རེབ་ཐོག་མདའ།
ཕྱི་སྐད་བོད་སྐད་བསྲེས་པའི་བོད་མོ་འགའ།།
བོད་པའི་ཁ་ལྕེ་བོར་བའི་ཕོ་གསར་འགའ།།
དབྱིན་ཇིའི་སྐད་ལ་དུངས་པའི་གྲྭ་བ་འགའ།།
ལས་ཀྱིས་འཛོམས་པའི་ཡིག་སྒྱུར་འཛིན་གྲྭ་འདི།
འཛུམ་ཆུང་མེ་ཏོག་བཞད་པའི་བུ་མོ་ཡག།།
སྙིང་གཏམ་དྲང་མོར་གླེང་བའི་སེམས་པ་སྐྱིད།།
ཆེ་ཆུང་ཆ་རྐྱེན་འཛོམས་པའི་འཛིན་གྲྭ་ཞིག།།
ཟླ་གསུམ་ཟབ་སྦྱོང་འཛིན་གྲྭ་འདི་ན་འདུག།།
ནང་ཆོས་རྩོམ་རིག་འཁྲིད་དུས་གཉིད་ཀྱིས་དུབ།།
དབྱིན་ཇིའི་བརྡ་སྤྲོད་སློབ་དུས་རྣམ་རིག་གསལ།།
བོད་པའི་རིག་གཞུང་བོར་བའི་སྔ་ལྟས་ཤིག།།
ཟབ་སྦྱོང་འཛིན་གྲྭའི་གདོང་ན་འཆར་ནས་འདུག།
དབྱིན་ཡིག་དག་ཆ་འདྲི་དུས་སྐད་གསང་མཐོ།།
བོད་ཡིག་ཐ་སྙད་གླེང་དུས་སྨྲ་ལྕེ་རྟུལ།།
སྒྱུར་བྱ་སྒྱུར་བྱེད་བསྡུར་སའི་བཞི་མདོ་ན།།
ང་དང་ཁོ་དང་ཁོང་ཚོ་རྔུལ་ཆུས་གཤེར།།
རྩོམ་ཡིག་འཁྲིད་དུས་ང་ལ་དོགས་པ་ཞིག།
ནང་སྦྱོང་བལྟ་དུས་ཁོ་ལ་ངལ་གསོ་ཞིག།།
བོད་དབྱིན་ལྕི་ཡང་ཤོར་བའི་འཛིན་གྲྭ་འདི།།
བཙན་བྱོལ་བོད་པ་ཚང་གི་ནད་རྙིང་ཡིན།།
བརྗོད་བྱ་རྗོད་བྱེད་ནང་པའི་ཆོས་ལ་ཐིམས།།
ལུས་དང་སེམས་པ་ཕྱི་རོལ་གྲོང་ལ་ཤོར།།
ཕྱི་སྐད་གཙོ་བོ་རང་སྐད་ཕལ་བའི་གནས།།
ཁ་སང་དེ་རིང་བདག་ཀྱང་འདི་ན་ཡོད།།
རྣམ་པ་མཛེས་པའི་བུ་མོ་མང་ན་ཡང་།།
མཛངས་མའི་ཡོན་ཏན་ལྡན་པ་ཉིན་སྐར་ཙམ།།
སྨྱུ་གུ་བཟུང་བའི་ཉམས་མྱོང་ཟབ་ན་ཡང་།།
བོད་ལ་དུངས་ཞེན་ཆེ་བ་ཧ་ཅང་ཉུང་།།
སློབ་གྲྭ་ཆེན་མོ་ཐོན་པ་ཕལ་ཆེར་རེད།།
ལག་ཁྱེར་རྫིག་པོ་ཡོད་པ་དེ་ལས་མང་།།
མང་པོའི་དཀྱིལ་ན་ཅང་མེད་གསར་འབྱོར་ང་།།
མགོ་འཕང་ཅུང་ཙམ་དམའ་ཡང་བོད་ཞེན་མཐོ།།
དགེ་རྒན་དེ་ཚོའི་བསླབ་གཞི་མི་གཅིག་གི།།
སློབ་མ་ང་ཚོའི་འདོད་པ་མི་འདྲ་གི།།
དགེ་སློབ་གཉིས་ཀས་སྣང་བ་སྐྱིད་པོའི་ངང་།།
ཟླ་གསུམ་དུས་ཡུན་འདི་ལྟར་རྫོགས་ནས་ཐལ།།
བོད་ཡིག་འབྲི་ཀློག་བྱེད་པའི་ལག་པ་ཐུང་།།
དབྱིན་ཡིག་ཟིན་བྲིས་འདེབས་སའི་འབྲི་དེབ་མང་།།
བོད་སེམས་ཕྱི་ལ་འཁོར་བའི་ཁོར་ཡུག་འདི།།
ང་དང་ཀ་ཁ་གཉིས་ཀྱི་ན་ཟུག་ཡིན།།