབྲོག་སྐད་ཟེར་བ་ཆོལ་ག་གསུམ་གྱི་སྐད་ནང་མ་འདུས་པ་ཞིག་ཡིན་ནམ། ཡང་ན། ཨ་མདོ་འམ་ཁམས་ཁུལ་གྱི་འབྲོག་པའི་སྐད་གདངས་ཤིག་ལ་གོ་བ་ཡིན།
དགེ་བཤེས་ཐུབ་བསྟན་སྦྱིན་པས་བྲིས་པའི་༼རྗེ་ཙོང་ཁ་བ། གངས་རིའི་ལྗོངས་ཀྱི་སངས་རྒྱས༽་ཞེས་པའི་ནང་། རྗེ་ཙོང་ཁ་པ་ག་འདྲ་ཞིག་ཡིན་ནམ་ཞེས་པའི་ལེ་ཚན་ནང་། རྗེ་རིན་པོ་ཆེར་འབྲོག་སྐད་སྙན་མོ་ཞིག་ཡོད་ཅེས་པའི་འབྲོག་སྐད་དེ་ཨམ་སྐད་ལ་བསྒྱུར་འདུག
རི་སྤྱང་ཁེར་འགྲོ་ལགས། འབྲོག་སྐད་ཅེས་པ་ང་ཚོའི་ཕ་ཡུལ་གྱི་ལབ་སྟངས་རེད། ཨམ་སྐད་ཅེས་པ་དེང་སང་ཡོངས་གྲགས་ཀྱིས་ལབ་ཀྱིན་ཡོད་པ་དེ་རེད། སྤྱིར་ཨ་མདོའི་ས་ཁུལ་ལས་གཞན་པའི་ས་ཁུལ་མང་པོ་ཞིག་གི་འབྲོག་སྐད་ཀྱང་ཨ་མདོའི་སྐད་དང་འདྲ་པོ་ཡོད་ཙང་ཨམ་སྐད་ལབ་ཀྱི་ཡོད་ས་རེད།
གང་ལྟར་ང་ཚོའི་པ་ཡུལ་ལ་འབྲོག་སྐད་རོང་སྐད་ཅེས་ལབ་སྲོལ་ཤུགས་ཆེ།