གནས་ཚུལ་མཁོ་འདོན་པཿ བསོདནམས།
ཁ་སང་གི་གནས་ཚུལ།
མིང་ལ་སྒྲོལ་དཀར་འཚོ། ལོ་ཉེར་བདུན། ཕ་མིང་ལ་འབྲུག་རྒྱལ་མཁར། སྐྱེས་ཡུལ་གཙོས་རྟ་གསར་སྡེ་བ་དང་། ཡུལ་དེའི་བར་མའི་ནང་ཞེས་པའི་སྡེ་བར་གནས་ལ་སོང་འདུག་ཅིང་བུ་བུ་མོ་གཉིས་ཀྱི་ཨ་མ་རེད། སློབ་གྲྭ་སོགས་འགྲིམ་མྱོང་མེད། ཉིན་རྒྱབ་ཆུ་ཚོད་གཉིས་པ་མ་ཟིན་ཙམ་ལ་དགོན་པའི་གཡས་ངོས་གླིང་སྐོར་ལམ་གྱི་མཆོད་རྟེན་ཉེ་འགྲམ་དུ་སླེབས་ནས་༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོ རང་དབང་དགོ༽སོགས་ཀྱི་སྐད་འབོད་བྱེད་ཞོར་ལྭ་ཕུད་ནས་ལུས་གཅེར་བུར་མེར་བསྒྲོན། སྐབས་དེར་སྐོར་ཡེད་པ་འགས་མེ་བསད་ཅིང་ཅུང་མ་འགོར་བར་གྲྭ་བ་ཚོ་སླེབས་བྱུང་། དེ་དུས་ཁ་གྲགས་ཐུབ་ལ་མོས་གྲྭ་བ་ཚོར་བཤད་རྒྱུར། ༼ང་རྒྱ་ལག་ལ་མ་འཇོག ཨ་ཁུ་ལོ་ལོ་ངའི་མགོར་རྡོ་རྒྱོབས་ལ་སོད་ཅིག༽ཟེར། དེ་ནས་གྲྭ་བ་ཚོས་དགོན་པའི་དོ་དམ་ཁང་དུ་འཁྱེར་ཡོང་ནས་སྲུང་འདུག་སྐབས་ཁྱིམ་མི་རྣམས་ཐོན་ནས། ཁྱེད་རྣམས་བཀའ་དྲིན་ཆེ། ད་དགོན་པར་གནོད་སྐྱེལ་མི་རུང་། ཕ་ཡུལ་ལ་འཁྲིད་དགོས་ཟེར། གྲྭ་བ་ཚོས་ང་ཚོས་བདག་པོ་རྒྱགས། ཁྱེད་ཚོས་མགོ་ཐོན་དཀའ་ནི་རེད་ཅེས་གྲོས་གང་མང་བྱས་མཐར། ཕ་ཡུལ་དུ་ལོག་པའི་ལམ་བར་ནས་གཤེགས་ཡོད་འདུག ད་ལྟ་གྲྭ་མང་གིས་སྨོན་ལམ་གསུང་བཞིན་པའི་སྒང་རེད།
མོ་ནམ་རྒྱུན་སུའི་ཁ་ནས་བོད་དོན་སྐོར་ཐོས་པའམ་ཡང་ན་བརྙན་འཕྲིན་ནང་ནས་བོད་དོན་སྐོར་མཐོང་ཐེངས་རེ་རེར་རང་དབང་མེད་པར་མིག་ཆུ་གཏོང་མཁན་ཞིག་ཡིན་འདུག་། ཁ་སང་མོའི་ཁྱོ་གས་དགོན་པར་བསྐྱལ་ཡོང་བ་ཡིན་ལ། མདང་དགོང་སྐྱེས་ཡུལ་རྟ་གསར་དུ་སོང་ནས་ཞག་ལ་བསྡད། དེ་རིང་ཞོགས་པར་དགོན་པའི་འདུ་ཁང་དང་ལྷ་ཁང་། སྲུང་མ་ཁང་སོ་སོར་སོང་ནས་མཆོད་མཇལ་གསོལ་འདེབས་ཞིབ་རྒྱས་ཤིག་བྱས་འདུག་ཟེར། ཨ་མའི་མིང་ལ་སངས་རྒྱས་འཚོ།
དེ་རིང་གི་གནས་ཚུལ།
རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་འཚོ་ཡུན་ཙམ་རིང་དགོན་ནང་དུ་བདག་སྲུང་བྱེད་པར་ནག་ཉེས་བཙུགས་ནས་མདང་ནུབ་ཆུ་ཚོད་བཅུ་བ་ཡོལ་ཙམ་ལ་གྲྭ་ཆོས་འཕེལ་ཟེར་བ་འཛིན་བཟུང་བྱས་ནས་ད་ལྟ་གར་ཡོད་ཆ་མེད་དང་། དེ་དང་སྔ་ཕྱིར་གྲྭ་བརྩོན་འགྲུས་ཟེར་བ་འཛིན་བཟུང་བྱས་ཏེ་དེ་རིང་ཞོགས་པར་བཏང་འདུག གཞན་དེ་རིང་ཞོགས་པའི་ཆུ་ཚོད་ལྔ་བ་ཙམ་ལ་རླངས་འཁོར་བཅུ་གྲངས་ཁ་ཤས་དགོན་པར་རང་དགར་ཡོང་ནས་གྲྭ་བ་བཅུ་བདུན་དོན་རྐྱེན་དང་འབྲེལ་བ་ཡོད་སྐོར་བཤད་ནས་རིམ་པས་འཛིན་བཟུང་བྱེད་སྐབས། གྲྭ་མང་མཉམ་རུབ་ཀྱིས་ཕྱིར་འཕྲོག་ནས་འཛིན་ཐུབ་མ་སོང་། ད྄་ལྟ་ས་གནས་ཡུལ་མི་དང་གྲྭ་མང་འདུ་ཁང་སྒོར་འཛོམས་ནས་གྲྭ་ཆོས་འཕེལ་ཕྱིར་རྩིས་སྤྲོད་མི་བྱེད་ན་སྐྱ་སེར་གཉིས་ཀས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གྲོས་བསྡུར་བྱེད་བཞིན་པ་རེད།
༼བོད་ནས་ས་གནས་མིས་་བཏང་བ་ལྟར་བཀོད་ཡོད།༽