ཨ་དོན་ཉིས་བོད་བསྒྱུར་བྱས། རྩོམ་པ་པོ། Jane A. Schott
གཅིག འཚར་ལོངས་བྱུང་བའི་རྒྱུད་རིམ།
སྤྱི་ལོ1809 ལོའི་ཟླ་གཉིས་པའི་ཚེས་12 ཉིན། ཞིང་ཆེན་ཁན་ཐཱ་ཀེ (Kentucky) ཡི་གྲོང་གསེབ་ཧཱ་ལྗིན (Hodgenville) ཉེ་འདབས་སུ་དགུན་གྱི་ལྷགས་རླུང་གྲང་མོ་ཞིག་ཤིང་སྡོང་གཅེར་བུ་མང་པོའི་ཁྲོད་དུ་ལྡང་བཞིན་ཡོད། ཤིང་ཁང་ཆུང་ཆུང་ཞིག་གི་དུ་ཁུང་ལས་དུ་བ་སྔོ་བྲེང་བྲེང་ཞིག་ཀྱང་དགུང་ལ་མཆེད། ལེན་ཁུན་གྱི་ཕ་ཐྲ་མ་ཟི་ལེན་ཁུན་གྱིས་ཤིང་ཁང་ནང་ལ་དྲོད་འཁོར་ཆེད་མེ་ཐབ་ཚ་པོ་ཞིག་བཟོས། སྐབས་དེར་ཁོང་བཟའ་ཟླ་གཉིས་ལ་ཕྲུ་གུ་ཞིག་སྐྱེ་ལ་ཡོད། གློ་རྡེག་ཏུ་ངུ་སྐད་ཕྲ་མོ་ཞིག་ཐོས་བྱུང་། མ་ཡུམ་ནན་སེ་ལེན་ཁུན་གྱིས་སྐྱེ་མ་ཐག་པའི་རང་གི་བུ་དམར་འབྱར་ལག་ཁུག་ལ་བཟུང་ཡོད། བུ་དེའི་མིང་ལ་ཨབ་ར་ཧེམ་ལེན་ཁུན་ཟེར།
ཨབ་ར་ཧེམ་ལོ་གཉིས་བར་དུ། ཁོང་གི་ཕ་མ་གཉིས་དང་། སྲིང་མོ་སཱ་ར་བཅས་ཤིང་ཁང་ཆུང་ཆུང་དེའི་ནང་དུ་བསྡད། ཕ་ཐྲ་མ་ཟི་ལེན་ཁུན་གྱི་སེམས་ལ། ངེད་ཚང་ལ་མ་རྨོས་ལོ་ཏོག་འདེབས་སའི་ས་ཞིང་ཆེན་པོ་ཞིག་དགོས་བསམས་ནས་བཙལ་དུས། ཁན་ཐཱ་ཀེ་ཡི་ནཱ་སྦུ་ཁིར་ཀུ་(Knob Creek) ཞེས་པའི་ས་ཆ་ཞིག་རྙེད་པ་དང་ཁོ་ཚོ་དེ་ལ་རུ་བཀལ་སོང་། ནཱ་སྦུ་ཁིར་ཀུ་ནས་གཞོན་ནུ་ཨབ་ར་ཧེམ་གྱིས་ཕ་ལགས་ལ་མ་རྨོས་ལོ་ཏོག་དང་ཕམ་ཁེན་(Pumpkin) འདེབས་རོགས་བྱས། ཤིང་གསེབ་ནས་རྩེད་མོ་རྩེ། ཁིར་ཀུ་ (Creek) མཚེའུ་ལས་ཉ་བཟུང་། བྱིས་པ་གཞན་དང་མཉམ་དུ་གནས་དེའི་སློབ་གྲྭར་ཞུགས། འོན་ཀྱང་སློབ་གྲྭ་དེར་དུས་རྒྱུན་དགེ་རྒན་མེད་པས་མཚམས་བཞག་དགོས་བྱུང་།
ཡུལ་དེའི་མི་རྣམས་ཀྱིས་ཐྲ་མ་ཟི་ལེན་ཁུན་ནི་ནཱ་སྦུ་ཁིར་ཀུ་ས་ཆའི་བདག་པོ་དངོས་མིན་ཞེས་བསམ་འཆར་བཤད་པས་ཐྲ་མ་ཟི་ལེན་ཁུན་རང་གི་ས་ཤོར་བར་དོགས་ནས་སེམས་མ་སྐྱིད། སྐབས་དེར་ཁན་ཐཱ་ཀེའི་ཞིང་བདག་མང་པོས་བྲན་གཡོག་བསྟེན་ཡོད། ཐྲ་མ་ཟི་ལེན་ཁུན་གྱིས་བྲན་གཡོག་བསྟེན་པ་ནི་མ་རུང་ཤ་ཐལ་གྱི་བྱ་སྤྱོད་ཡིན་པ་དང་། ཁོང་གི་ནང་མི་བྲན་གཡོག་ས་ཁུལ་ནས་བསྡད་ན་མི་བཟང་བར་དགོངས་ནས། ཨབ་ར་ཧེམ་ལེན་ཁུན་ལོ་བདུན་ཡིན་དུས་ཐྲ་མ་ཟིས་རང་གི་ནང་མི་ཁྲིད་ནས་ཨེན་སྒྲེ་ནེ་ཡ་(Indiana) ལ་གནས་སྤར། ཨེན་སྒྲི་ནེ་ཡ་ས་ཁུལ་ཤིང་ནགས་དང་། ཚེར་ཕུང་སྟུག་པོས་ཁེངས་ནས་འགྲོ་ལམ་མེད། ཐྲ་མ་ཟིས་རྒོད་སྐྱེས་ཤིང་ནགས་བཅད་ནས་རང་གི་ནང་མི་ལ་བགྲོད་ལམ་བཟོས།
ཨེན་སྒྲེ་ནེ་ཡ་ནས་ཨབ་ར་ཧེམ་ལེན་ཁུན་གྱིས་སྟ་རེ་གཡུག་ནས་ཤིང་སྡོང་བཅད། ཕ་ལགས་ལ་གདུང་མ་འཁུར་རོགས་དང་ཤིང་ཁང་ཕུབ་རོགས། ས་རྒོད་བཏུལ་ནས་མ་རྨོས་ལོ་ཏོག་འདེབས་སའི་ས་ཞིང་ཕྱགས་རོགས་བྱས། གཉོམ་ལག་མ་རྒྱས་པའི་བུ་ཆུང་ཁོས། སྡོང་བོ་གཏུབ་པ་དང་གདུང་མ་དྲུད་པ། རྩྭ་རྡུམ་ཕྱོགས་གཅིག་ལ་སྤུངས་པ་སོགས་ཉིན་གང་བོར་ངལ་རྩོལ་བྱས། ཤིང་ནགས་བཅད་ནས་ས་ཞིང་བཟོ་བར་མ་མཐའ་ཡང་ལོ་གཅིག་གི་དུས་ཚོད་དང་ཤ་ཟད་རུས་ལ་ཐུག་པའི་ལུས་ཤུགས་ངལ་རྩོལ་བྱེད་དགོས། ཤིང་བཅད་ས་ཕྱགས་ཀྱི་ངལ་རྩོལ་ལྕི་མོ་དེ་ཁོང་གི་འཚོ་བ་ཡིན། ཨབ་ར་ཧེམ་ལེན་ཁུན་དུས་ཚོད་ནམ་ཡོད་ལ་ཨ་མ་དང་མཉམ་དུ་སྡོད་རྒྱུར་དགའ། ཨ་མ་ནན་སེ་ཡིས་ཡི་གེ་ཀློག་མི་ཤེས། འོན་ཀྱང་མོ་ལ་ཨབ་ར་ཧེམ་དང་སཱ་ར་གཉིས་སློབ་གྲྭར་བསྐྱལ་ནས་ཡི་གེ་ཀློག་ཤེས་སུ་འཇུག་པའི་ཕུགས་བསམ་ཞིག་ཡོད། ས་སྲོད་རེ་རེ་ལ་ཨ་མས་ཁོ་གཉིས་ལ་དམ་པའི་གསུང་རབ་ཀྱི་གཏམ་རྒྱུད་བཤད། ཁོ་གཉིས་གཏམ་རྒྱུད་ལ་ཉན་རྒྱུར་དགའ་པོ་ཡོད།
ཨབ་ར་ཧེམ་ལོ་དགུ་ཡིན་དུས་ཁོའི་ཨ་མ་ལ་འོ་མའི་ནད་(Milk sickness) ཞེས་པ་ཞིག་བྱུང་ནས་ཚེ་ལས་འདས། ཨབ་ར་ཧེམ་དང་སཱ་ར་གཉིས་ཨ་མ་མེད་པའི་སྡུག་བསྔལ་གྱི་་སྐྱོ་གདུང་ནང་ཚུད། ཁོང་གིས་ཨ་མ་མེད་པའི་གནས་ཚུལ་ལ་སེམས་མི་གཡེང་བའི་ཆེད་དུ་ཉིན་རྒྱུན་སྡུག་རུས་ཆེན་པོས་ཤིང་བཅད་ས་ཕྱགས་ཀྱི་ངལ་རྩོལ་དྲག་པོ་བྱས་ནས་ཨ་མ་བརྗེད་ཐབས་བྱས་ནའང་། ཨ་མ་མེད་པའི་ཁེར་རྐྱང་གི་སྐྱོ་གདུང་ནི་ལས་སླ་པོར་ཡལ་ཐབས་མེད་པར་གྱུར།
ཐྲ་མ་ཟི་ལེན་ཁུན་ཁན་ཐཱ་ཀེ་ལ་ཕྱིར་སོང་ནས་རང་གི་བྱིས་པ་གཉིས་ལ་མ་ཚབ་ཏུ་ཆུང་མ་གསར་བ་ཞིག་བླངས། ཁོ་མོའི་མིང་ལ་སཱ་ར་སྦུས་ཤུ་ཅོན་ཟི་ཐོན་(Sarah Bush Jonston) ཟེར། མོའི་ཁྱོ་ག་ཚེ་ལས་འདས་ཤིང་མོ་ལ་བྱིས་པ་གསུམ་ཡོད། སཱ་ར་སྦུས་ཤུ་ནི་བུད་མེད་སེམས་པ་བཟང་པོ་དང་འགྲོགས་སླ་བ་ཞིག་ཡིན་པས་ཨབ་ར་ཧེམ་དང་སཱ་ར་གཉིས་ཁོ་མོར་མ་ལྟར་དུངས་བར་གྱུར། མོས་བྱིས་པ་ཚང་མ་སློབ་གྲྭར་བསྐྱལ། ཨབ་ར་ཧེམ་གྱིས་རང་གི་ཚེ་འདས་ཨ་མ་ལ་ཁོ་སློབ་གྲྭར་སོང་ནས་ཡི་གེ་འབྲི་ཀློག་ཤེས་པའི་ཕུགས་བསམ་ཡོད་པ་དྲན་ནས་སློབ་གྲྭ་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པའི་དམ་བཅའ་སྙིང་ལ་བརྐོས། ཕ་ལགས་དང་མཉམ་དུ་ལས་ཀ་ལས་མི་དགོས་པའི་ཉིན་དག་ལ་ཨབ་ར་ཧེམ་ལེ་བར་གཉིས་གསུམ་གྱི་སར་རྐང་ཐང་ལ་སློབ་གྲྭར་སོང་།
སློབ་མ་ཚོས་སློབ་ཚན་རེ་རེ་སྐད་མཐོན་པོས་ཡང་དང་བསྐྱར་དུ་ཀློག་དགོས་པས་སློབ་གྲྭ་དེ་ལ་བྷ་ལ་བྷ་སློབ་གྲྭ་ཟེར། སྐབས་དེར་ཨབ་ར་ཧེམ་ཉིན་འགའ་མ་གཏོགས་སློབ་གྲྭར་ཞུགས་པའི་སྐལ་བ་མ་བྱུང་། ཉིན་དེ་དག་ལ་ཁོས་གང་ཐུབ་ཐུབ་ཅིག་སྦྱངས། ཁོས་རང་ཁྱིམ་ནས་དཔེ་ཆ་བཀླགས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས། སྐབས་དེར་སློབ་གྲོགས་ཚོས་ཁོ་ལ་ཨེ་སྦི་(Abe) ཞེས་པའི་མཚང་མིང་ལྟ་བུ་ཞིག་བཏགས་ཡོད། ཁོ་དེ་ལ་དགའ་པོ་མེད་ནའང་ཡུན་གྱིས་མིང་དེ་རྒྱུན་ལྡན་དུ་གྱུར། ༼འདི་ནས་བཟུང་མིང་ཨེ་སྦི་ཞེས་བྲིས་འདུག༽ ཁོས་ཆུ་བོ་གྱེན་དུ་གཤེགས་པ་ལྟར་རང་སྦྱོང་ལྷོད་མེད་བྱས་པས་ཁོང་ནི་ཀློག་པ་པོ་དང་རྩོམ་པ་པོ་བཟང་པོ་ཞིག་ཏུ་གྱུར། ལེན་ཁུན་གྱི་ཁྱིམ་མཚེས་ཚོས་ཡི་གེ་འབྲི་མི་ཤེས་པས་ཁོ་ཚོས་ཨེ་སྦི་ལ་ཁོ་ཚོའི་ཚབ་ཏུ་འཕྲིན་ཡིག་འབྲི་རུ་འཇུག་གི་ཡོད།
ཨེ་སྦི་དཔེ་ཀློག་དང་རྩོམ་འབྲི་བར་དགའ་དགའ་ཞིག་གཞན་གང་ལའང་མི་དགའ། ཉིན་གང་པོར་ངལ་རྩོལ་ལས་ཀ་བྱས་ནས་ཐང་ཆད་དྲགས་ནའང་། མཚན་མོ་རེ་རེར་ཁོས་མེ་འོད་ངོགས་ནས་རྒྱུན་དུ་དཔེ་ཀློག་རྐྱང་རྐྱང་བྱས། མཚམས་རེར་དཔེ་ཆ་གཅིག་གཡར་དགོས་ཀྱང་ཁོ་རྐང་ཐང་ལ་ལེ་བར་མང་པོར་འགྲོ ཨེ་སྦི་གཟུགས་ཧ་ཅང་རིང་བ་མ་ཟད་ཤ་སྐམ་པའི་གཞོན་ནུ་ཞིག་ཡིན། ཁོའི་རྐང་སྣམ་ཚང་མ་ཐུང་དྲགས་ནས་པུས་མོ་མན་ཆད་ཕྱིར་བུད་ཡོད། སྟོད་ལྭ་ཡང་ཐུང་དྲགས་ནས་ལག་ངར་མི་ཐུམ། འོན་ཀྱང་ཁོས་ནམ་རྒྱུན་གྲོང་གསེབ་ནས་ངལ་རྩོལ་བྱས་པས་ཤ་རྒྱུས་མཁྲེགས་པོར་གྱུར་ནས་ཤེད་ཆེན་པོ་རྒྱས་ཡོད། མི་རིང་བར་ཁོང་ཕ་ཡུལ་དང་གྱེས་ནས་འཛམ་གླིང་ལ་ལྟ་བར་འགྲོ་བའི་སྟ་གོན་ལ་ཞུགས་ཟིན།
གཉིས། གཞུང་རྒྱུད་དྲང་བའི་ཨེ་སྦི།
ཁོང་ལོ་བཅུ་དགུ་ཡིན་པའི་དབྱར་ཁ་དེར་ཨེ་སྦིས་གྲུ་སྐྱ་ལེབ་མོ་ཞིག་བསྐོར་ནས་མེ་སི་སེ་ཕི (Mississippi) མཚོ་ཐོག་བརྒྱུད་ནོས་ཨོར་ལན་(New Orleans) གྲོང་ཁྱེར་ལ་དངོས་པོ་སྐྱེལ་འདྲེན་བྱེད་པའི་བྱ་བ་རྙེད། གྲུ་ལེབ་མོ་དེ་གཙང་པོའི་ཡོར་དང་བསྟུན་ནས་རྒྱང་སྐྱོད་བྱེད་པའི་ཤིང་གྲུ་ཆེན་པོ་ཞིག་ཡིན། མཚམས་རེར་གྲུ་སྐྱ་ཆུ་བྲག་སོགས་ལ་ཐོགས་ནས་བསྐྱོད་མི་ཐུབ་དུས་མང་བ་དང་ཁོས་ཡུན་རིང་ལ་གྲུ་སྐྱ་འདྲུད་དགོས། ཨེ་སྦི་ཡིས་ཉིན་ཁར་ཉིན་བཞག་ནས་གྲུ་སྐྱ་ལྷོ་ཕྱོགས་སུ་འདེད་བཞིན་པའི་མེ་སི་སེ་ཕི་གཙང་པོར་བལྟས། ཕ་ཡུལ་གྲོང་གསེབ་དང་གྱེས་མ་མྱོང་བའི་ཁོང་དེ་རིང་གཙང་པོའི་ཡོར་དང་བསྡོངས་ནས་ཐག་རིང་ལ་གྱར། ཨ་རིའི་ལྷོ་ཕྱོགས་ཞིང་ཆེན་དག་གི་མི་དཀར་མང་པོས་སྐབས་དེར་བྲན་གཡོག་བསྟེན་ཡོད། ལེན་ཁུན་གྱིས་འགྲུལ་བཞུད་ཀྱི་སྐབས་སུ་བྲན་གཡོག་པ་མང་པོས་རྔུལ་ནག་ཕྲོམ་ཕྲོམ་ངལ་རྩོལ་དྲག་པོ་བྱེད་བཞིན་པ་མཐོང་བ་དང་། བྲག་གཡོག་པ་ཚོ་དངོས་རྫས་བཞིན་ཕར་བཙོང་ཚུར་ཉོ་བྱེད་བཞིན་པའི་ཡུལ་དངོས་མཐོང་དུས་ཁོའི་སེམས་པ་གཏན་ནས་མ་སྐྱིད། བྲན་གཡོག་བསྟེན་པ་ནི་ནོར་འཁྲུལ་ཚབས་ཆེན་རེད། མིས་མི་བྲན་གཡོག་ཏུ་ཉོ་བ་འདི་ཅིས་ཀྱང་འགོག་དགོས། མི་སུ་ཡིན་རུང་གླ་ཆ་མེད་པར་ངལ་རྩོལ་བྱེད་པར་བཀོལ་མི་རུང་སྙམ་པའི་ཀུན་སློང་ཞིག་ཁོའི་སེམས་སུ་བྲག་ཅ་བཞིན་འཁོར། ཨེ་སྦི་འགྲུལ་བསྐྱོད་བྱས་ཚར་ནས་ཕྱིར་ཡུལ་ལ་ལོག འོན་ཀྱང་གཏན་དུ་བརྗེད་མི་ཐུབ་པ་ནི་བྲན་གཡོག་པའི་གནས་སྟངས་རེད།
ཨེ་སྦི་ཕོ་ལོ་ཉེར་གཅིག་ལ་བུད་པའི་སྤྱི་ལོ1830 ལོའི་དགུན་ཁར་ཁོའི་ནང་མི་ཨོ་ལེ་ནོ་ཝ་(Illinois) ལ་གནས་སྤར། ལམ་བར་ནས་གླང་གིས་དྲུད་པའི་འགྲུལ་འཁོར་ནང་གངས་འཁྱགས་དང་འདམ་ཉོག་འཚང་ནས་དཀའ་ངལ་འཕྲད་ཀྱང་ཁོ་ཚོ་རང་གི་ཕ་ཡུལ་གསར་བ་ལ་བདེ་བར་འབྱོར་སོང་། ཁོས་ཡང་བསྐྱར་ཕ་ལགས་ལ་རོགས་བྱས་ནས་སྡོང་པོ་བཅད་པ་དང་ཞིང་ལས་གཉེར་ནས་ངལ་རྩོལ་བྱས། དེ་དུས་ཨེ་སྦི་གསར་བུ་ཆགས་ཡོད་པས་ནང་མི་དང་མཉམ་དུ་འདུག་པ་ལས་རང་ཉིད་གཅིག་པུར་བསྡད་ན་བཟང་སྙམ་ནས། 1831 ལོའི་ཟླ་བདུན་པར་ཨོ་ལེ་ནོ་ཝ་ཡི་ནོས་སེ་ལེམ་(New Salem) ཞེས་པའི་གྲོང་རྡལ་ལ་སོང་ནས་བསྡད། གྲོང་རྡལ་དེ་ནས་ཁོས་མུ་མཐུད་དུ་ཤིང་སྡོང་བཅད་ནས་མགར་བ་ནག་པོ་ཟེར་བ་ཞིག་ལ་ལས་ཀ་བྱས།
1832 ལོའི་དཔྱིད་དཔལ་གྱི་དུས་སུ་ཁོང་གིས་ཧ་ཁི་ནག་པོའི་འཐབ་འཁྲུག་(Black Hawk war) ཅེས་པའི་གཡུལ་འཐབ་ནང་ཞུགས་པའི་ཐོ་འགོད་བྱས། གཡུལ་འཐབ་དེ་ནི་ཨ་རིའི་གདོད་མའི་མི་རིགས་དང་གསར་སླེབས་གཞིས་ཆགས་བར་གྱི་ས་ཆ་འཕྲོག་རྩོད་ཀྱི་འཐབ་འཛིང་ཞིག་ཡིན། ཨེ་སྦི་ནི་གཞུང་རྒྱུད་དྲང་བའི་མི་སྟོབས་ཆེན་ཞིག་ཡིན་པས་མི་རྣམས་ཁོང་ལ་དགའ། དམག་ཁག་དེས་ཨེ་སྦི་ཁོ་ཚོའི་དམག་སྤྱིར་བསྐོས། གཡུལ་འཐབ་དེ་ཟླ་བ་ཁ་ཤས་རྗེས་ནས་དྭངས་སོང་བས་ཨེ་སྦི་གཡུལ་འཐབ་ལ་དངོས་སུ་ཞུགས་མ་དགོས། ཨེ་སྦི་ཕྱིར་ནོས་སེ་ལེམ་གྲོང་རྡལ་དུ་ཡོང་། མི་གཞན་ལ་སྒོར་མོ་གཡར་ནས་གྲོགས་པོ་ཞིག་དང་མཉམ་དུ་ཚོང་ཁང་ཉོས་ནས་ཚོང་བརྒྱབ། སྟབས་མ་ལེགས་པ་ཞིག་ལ་ཁོའི་ཚོང་གྲོགས་ཤི་སོང་། ཚོང་ཁང་གི་ཚོང་ཡང་བརྡིབས་སོང་། ཨེ་སྦི་དོམ་ནང་ལ་ལྷུང་སོང་། བུ་ལོན་འཇལ་བར་ཨེ་སྦིས་ལོ་མང་པོར་ངལ་རྩོལ་བྱེད་དགོས།
ནོས་སེ་ལེམ་གྲོང་རྡལ་ནས་བྱ་བ་བསྒྲུབས་པའི་སྐབས་སུ་ཁོའི་སེམས་ལ་ཞིང་ཆེན་ཨོ་ལེ་ནོ་ཝ་(Illinois) འདི་ཇི་ལྟར་ཡར་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་བློ་མང་པོ་མང་པོ་ཞིག་འཁོར་བ་དང་། ཁོ་ལ་ཞིང་ཆེན་ཨོ་ལེ་ནོ་ཝའི་སྲིད་གཞུང་གི་ཁྲིམས་བཟོ་པ་ཞིག་བྱེད་པའི་འདུན་པ་ཟློག་དཀའ་བ་ཞིག་སྐྱེས། དེ་ནས་ཞིང་ཆེན་དེའི་ཁྲིམས་བཟོ་པའི་སྟེགས་བུ་རྩོད་པའི་དཔུང་གྲལ་ལ་ཞུགས། འོང་ཀྱང་ཁོ་རང་རྩ་བ་ནས་ཕམ་སོང་། དེ་ནས་ཁོས་ལས་གནས་མི་གཅིག་པ་འགའ་ནས་ལས་ཀ་བྱས་ཀྱང་། ལས་ཀ་དེ་དག་ཁོ་ལ་འོས་འཚམ་ཞིག་མིན་པའི་བསམ་བློ་ཡང་ཡང་འཁོར། ཁོང་གིས་རང་གི་བུ་ལོན་འཇལ་བའི་སྒོར་མོ་གསོགས་མ་ཐུབ། འོན་ཀྱང་ཁོས་རང་གི་བུ་ལོན་ངེས་པར་དུ་འཇལ་དགོས་པ་ཤེས་ཡོད། བུ་ལོན་འཇལ་བ་ཁོ་ནའི་ཆེད་དུ་ཁོས་ངལ་རྩོལ་དྲག་པོ་བྱས་པ་མི་རྣམས་ཀྱིས་མཐོང་དུས། ཁོང་ལ་གཞུང་རྒྱུད་དྲང་བའི་ཨེ་སྦི་ཞེས་བོས།
1832 ལོར་ཁོང་སླར་ཡང་ཁྲིམས་བཟོའི་སྟེགས་བུ་རྩོད་པའི་དཔུང་གྲལ་ལ་ཞུགས། ཐེངས་འདིར་ཁོ་ལ་རྒྱལ་ཁ་ཐོབ་སོང་། ཁོས་རང་ཉིད་ལས་གནས་གསར་བར་ཞུགས་དུས་གྱོན་དགོས་པའི་སྤྱི་གོས་གསར་བ་སྔོན་ཆད་གཏན་ནས་གོན་མྱོང་མེད་པ་དེ་ཉོས། ཨེ་སྦི་ཞིང་ཆེན་ཨོ་ལེ་ནོ་ཝ་(Illinois) ཡི་རྒྱལ་ས་ཝན་ཊ་ལ་ཡཱ་(Vandalia) ལ་གནས་སྤར། ཁོང་ཞིང་ཆེན་སྲིད་གཞུང་གི་ཁྲིམས་བཟོ་ཚོགས་ཆེན་སྟེང་ཞུགས། ཁོང་གིས་དང་པོ་གསུང་བཤད་ཅི་ཡང་མ་གནང་བར་ཁྲིམས་བཟོ་ཚོགས་ཆེན་སྟེང་གི་ཁྲིམས་བཟོ་པ་དག་གི་ཁྲིམས་ལུགས་གསར་བཅོས་ཀྱི་དགོངས་པར་མཉན་ནས་བསྡད། བར་སྐབས་ཤིག་ནས་ཁོང་གིས་ཚོགས་ར་ནས་རང་གི་བསམ་ཚུལ་དག་སྦ་གསང་མེད་པར་བཤད།
ཨེ་སྦི་དབུལ་ཕོངས་ཀྱི་འཚོ་བའི་ཁྲོད་ནས་ཆེར་སྐྱེས་པ་ཡིན་པས་ཁོང་ལ་མི་དབུལ་པོ་དག་ལ་རོགས་བྱས་ནས་དེ་དག་གི་འཚོ་བ་ཡར་རྒྱས་སུ་བཏང་འདོད་པའི་བསམ་བློ་ཡོད། ཁོང་གིས་ཚོགས་ཐོག་ནས། ཞིང་ཆེན་སོ་སོས་འགྲོ་སོང་བཏང་ནས་གཞུང་ལམ་དང་ལྕགས་ལམ་སྐྲུན་ནས་མཚོ་ཐོག་འགྲུལ་སྐྱོད་ཇེ་ཉུང་ལ་གཏོང་དགོས་པའི་དགོངས་ཚུལ་བཏོན། མི་མང་པོ་ཞིག་གིས་དེ་ལེགས་པོར་མཐོང་ནས་ཁོང་གི་བསམ་ཚུལ་ལ་འཐད་མོས་བྱུང་། ཨེ་སྦིས་རང་གིས་ཁྲིམས་ལུགས་སྐོར་ཡག་པོ་ཤེས་ན་ཁྲིམས་རྩོད་པ་བཟང་པོ་ཞིག་ཡོང་ངེས་བསམས་ནས་རང་གི་གྲོགས་པོ་ཚོར་ཁྲིམས་ལུགས་ཀྱི་དེབ་མང་པོ་གཡར་ནས་བྱིས་དུས་ངལ་རྩོལ་ལ་འབད་འབུངས་བྱས་པ་ལྟར་སློབ་སྦྱོང་ཆུ་བོའི་རྒྱུན་བཞིན་བསྟེན། ལོ་གསུམ་གྱི་རྗེས་ནས་ཁོང་གིས་ཁྲིམས་རྩོད་པའི་གོ་གནས་རྩོད་རྒྱུགས་སྤྲད་པ་དང་བདེ་བླགས་ངང་རྒྱུགས་འཕྲོད་སོང་།
ཨེ་སྦི་རང་གིས་བླངས་པའི་གྲུབ་འབྲས་ལ་ཡིད་ཆེས་ཀྱིས་ཁེངས། ཁྲིམས་རྩོད་པའི་གོ་གནས་ཐོབ་པ་དེས་ཁྲིམས་བཟོ་པ་བཟང་པོ་ཞིག་ཏུ་འགྱུར་བའི་ཆ་རྐྱེན་སྐྲུན་པ་མ་ཟད། ཁོང་གི་འཚོ་བའི་གནས་སྟངས་ཀྱང་ཇེ་ལེགས་སུ་གྱུར། མཚན་མོ་གཅིག་ལ་ཨེ་སྦི་གྲོགས་པོ་ལྷན་འཛོམས་ཤིག་གི་གསོལ་སྟོན་ལ་ཞུགས། ལྷན་འཛོམས་དེའི་སྟེང་ནས་མིག་ཟུང་གཡུ་ལྟར་སྔོ་ཞིང་སྐྲ་ལོ་བལ་ལྟར་འཇམ་པའི་བུད་མེད་མཛེས་མ་ཞིག་ལ་འཕྲད། བུད་མེད་དེའི་མིང་ལ་མཱ་རེ་ཐྲ་སྒྲི་(Mary Todd) ཟེར། དུས་དེ་ནས་བཟུང་ཨེ་སྦི་དང་མཱ་རེ་གཉིས་རྒྱུན་དུ་ཐུག་ནས་སྙིང་མཐུན་མཛའ་གྲོགས་ཆགས། ལོ་གསུམ་གྱི་གཞུག་སྟེ། སྤྱི་ལོ་1842 ལོའི་ཚེས་4 ཉིན་ཁོང་གཉིས་ཀྱི་བཀྲ་ཤིས་པའི་གཉེན་སྟོན་མཛད་སྒོ་བསྡུས་པ་དང་། བུ་རཱ་སྦིར་ཐི་ཐྲ་སྒྲི་(Robert Todd) ཡང་སྐྱེས། ལོ་གཉིས་དང་ཕྱེད་ཀ་རྗེས་ནས་བུ་གཉིས་པ་ཨ་སྒྲི་ཨོར་(Edward) སྐྱེས།
ཨེ་སྦི་ཡིས་ཨོ་ལེ་ནོ་ཝའི་སི་ཕུ་རེན་ཧྥེལ་སྒྲི་(Springfield) ས་གནས་ནས་ཁྲིམས་རྩོད་པའི་ཕྱག་ལས་གནང་། ཁོང་གིས་རྟ་ཞོན་ནས་གྲོང་རྡལ་དང་གྲོང་རྡལ་འགྲིམས་ནས་དཀའ་རྙོག་ནང་ཚུད་པའི་ཁྲིམས་མཐུན་མི་སེར་མང་པོའི་གནད་དོན་ཐག་གཅོད་ཀྱི་ལས་ཀ་བྱས་ནས་ཉིན་འགའ་རེར་ཕྱིར་ཡུལ་ལ་ལོག་མི་ཐུབ། ཁོང་རྒྱང་རིང་ནས་ཡུལ་ལ་ལོག་པ་མཐོང་དུས། བྱིས་པ་གཉིས་དགའ་ལྷང་ལྷང་གིས་ཁོང་ལ་འཁྱུད་པར་ཤོར་འགྲོ
གསུམ། བྲན་གཡོག་གི་གནད་དོན་ཐད་རྩོད་པ་ཤོར།
སྤྱི་ལོ་1846 ལོར་ཨེ་སྦི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྐུ་ཚབ་པའི་གྲས་སུ་འདེམས་བསྐོ་བྱས་ཤིང་། ཁོང་དང་མཱ་རེ་གཉིས་རྒྱལ་ས་ཝ་ཤིན་ཁྲོན་ལ་གནས་སྤར། མཱ་རེ་ལ་མཚོན་ན་དང་པོ་རྒྱལ་ས་ཝ་ཤིན་ཁྲོན་ནས་འདུག་རྒྱུར་དགའ་མོས་ཆེ་མོད། འོན་ཀྱང་ཨེ་སྦི་ལ་བྱ་བ་སྒྲུབ་རྒྱུ་མང་དྲགས་པས་ཁོང་ནམ་ཡང་ཁྱིམ་ན་མེད། ཆུང་མ་མཱ་རེ་ཁེར་རྐྱང་དང་སུན་སྣང་གིས་མནར། དེ་བས་མོ་དང་བུ་གཉིས་ཁན་ཐཱ་ཀེ་ལ་མོའི་ཕ་རྒན་ཡོད་སར་སོང་ནས་བསྡད།
ཨེ་སྦི་ཉིན་ཧྲིལ་པོ་རེ་རེར་ཚོགས་འདུ་ལ་ཞུགས་དགོས། ཁོང་གི་ནང་མི་ལ་སེམས་ཅུང་ཙམ་མ་གཏོགས་འཁོར་ཁོམ་མེད། གྲོས་ཚོགས་སྟེང་གི་གླེང་གཞི་གཙོ་བོ་བྲན་གཡོག་ལམ་ལུགས་ལ་སྒྱུར་བཅོས་གཏོང་བའི་སྐོར་ཡིན། མི་ཁ་ཅིག་གིས་བྲན་གཡོག་ཏུ་བཀོལ་བཞིན་པའི་མི་རྣམས་ལ་རང་དབང་སྦྱིན་དགོས་ཟེར། བྲན་གཡོག་བསྟེན་མཁན་རྣམས་གཙོས་པའི་མི་ཁ་ཅིག་གིས་བྲན་གཡོག་མུ་མཐུད་དུ་བསྟེན་དགོས། དེ་སྒྱུར་མི་རུང་ཞེས་རྩོད་པ་དྲག་པོ་ཤོར། སྐབས་དེའི་ཨ་རིའི་བཅའ་ཁྲིམས་ནང་། ཨ་རིའི་ལྷོ་ཕྱོགས་ཀྱི་ཞིང་ཆེན་དག་གི་ནང་བྲན་གཡོག་བསྟེན་ཆོག་པའི་ཁྲིམས་བཟོས་ཡོད། འོན་ཀྱང་སྐབས་དེར་ཨ་རིའི་མངའ་ཁུངས་སུ་ཞིང་ཆེན་མང་པོ་ཞིག་གསར་དུ་འཛུགས་བཞིན་པའི་སྒང་ཡིན་པ་དང་། མི་ཁག་ཅིག་གིས་ཞིང་ཆེན་གསར་བ་རྣམས་ལའང་བྲན་གཡོག་བསྟེན་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཞེས་རྩོད་པ་བྱས།
ཨོ་ལེ་ནོ་ཝ་ཞིང་ཆེན་གྱི་གྲོས་ཚོགས་གོང་མའི་ཚོགས་མི་སི་ཁྲེ་ཝིན་ཀྲ་གྷི་ལ་སི་(Stephen Douglas) ཡིས་Kansas-Nebraska Act ཞེས་པའི་ཁྲིམས་བཟོས་ནས། ཞིང་ཆེན་གསར་བ་དག་ལ་བྲན་གཡོག་ལམ་ལུགས་དགོས་དང་མི་དགོས་ཁོ་རང་ཚོས་གདམ་གར་ཐུག་ཡོད་ཅེས་བྲན་གཡོག་བསྟེན་ཆོག་པ་བྱ་རྒྱུར་འབད་བརྩོན་བྱས། ཨེ་སྦི་ཡིས་ཞིང་ཆེན་གསར་བ་དག་ལ་བྲན་གཡོག་ལམ་ལུགས་དར་སོང་ན་གཏན་ནས་མི་འགྲིག་བསམས་ནས་Kansas-Nebraska Act ཁྲིམས་ཀྱི་ཁ་གཏད་དུ་ལངས་ནས་བྲན་གཡོག་ལམ་ལུགས་ལ་མཐའ་གཅིག་ཏུ་དགག་པ་བརྒྱབ།
གལ་སྲིད་ཨེ་སྦི་གྲོས་ཚོགས་གོང་མའི་ཚོགས་མི་ཡིན་ན་མི་མང་པོ་ཞིག་གིས་ཁོའི་ཁ་ལ་ཉན་པ་ཁོ་རང་གི་སེམས་ནས་གསལ་པོར་ཤེས་ཡོད། སྤྱི་ལོ་1854 ལོར་ཨེ་སྦི་ཨོ་ལེ་ནོ་ཝ་ཞིང་ཆེན་ནས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འོས་མིར་ལངས། འོན་ཀྱང་ཁོང་འོས་འདེམས་ལས་ཕམ་སོང་། ཁོང་འཐད་མོས་མེད་པའི་ཁྲིམས་Kansas-Nebraska Act ཞེས་པ་ཁྲིམས་མཐུན་ཆགས། སྤྱི་ལོ1858 ལོར་ཨེ་སྦི་སླར་ཡང་སྙིང་སྟོབས་ལ་ཞུམ་པ་མེད་པར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འོས་མིར་ལངས། སྐབས་དེར་ཁོང་བྲན་གཡོག་ལམ་ལུགས་ལ་སྒྱུར་བཅོས་གཏོང་བར་ངོས་ལེན་མེད་པའི་སི་ཁྲེ་ཝིན་ཀྲ་གྷི་ལ་སི་(Stephen Douglas) ཟེར་བ་དེའི་འོས་རྩོད་འགྲན་ཟླར་ཁེལ་སོང་། ཁོང་གིས“རྩོད་གླེང་”ཞེས་པའི་སྤྱི་བསྒྲགས་གཏམ་བཤད་ལེ་ཚན་ལས་ཀྲ་གྷི་ལ་སི་ལ་རྩོད་པ་བརྒྱབ་ནས་ཨར་ལ་གཏད། དེ་ལྟར་བརྩད་དོན། ཨེ་སྦི་ཡིས་ཨ་རིའི་མང་ཚོགས་ལ་ཁོང་གཉིས་ཀྱི་ཁྲིམས་ལུགས་སྐོར་གྱི་ལྟ་གྲུབ་མི་མཐུན་པ་དག་ཤེས་སུ་འཇུག་འདོད་པ་ཡིན། ལྷག་པར་དུ་བྲན་གཡོག་ལམ་ལུགས་ཅིའི་ཕྱིར་མགོ་རྟིང་སློག་དགོས་པའི་སྐོར་མི་མང་ལ་གོ་རྟོགས་སྤེལ་ཆེད་ཡིན།
ཨེ་སྦི་ཡིས་བྲན་གཡོག་ལམ་ལུགས་ལ་བསམ་བློ་ཅི་ཙམ་བཏང་ན་དེ་ཙམ་གྱིས་བྲན་གཡོག་ལམ་ལུགས་འགྲིག་མེད་པའི་ཚོར་བ་ཤུགས་དྲགས་པོ་སྐྱེས་ཡོང་གི་ཡོད། ཁོང་གི་སེམས་ལ། བྲན་གཡོག་ནི་ནོར་འཁྲུལ་ཁོ་ན་ཙམ་མ་ཡིན་པར། འགལ་བ་དེས་བྲན་གཡོག་བསྟེན་མཁན་དང་རང་དབང་གི་ཞིང་ཆེན་རྣམས་ཁག་གཉིས་སུ་གྱེས་ནས་ཕན་ཚུན་དགྲ་ཟླར་ལངས་ཤིང་ཨ་རི་རྒྱལ་ཁབ་འཐོར་ཞིག་ལ་འགྲོ་བའི་ཉེན་ཁ་མཐོང་ཡོང་གི་ཡོད། ཨེ་སྦི་ཡིས་རྒྱལ་ཁབ་ཀྱི་གྲོས་ཚོགས་ར་བ་ནས། ཁྱོད་ཚོས་ཨ་མེ་རི་ཀ་མཐུན་ཐབས་མེད་པའི་ཤོག་ཁག་གཉིས་སུ་སྒྱུར་བའི་སྦྱོར་བ་ནག་པོའི་འགོ་རྩོམ་གྱིན་འདུག་ཅེས་འབོད་སྐུལ་གྱི་ཅོང་བརྡ་བསྒྲགས། གལ་སྲིད་ཨ་རི་རྒྱལ་ཁབ་མ་ཤི་གསོན་པོར་གནས་དགོས་ན། ངེས་པར་དུ་བྲན་གཡོག་ཅན་དང་། ཡང་ན་རང་དབང་ཅན་གྱི་སྤྱི་ཚོགས་སུ་གཅིག་གྱུར་ཐུབ་དགོས་པའི་ཡིད་ཆེས་ཟློག་དཀའ་བ་ཞིག་རྒྱུན་དུ་ཁོང་གི་སེམས་ལ་ཤར་ཡོང་གི་ཡོད།
མི་མང་སྟོང་ཕྲག་མང་པོ་ལེན་ཁུན་དང་ཀྲ་གྷི་ལ་སི་གཉིས་ཀྱི་རྣོ་ངར་ལྡན་པའི་རྩོད་གླེང་ལ་ཉན་དུ་ཡོང་། ཀྲ་གྷི་ལ་སི་ཡིས་བྲན་གཡོག་ལམ་ལུགས་དགོས་དང་མི་དགོས་ཞིང་ཆེན་གསར་བ་སོ་སོའི་གདམ་ག་ཡིན་ཞེས་མི་མང་ལ་བྲན་གཡོག་ལམ་ལུགས་བཟང་རབས་རྐྱང་རྐྱང་བཤད། ཨེ་སྦི་དེ་ལས་ལྡོག་སྟེ། བྲན་གཡོག་བསྟེན་པ་ནི་རྩ་བ་ནས་ནོར་འཁྲུལ་ཡིན། ཞིང་ཆེན་གསར་བ་རྣམས་ལ་བྲན་གཡོག་ལམ་ལུགས་གཏན་ནས་ཚུགས་མི་ཆོག་ཅེས་བློ་ཐག་རྦད་ཆོད་ཀྱིས་དགག་པ་བརྒྱབ། ཨེ་སྦིས་གནས་ལུགས་བགྲངས་ནས་རྩོད་པ་ཡག་པོ་བརྒྱབ་སོང་ནའང་། འོས་འདེམས་ཀྱི་རྒྱལ་ཁ་ཀྲ་གྷི་ལ་སི་ལ་ཐོབ་སོང་། ཨེ་སྦི་ལ་བྲན་གཡོག་ལམ་ལུགས་རྡུལ་དུ་བརླག་འདོད་ཀྱི་བསམ་བློ་ཡོད་པའི་ཆ་ནས་ཁོང་ལ་འོས་འདེམས་ཀྱི་ཕམ་ཁ་བྱུང་བར་བློ་ཕམ་ཆེན་པོ་བྱུང་། འོན་ཀྱང་ཁོང་གིས་བྲན་གཡོག་ལ་རྒོལ་གཏམ་བཏང་བའི་མཚམས་གཏན་ནས་མ་བཞག ཨོ་ཧ་ཡོ་(Ohio) དང་ཨེན་སྒྲེ་ཨ་ན་(Indiana) གཙོར་གྱུར་བའི་རང་དབང་གི་ཞིང་ཆེན་མང་པོའི་ནང་ལ་གཏམ་སྐད་ཆ་ཆུ་བཞུར་བཞུད་བྱེད་པའི་ཨེ་སྦིའི་སྙན་གྲགས་རབ་ཏུ་འབར་ཞིང་མི་མང་གི་གོང་བཀུར་བླ་མེད་ཐོབ།
བཞི་པ། ཨ་རིའི་ནང་འཁྲུག་ཆེན་མོ།
སྤྱི་ལོ་1860 ལོར་ཨ་རིའི་སྲིད་འཛིན་གསར་བ་འདེམས་པའི་འོས་བསྡུ་ཆེན་མོར་ཐུག་སོང་། ཨ་རིའི་སྤྱི་མཐུན་ཚོགས་པ་ལེན་ཁུན་གྱི་བྲན་གཡོག་ལམ་ལུགས་སྐོར་གྱི་དགོངས་ཚུལ་དང་སྙན་གྲགས་རྒྱས་པའི་ཁོང་གི་གཏམ་བཤད་དག་ལ་དགའ་བར་གྱུར་བས་ཁོང་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་དགོས་པའི་འབོད་སྐུལ་ཞུས། མང་གཙོ་ཚོགས་པས་ཀྲ་གྷི་ལ་སི་དང་ཇོན་སྦི་ར་ཀེན་རེ་ལྗི་(Douglas and John C. Breckinridge) གཉིས་སྲིད་འཛིན་གསར་བའི་འོས་མིར་གདམས།
ཨ་རིའི་སྤྱི་དམངས་ཀུན་གྱིས་གལ་སྲིད་ལེན་ཁུན་ལ་སྲིད་འཛིན་གྱི་འོས་བླུགས་པ་ཡིན་ན་དེ་ནི་བྲན་གཡོག་ལམ་ལུགས་དང་རྒྱབ་འགལ་ཡིན་པ་ཤེས་ཡོད། སྐབས་དེའི་བྲང་གཡོག་བསྟེན་མཁན་གྱི་ཞིང་ཆེན་མང་པོ་ཞིག་ཨ་རིའི་ལྷོ་ཕྱོགས་སུ་ཆགས་ཡོད་ལ། ལྷོ་ཕྱོགས་ཀྱི་ཞིང་ཆེན་དག་ཏུ་གལ་སྲིད་ལེན་ཁུན་ལ་ཨ་རིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡིན་ན། ང་ཚོ་ཨ་རིའི་རྒྱལ་ཁུངས་ནས་ཕྱིར་འབུད་གཏོང་གི་ཡིན། ང་ཚོ་ཨ་རིའི་ཆ་ཤས་མིན་ཞེས་ངོ་རྒོལ་གྱི་གླེང་སློང་ཤུགས་ཆེན་པོ་བྱས། དེ་ནས་འོས་གྲངས་བརྩིས་ནས་རྒྱལ་ཕམ་གྱི་རྟིང་ཐག་གཅོད་དུས་ཨབ་ར་ཧེམ་ལེན་ཁུན་རྣམ་པར་རྒྱལ་སོང་། རང་དབང་གི་ཞིང་ཆེན་ཀུན་གྱིས་འོས་ཤོག་ལེན་ཁུན་ལ་བླུགས་ཡོད། འོན་ཀྱང་བྲན་གཡོག་བསྟེན་མཁན་གྱི་ཞིང་ཆེན་གཅིག་གིས་ཀྱང་ལེན་ཁུན་ལ་འོས་ཤོག་བླུགས་མེད་པ་རེད།
དེ་ལྟར་སྤྱི་ལོ་1861ལོའི་ཟླ 3 པའི་ཚེས་4 ཉིན་ལེན་ཁུན་ཨ་མི་རི་ཀའི་སྲིད་འཛིན་ལ་མངའ་གསོལ་མཛད་པའི་དབུ་འབྱེད་མཛད་སྒོའི་སྟེང་། ལེན་ཁུན་གྱིས་ལྷོ་ཕྱོགས་ཀྱི་ཞིང་ཆེན་རྣམས་ལ། ང་ཚོ་དགྲ་བོ་མིན། ང་ཚོ་གྲོགས་པོ་ཡིན། དགྲ་བོ་གཏན་ནས་མིན་ཞེས་བརྗོད། མི་ཧ་ཅང་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་དོན་དག་མང་པོ་ཞིག་ལེན་ཁུན་གྱིས་གཏན་ནས་བསྒྲུབ་མི་ཐུབ་སྙམས་པའི་ཛ་དྲག་གི་བྱ་བ་མང་པོ་ཞིག་ལ་ལེན་ཁུན་གྱིས་གདོང་ལེན་ཐུབ་དགོས་པ་རྟོགས་ཡོད། ལེན་ཁུན་གྱིས་ཨ་རི་རྒྱལ་ཁབ་ཁ་འཐོར་དུ་མི་འགྲོ་བའི་བྱ་བ་རླབས་ཆེན་ཞིག་གི་འཐབ་ཇུས་འཐེན་དགོས། ཁོང་དངོས་སུ་སྲིད་འཛིན་གྱི་ཁྲི་ཁར་མ་བཀོད་གོང་། ལྷོ་ཕྱོགས་ཀྱི་ཞིང་ཆེན་བདུན་རྒྱལ་ཁོངས་ནས་ཟུར་འབུད་བྱས་ཚར། ཁོང་སྲིད་འཛིན་གྱི་ཁྲི་སྟེགས་སུ་བཀོད་མ་ཐག་ཞིང་ཆེན་དེ་ལས་ཀྱང་མང་པོ་ཞིག་ཨ་རིའི་རྒྱལ་ཁོངས་ནས་ལོགས་སུ་བུད་དེ། ཁོ་ཚོས་རང་ཉིད་ལ་ཨ་རིའི་མཉམ་འབྲེལ་ཞིང་ཆེན་ཞེས་མིང་བཏགས།
སྐབས་དེར་མི་ཤིན་ཏུ་མང་པོ་ཞིག་གིས་བྲན་གཡོག་ལམ་ལུགས་ཚར་གཅོད་བྱེད་མི་འོས་ན་ངེས་པར་དུ་འཐབ་འཁྲུག་རྒྱག་དགོས་པར་བསམས་ཡོད། སྐབས་དེར་ལྷོ་ཕྱོགས་ཞིང་ཆེན་དག་གིས་མཉམ་འབྲེལ་དམག་དཔུང་ཞེས་པའི་དམག་དཔུང་གྲ་སྒྲིག་བརྒྱབ་ཚར་ཡོད་པ་དང་། སྤྱི་ལོ 1861ལོའི་ཟླ་བཞི་བའི་ཚེས་12 ཉིན་མཉམ་འབྲེལ་དམག་དཔུང་གིས་ཧྥོར་ཐྲི་སམ་ཀྲི་ཁར་ལ་ནཱ་ཡ་(Fort sumter Carolina) ལྷོ་ཁུལ་ལ་མེ་སྒྱོགས་བརྒྱབ་ནས་ཨ་རིའི་ནང་འཁྲུག་ཆེན་མོའི་འགོ་བརྩམས། དེ་མ་ཐག་བྱང་ཕྱོགས་ནས་ཀྱང་སྐྱིད་སྡུག་གསར་བའི་དམག་དཔུང་ཟེར་བ་བསྡུས་ནས་འཐབ་འཁྲུག་རྒྱག་པའི་ལས་ལ་ཞུགས། སྐྱེ་བོ་སྟོང་ཕྲག་མང་པོ་འཐབ་འཁྲུག་ལ་ཞུགས་པར་སླེབས་ཐོན་ནའང་། ཁོ་ཚོ་ལ་གོ་མཚོན་དང་དམག་དཔོན་ཀྱིས་མ་འདང་བའི་དཀའ་ངལ་འཕྲད། ལྷོ་ཕྱོགས་མཉམ་འབྲེལ་དམག་དཔུང་ལ་གོ་མཚོན་གྱི་ཆ་རྐྱེན་སྟོབས་པས་ཁོ་ཚོས་དཀའ་ལས་མེད་པར་གཡུལ་ས་ནས་ཐེངས་མང་པོར་རྒྱལ་ཁ་བླངས།
ལེན་ཁུན་གྱིས་སྐྱིད་སྡུག་གསར་བའི་དམག་དཔུང་ལ་དམག་དཔོན་གསར་བ་འགའ་བསྐོས་པ་དང་། བྱང་ཕྱོགས་རང་དབང་མི་མང་གིས་མེ་མདའ་དང་གོ་ལག་ཉོ་བྱེད་ཀྱི་དཔལ་འབྱོར་མཐུན་རྐྱེན་སྦྱར། རང་དབང་ཐོབ་ཟིན་པའི་བྲན་གཡོག་པ་རྣམས་ཀྱང་དམག་དཔུང་ནང་ཞུགས་དགོས་པའི་སྒྲིག་ལམ་བཟོས་ནས་དམག་འཁྲུག་བརྒྱབ་ནའང་། ལེན་ཁུན་གྱི་སྐྱིད་སྡུག་དམག་དཔུང་ཡང་ཡང་ཕམ་ནས་སྐྱེ་བོ་སྟོང་ཕྲག་མང་པོ་གཡུལ་ས་ནས་ཤི་སོང་། ལེན་ཁུན་སེམས་ཁུར་གྱི་ནང་དུ་ལྷུང་ཞིང་མཚན་མོ་རེ་རེར་གཏན་ནས་གཉིད་ཐུབ་ཀི་མེད། ཁོང་གི་མིག་མཐར་སྐྱི་མོ་ཇེ་མང་དང་ཆེ་ཞིང་སྐམ་པའི་ངོ་གདོང་གཉེར་མས་ཁེངས་བཞིན་པ་མི་རྣམས་ཀྱིས་མཐོང་། སེམས་ཁུར་གྱི་དུ་ཁས་གནོན་པའི་སྐབས་དེ་དག་ལ། ཁོང་ལ་དགའ་སྤྲོ་དང་བདེ་སྐྱིད་སྟེར་མཁན་ཉག་ཅིག་ནི་རང་གི་ཆུང་མ་དང་བུ་ཕྲུག་ཡིན།1860 ལོར་ཁོང་གི་བུ་ཆེ་བ་ཨ་སྒྲི་ཨོར་(Edward) ཚེ་ལས་འདས་སོང་། ཁོང་གཉིས་ལ་སླར་ཡང་ཝེ་ལེ་དང་ཐྲ་སྒྲི་(Willie and Tad) ཟེར་བའི་བུ་གཉིས་སྐྱེས།
སྤྱི་ལོ་1862 ལོའི་ཟླ་གཉིས་པའི་ནང་ཁོང་གི་བུ་ཝེ་ལེ་དང་ཐྲ་སྒྲི་ལ་ན་བར་གྱུར། བུ་ཐྲ་སྒྲི་དྲག་ཐུབ་སོང་། འོན་ཀྱང་ཝེ་ལེ་མ་འཚམ། མཱ་རེ་བུ་མ་འཚམ་པའི་སེམས་སྡུག་གིས་ཟླ་ཤས་རིང་ཉལ་སར་ཚུད། ལེན་ཁུན་མཆོག་གིས་རང་གི་སེམས་སྡུག་ཡོད་ཚད་ཁོག་ཏུ་སྦས་ནས་ཨ་རིའི་ནང་འཁྲུག་ཆེན་མོ་མཇུག་བསྡུ་བར་སྙིང་སྟོབས་ཞུམ་མེད་ངང་ཕྱག་ལས་གནངས། ལེན་ཁུན་གྱི་སེམས་ལ་རྟག་ཏུ་དྲན་པ་ནི། བྲན་གཡོག་ལམ་ལུགས་རྩ་མེད་མ་བཏང་ན་ཨ་རིའི་ལྷོ་བྱང་གཉིས་རྒྱལ་ཁབ་གཅིག་ཏུ་འགྱུར་ཐབས་རྩ་བ་ནས་མེད་པ་དེ་རེད། 1862 ལོའི་ཟླ་བཅུ་གཉིས་པའི་ནང་ཁོང་གིས་བྲན་གཡོག་ལམ་ལུགས་གཏན་དུ་མཚམས་འཇོག་དགོས་པའི་ཡིག་ཆ་བྲིས། ཡིག་ཆ་དེ་ནི་1863 ལོའི་ཟླ་དང་པོའི་ཚེས་གཅིག་གི་རྗེས་ནས་བྲན་གཡོག་བསྟེན་པའི་ལྷོ་ཕྱོགས་ཞིང་ཆེན་རྣམས་ལ་ཐེ་ཚོམ་སྤུ་ཙམ་མེད་པར་རྒྱབ་འགལ་བྱེད་པའི་གསལ་བསྒྲགས་ཤིག་ཡིན་ལ། ཡིག་ཆ་དེ་ཁོང་གིས་ཨ་རིའི་བྲན་གཡོག་ལམ་ལུགས་མཇུག་རྫོགས་ཐབས་ཀྱི་ལས་གཞི་དང་པོར་བརྩིས་ཡོད།
སྤྱི་ལོ་1863 ལོའི་ཟླ་7 པར་ཕན་སོ་ཝེ་ནེ་ཡའི་གྷི་ཁྲེ་སི་སྦིར་གྷི་(Gettysburg Pennsylvannia) ས་ཆ་ནས་བསྟུད་མར་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་ཉིན་གསུམ་ལ་བརྒྱབ་རྗེས་བྱང་ཕྱོགས་སྐྱིད་སྡུག་དམག་དཔུང་གིས་རྒྱལ་ཁ་བླངས། དམག་འཁྲུག་ལས་སྐྱེ་བོ་སྟོང་ཕྲག་ལྔ་ལྷག་གི་ཚེ་སྲོག་ཤོར་སོང་། ལོ་དེའི་ཟླ་11 པར་ལེན་ཁུན་གྷི་ཁྲེ་སི་སྦིར་གྷི་(Gettysburg) གཡུལ་ཐང་ལ་ཕེབས་ནས་ནང་འཁྲུག་ཆེན་མོའི་སྐུ་གཤེགས་དཔའ་བོ་རྣམས་ཀྱི་ཆེད་དུ་རྒྱལ་ཁབ་ཀྱི་དུར་ཁྲོད་ཅེས་པ་གསར་འཛུགས་གནང་བ་དང་། གྷི་ཁྲེ་སི་སྦིར་གྷི་གཡུལ་ཐང་ནས་ཁོང་གི་སྐད་གྲགས་ཆོད་པའི་གྷི་ཁྲེ་སི་སྦིར་གྷི་གཏམ་བཤད་(Gettysburg Address) ཅེས་པ་སྤེལ། ཁོང་ན་རེ། “དཀོན་མཆོག་གི་སྐྱབས་འོག་ན་ཡོད་པའི་རྒྱལ་ཁབ་འདི་ལ། རང་དབང་གསར་བ་བསུ་བའི་དམ་བཅའ་བཞག་པ་ཡིན།” ཞེས་གསུངས།
དམག་འཁྲུག་ཐེངས་དུ་མའི་ཁྲོད་ལྷོ་ཕྱོགས་མཉམ་འབྲེལ་དམག་དཔུང་གིས་རྒྱལ་ཁ་བླངས་ཤིང་། དམག་དཔོན་ར་སྦིར་ཐི་ལེ་(Robert E. Lee) ཟེར་བའི་དཔའ་མཛངས་རྟུལ་ཕོད་ཅན་ཞིག་ཡོད་པ་དེ་མཉམ་འབྲེལ་དམག་སྡེ་ཧྲིལ་པོའི་དམག་དཔོན་ཡིན། ལེན་ཁུན་གྱིས་བྱང་ཕྱོགས་ཕམ་པར་དོགས་ནས་ཁོང་གིས་སྐྱིད་སྡུག་དམག་དཔུང་ཧྲིལ་པོའི་དམག་དཔོན་ལ་ཡུས་ལི་སེ་སི་གྷི་རན་ཐི་(ULysses S. Grant) ཟེར་བ་ཞིག་གསར་དུ་བསྐོས། བློ་ཁོག་ཆེ་བའི་གྷི་རན་ཐིའི་དམག་བཀོད་འོག་བྱང་དམག་གིས་ལྷོ་དམག་ལ་དམག་འཁྲུག་ཡང་ཡང་བརྒྱབ། དམག་མི་མང་པོའི་ཚེ་སྲོག་ཤོར་བ་དང་མང་པོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནའང་། དམག་དཔོན་གྷི་རན་ཐི་ཡིས་བྱང་དམག་ལ་རྒྱལ་ཁ་མ་ཐོབ་བར་དུ་ཕར་རྒོལ་བྱས་ནས་དམག་འཁྲུག་གཏན་ནས་མཚམས་མ་བཞག ལེན་ཁུན་གྱིས་དམག་དཔོན་གྷི་རན་ཐི་ལ་བསྔགས་བརྗོད་འདི་འདྲ་ཞིག་གནང་ཡོད་དེ། དམག་དཔོན་གྷི་རན་ཐི་ནི་ཁྱི་བཙན་པོ་ཞིག་དང་འདྲ་བར། ཁྱི་སོ་ཤའི་གཏིང་ལ་ཇི་ལྟར་ཟུག་པ་དེ་ལྟར་དུ་ཕྱིར་མི་ལེན་པར་དམུར་ངེས་རེད། ཅེས་པའོ།།
ལྔ་། དམག་འཁྲུག་མཇུག་བསྡུས་པ།
སྤྱི་ལོ་1864 ལོའི་དབྱར་ཁ་ནི་ཨ་རིའི་སྲིད་འཛིན་ལས་ཐོགས་པས་སྲིད་བསྐྱངས་ནས་ལོ་འཁོར་བཞི་ལོན་རྗེས་སུ་སྲིད་འཛིན་བསྐྱར་འདེམས་བྱེད་པའི་ལོ་ལ་ཐུག་ཡོད། ལེན་ཁུན་སླར་ཡང་སྲིད་འཛིན་ཐེངས་གཉིས་པ་འདེམས་པའི་འོས་མིར་ལངས། ཁོང་གིས་གདེང་སྤོབས་ཆེན་པོས་བཤད་རྒྱུར། གལ་སྲིད་ང་འོས་འདེམས་ཐེངས་གཉིས་པ་ལས་རྒྱལ་སོང་ན། ངས་ཨ་རི་རྒྱལ་ཁབ་ཀྱི་བྲན་གཡོག་ལམ་ལུགས་གཏན་དུ་མཚམས་འཇོག་པའི་ཁྲིམས་བཟོ་རྒྱུ་ཡིན་ཞེས་བརྗོད། དྲང་བདེན་སྲོག་ལྟར་གཅེས་པའི་ལེན་ཁུན་མཆོག་དཀའ་ལས་མེད་པར་འོས་འདེམས་ཐེངས་གཉིས་པ་ལས་རྣམ་པར་རྒྱལ་སོང་།1865 ལོའི་ཟླ་དང་པོའི་ཚེས་31 ཉིན་ཨ་རིའི་རྒྱལ་ཡོངས་ཚོགས་ཆེན་ཚོགས་ནས་ཁྲིམས་ལུགས་ལེགས་བཅོས་ཐེངས་བཅུ་གསུམ་པ་མཛད་པ་དང་། ཉིན་དེ་ནས་བཟུང་ཨ་རིའི་ཞིང་ཆེན་ཡོངས་ནས་བྲན་གཡོག་བསྟེན་མི་ཆོག་པའི་ཁྲིམས་ལུགས་གཏན་འབེབ་མཛད།
1865 ལོའི་ཟླ་གསུམ་པར་ཁོང་གིས་གཏམ་བཤད་གནངས། ལེན་ཁུན་གྱི་ངོ་གདོང་གཉེར་མས་ཁེངས་ཤིང་ལུས་པོ་ཚེར་ཤིང་ལྟར་སྐམ་པོར་གྱུར་ཡོད་ནའང་། ཁོང་གི་གཏམ་བཤད་གནང་དུས་ཀྱི་ཕོ་སྐད་མཁྲེགས་པོས་མི་སེམས་གཡོ་བར་བྱས། ཁོང་ན་རེ། མི་ཤི་རྟ་འགྱེལ་གྱི་དམག་འཁྲུག་མཇུག་རྫོགས་རྗེས་ལྷོ་བྱང་གཉིས་ཀྱིས་ངེས་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བྱ་བ་མཉམ་དུ་བསྒྲུབ་དགོས། ཕན་ཚུན་བརྩེ་བས་སྐྱོང་ནས་ཞི་བདེ་སྐྲུན་དགོས། ཨ་རིའི་མི་མང་ཡོངས་ཀྱིས་རྒྱལ་ཁབ་རྨས་མ་འདིའི་རྨ་ཁ་བཙེམ་དགོས་ཞེས་བརྗོད། དེ་ནས་བདུན་ཕྲག་ཁ་ཤས་རྗེས་ནས་ཨ་རིའི་ནང་འཁྲུག་ཆེན་མོ་ཡོངས་སུ་མཇུག་རྫོགས་པ་དང་། 1865 ལོའི་ཟླ་བཞི་པའི་ཚེས་9 ཉིན་ལྷོ་དམག་གི་དམག་དཔོན་ར་སྦིར་ཐི་ལེ(Robert E. Lee) ཡིས་བྱང་དམག་གི་དམག་དཔོན་ཡུས་ལི་སེ་སི་གྷི་རན་ཐི་(Ulysses S. Grant) ལ་མགོ་བཏགས། རྒྱལ་ས་ཝ་ཤིན་ཁྲོན་ནས་ཆོས་ཁང་གི་ཅོང་བརྡ་བསྒྲགས་པ་དང་མཉམ་དུ་དགའ་སྟོན་གྱི་མེ་སྒྱོགས་བཀད་ཅིང་། མི་མང་གིས་དགའ་བསུའི་སྐད་སྒྲ་གསེང་མཐོར་བསྒྲགས།
ལེན་ཁུན་གྱིས་ཝ་ཤིན་ཁྲོན་གྱི་མི་ཚོགས་ཁྲི་སྟོང་མང་པོའི་མདུན་ནས་ཁོང་གི་ཞི་བདེ་སྐྲུན་ཐབས་སྐོར་གྱི་གཏམ་བཤད་འདི་ལྟར་མཛད། ལྷོ་ཕྱོགས་ཀྱི་མཉམ་འབྲེལ་ཞིང་ཆེན་དག་ཨ་རིའི་རྒྱལ་ཁུངས་ལ་ཕྱིར་ལོག་པར་དགའ་བསུ་ཡོད་པར་མ་ཟད། ཁྱོད་ཚོ་ལ་སྔར་ལྟར་རང་རང་གི་ས་གནས་སྲིད་གཞུང་སྐྱོང་བའི་དབང་ཆ་ཆ་ཚང་ཡོད། འོན་ཀྱང་བྲན་གཡོག་བསྟེན་མི་ཆོག་པའི་ཁྲིམས་ལུགས་ལེགས་བཅོས་ངོས་ལེན་ཡང་དག་བྱས་ནས་བརྩི་བཀུར་བྱེད་དགོས། དེ་རིང་ནས་བཟུང་བྲག་གཡོག་པ་ཡོད་ཚད་རང་དབང་ཡིན་ཞེས་རྒྱལ་ཁའི་གསལ་བསྒྲགས་བསྐྱངས། ལེན་ཁུན་ཐང་ཆད་ཡོད། ཁོང་དགུང་ལོ་56 ལས་མིན་ནའང་དམག་འཁྲུག་མཚམས་བཞག་ནས་རྒྱལ་ཁབ་གཅིག་གྱུར་བཟོ་བའི་གནོན་ཤུགས་ཆེ་དྲགས་པས་ཁོང་ལ་རང་གི་ལོ་ཚད་ལས་བརྒལ་བའི་རྒས་ཉམས་མངོན་ཡོད། ཨ་རིའི་ནང་འཁྲུག་ཆེན་མོའི་ཁྲོད་མི་ཁྲི་ཚོ་མང་པོ་ཤི་སོང་། དམག་འཁྲུག་ཞི་ནས་རྒྱལ་ཁབ་སླར་ཡང་གཅིག་གྱུར་ཐུབ་པའི་དགའ་སྤྲོས་ཀུན་ནས་བསླངས་ནའང་། དེས་ནི་དམག་འཁྲུག་ཁྲོད་ཤི་སོང་བའི་མི་བུ་རེ་རེའི་ཕ་དང་སྤུན་མཆེད། བུ་ཕྲུག་དག་གི་ནང་མི་ཚོའི་རྨ་ཁ་དང་སྐྱོ་གདུང་གཏན་ནས་ཡལ་ཐུབ་པ་ཞིག་མ་ཡིན།
མི་དཀར་བྲན་གཡོག་བསྟེན་མཁན་ཁྲོད་དུ་སྔར་བཞིན་སྲིད་འཛིན་ལེན་ཁུན་གྱིས་བྲན་གཡོག་བསྟེན་མི་ཆོག་པར་བཟོསས་པ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་རེད་བསམས་མཁན་མང་པོ་ཡོད། ལེན་ཁུན་ལ་མི་དགའ་བའི་མི་རྣམས་ཀྱིས་ཁོང་ལ། ཁྱོད་གསོད་རྒྱུ་ཡིན། ཁྱོད་རྡུང་རྒྱུ་ཡིན་ཞེས་པའི་འཕྲིན་ཡིག་མང་པོ་བསྟུད་མར་བསྐུར། འོན་ཀྱང་ཁོང་གིས་དེ་དག་ལ་ཁ་ཡ་མ་བྱས་པར་མུ་མཐུད་དུ་བསམ་པ་དྲང་པོས་རླབས་ཆེ་བའི་རྒྱལ་ཁབ་ཀྱི་དབུ་ཁྲིད་མཛད་ནས་སྤྱི་དོན་བསྒྲུབས། 1865 ལོའི་ཚེས་14 ཉིན་ལེན་ཁུན་དང་ཁོང་གི་ཆུང་མ་མཱ་རེ་གཉིས་ཟློས་གར་ཁང་ཞིག་ལ་ལྟད་མོ་ལྟ་བར་ཕེབས། ལེན་ཁུན་གྱིས་ཆུང་མ་ལ། སྙིང་ཉེ་མ། ང་ལ་དེ་རིང་འདྲ་བའི་བདེ་སྐྱིད་ཅིག་མ་ཡོད་པར་ཟླ་བ་མང་པོ་ཞིག་ཡིན། བཀའ་དྲིན་ཆེ་ཟེར།
དེ་ལྟར་དུས་ཚོད་ཐུང་ཐུང་ཞིག་ལ་ཁོང་བཟའ་ཟླ་གཉིས་དགའ་སྤྲོས་ཁེངས་བཞིན་ཟློས་གར་འཁྲབ་སྟོན་ལ་གཟིགས། འོན་ཀྱང་ཁོང་གིས་མི་ངན་གཏེ་བོ་ཞིག་གིས་འཇབ་རྒོལ་བྱེད་སྲིད་པ་ག་ལ་རྟོགས་ཨང་། འཁྲབ་སྟོན་ཚར་གྲབས་ཡོད་པའི་གླགས་དང་བསྟུན་ནས་གློག་བརྙན་འཁྲབ་མཁན་ཇོན་ཝལ་ཁུ་སི་སྦོས་ཧྥི་(John Wilkes Booth) ཟེར་བ་དེ་སྲིད་འཛིན་ལེན་ཁུན་གྱི་ལྟག་རྒྱབ་ནས་རྒྱུགས་ཡོང་ནས་ཁོང་ལ་མེ་མདའ་བརྒྱབ། སྲིད་འཛིན་ལེན་ཁུན་ཁ་མ་དེ་ནས་ས་ལ་བསྒྱེལ་སོང་། ལེན་ཁུན་མཆོག་མྱུར་བ་མྱུར་དུ་མི་མང་གི་ཕྲག་ལ་ཁུར་ནས་སྲང་ལམ་དེའི་ཁང་པ་ཞིག་ལ་ཁྱེར། ཁོང་འགུལ་རྒྱུ་མེད་པར་དྲན་མེད་དུ་བརྒྱལ་འདུག སྨན་པ་ཚོས་ལེན་ཁུན་གསོན་ཐབས་བྲལ་ཟེར།
སྦོས་ཧྥི་ནི་ལྷོ་ཕྱོགས་ཀྱི་བྲན་གཡོག་བསྟེན་མཁན་ཞིག་ཡིན་ལ། ཁོ་རང་མི་རྒྱུད་ནག་པོ་བྲན་གཡོག་བྱེད་པ་ལས་རང་དབང་ཡིན་མི་འོས་ཟེར་མཁན་གཙོ་བོ་ཞིག་ཡིན། དེ་བས་མི་དེས་ལེན་ཁུན་གྱིས་བྲན་གཡོག་ལམ་ལུགས་རྡུལ་དུ་བརླག་པ་ལ་སྡང་སེམས་ཚད་མེད་བཅངས་ཡོད། དགོང་མོ་དེར་ལེན་ཁུན་གྱི་ཆུང་མ་མཱ་རེ་དང་བུ་ཆེ་བ་རཱ་སྦིར་ཐི་ཐྲ་སྒྲི་གཉིས་ཀྱིས་ཁོང་བསྲུངས་ནས་བསྡད། ཞོགས་པའི་སྐྱ་རེངས་ཤར་བ་དང་མཉམ་དུ་རླབས་ཆེན་གྱི་སྐྱེས་བུ་ཁོང་སྐུ་གཤེགས་སོང་། དེ་ན་ཡོད་པའི་ཁོང་གི་དྲུང་ཡིག་པ་ཆེན་མོ་ཚོས་སྐྱོ་གདུང་གི་མིག་ཆུ་བཞུར་བཞིན་ན་རེ། དེ་རིང་ནས་བཟུང་ལེན་ཁུན་མཆོག་དུས་རབས་ནས་དུས་རབས་ལ་དབང་སོང་བ་རེད་ཅེས་བརྗོད། དེ་ནས་ལེན་ཁུན་གྱི་ཕུང་པོ་མེ་འཁོར་ནང་བཞག་ནས་ཨོ་ལེ་ནོ་ཝ་(Illinois) ལ་གདན་དྲངས་པ་དང་། ལམ་བར་དུ་གྲོང་དང་གྲོང་ཁྱེར་མང་པོ་ནས་བསྡད་དེ་མི་མང་ཁྲི་ཕྲག་མང་པོས་གདུང་སེམས་དྲག་པོས་མྱ་ངན་དང་གུས་འདུད་ཞུས། ཨ་རི་པ་ཚོས། ལེན་ཁུན། ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་། ཐུགས་རྗེ་ཆེ། བདེ་བར་ཕེབས་རོགས་ཟེར། ཤོག་ཁག་གཉིས་སུ་འཐོར་བཞིན་པའི་ཨ་རི་རྒྱལ་ཁབ་འདི་ངེས་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་ལ་བསྒྲིལ་དགོས་ཞེས་པའི་ཁོང་གི་དམིགས་ཡུལ་དེ་འགྲུབ་སོང་། དམིགས་ཡུལ་དེ་ཁོང་གི་རིན་ཐང་བྲལ་བའི་སྐུ་སྲོག་གིས་བླུས་སོང་། 1865 ལོའི་ཟླ་5 བའི་ཚེས་4 ཉིན་ཨབ་ར་ཧེམ་ལེན་ཁུན་ཨོ་ལེ་ནོ་ཝའི་(Illiois) ཡི་སི་ཕུ་རེན་ཧྥེལ་སྒྲི་(Springfield) ས་གནས་ནས་རང་གི་བུ་ཨ་སྒྲི་ཨོར་དང་ཝེ་ལེ་གཉིས་དང་ལྷན་དུ་དུར་ལ་བཞག
མི་བུ་ཁྲི་ཕྲག་མང་པོ་རང་གི་ཨ་ཕར་དགའ་བ་ལྟར་ལེན་ཁུན་ལ་ཤིན་ཏུ་དགའ་བས་ཁོང་ལ་ཡབ་ཆེན་ཞེས་འབོད་པ་རེད། ལེན་ཁུན་ལྐོག་གསོད་ཐེབས་པ་ཐོས་རྗེས་མི་ཁྲི་སྟོང་མང་པོར་རང་གི་ཨ་ཕ་ཤི་བ་ལྟ་བུའི་སྐྱོ་གདུང་ཚད་མེད་སྐྱེས། ལེན་ཁུན་སྐུ་གཤེགས་པ་ཐོས་རྗེས། ཁོང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་ཀྱང་ལེན་ཁུན་ནི་རང་འདོད་མེད་པའི་མི་བཟང་པོ་ཞིག་རེད་ཅེས་བསྔགས་བརྗོད་བྱས།
ལེན་ཁུན་སྐུ་གཤེགས་སོང་། འོན་ཀྱང་ཁོང་གིས་ཨ་རིའི་མི་མང་ལ་བསྐྲུན་པའི་རང་དབང་གི་རྨི་ལམ་རིང་མོ་མུ་མཐུད་དུ་གནས་ཡོད། ཁོང་གིས་བྲན་གཡོག་ལམ་ལུགས་རྩ་མེད་བཏང་བ་མ་ཟད། ཨ་རིའི་ནང་འཁྲུག་ཆེན་མོ་མཇུག་བསྡུས་ནས་དགྲ་ཟླར་གྱུར་བའི་ལྷོ་བྱང་གཉིས་སླར་ཡང་སྐྱིད་སྡུག་མཉམ་འཁུར་གྱི་རྒྱལ་ཁབ་གཅིག་ཏུ་བཅོས། ཁོང་གི་རླབས་ཆེ་བའི་བྱ་བཞག་མེད་ན། དེ་རིང་ད་དུང་ཨ་རིའི་མི་སེར་ཡོད་ཚད་རང་དབང་ཡིན་མི་སྲིད་དོ།།
ལེན་ཁུན་དྲན་གསོ་ཁང་ཆེན་མོ།
1914 ལོའི་ཟླ་གཉིས་པའི་ཚེས་12 ལ་ཨ་རིའི་མི་མང་གིས་རྒྱལ་ས་ཝ་ཤིན་ཁྲོན་ནས་ལེན་ཁུན་དྲན་གསོ་ཁང་ཆེན་མོ་བཞེངས་འགོ་བརྩམས། དེ་ནི་ལེན་ཁུན་གྱི་འཁྲུངས་སྐར་བརྒྱ་དང་ལྔ་པ་བསུ་བའི་ལོ་འཁོར་སྲུང་གཙིའི་དུས་ཆེན་ལ་གཏད་ཡོད། 1922 ལོར་ལེན་ཁུན་དྲན་གསོ་ཁང་ལེགས་པར་གྲུབ་པ་དང་། མི་མང་གིས་ལེན་ཁུན་མཆོག་ལ་ཆེ་མཐོང་སྤྲད་ཆེད་སྐབས་དེར་འཚོ་བཞེས་གནང་ཡོད་པའི་ཁོང་གི་བུ་རཱ་སྦིར་ཐི་ཐྲ་སྒྲི་རྗེས་དྲན་མཛད་སྒོའི་སྟེང་གི་སྐུ་མགྲོན་གཙོ་བོར་གདན་དྲངས། ལེན་ཁུན་དྲན་གསོ་ཁང་ནི་རིན་ཐང་བྲལ་བའི་རྡོ་ཀ་མ་ར་དཀར་པོས་བཞེངས་ཡོད་པ་དང་ས་ཁྱོན་ལ་རྐང་སྦོལ་རྩེད་ཐང་ལྟ་བུའི་ཆེ་ཆུང་ཡོད། ཚོམས་ཁང་ནང་ན་མཐོ་ཚད་ལ་ཁྲུ་བཅུ་དགུ་ཡོད་པའི་བང་ཁྲི་ཞིག་གི་སྟེང་དུ་ལེན་ཁུན་གཟི་བརྗིད་ཀྱིས་བཞུགས་བསྡད་ཡོད། ཁོང་གི་སྐད་གྲགས་ཆོད་པའི་གྷི་ཁྲེ་སི་སྦིར་གྷི་གཏམ་བཤད་(Gettysburg Address དང་དབུ་འབྱེད་ཁྲི་སྟོན་མཛད་སྒོའི་གཏམ་(Inaugural Address) གཉིས་གྱང་ངོས་སུ་འབུར་བརྐོས་མཛད་ཡོད། སྐྱེས་ཆེན་ལེན་ཁུན་གྱི་དྲན་གསོ་ཁང་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་སྒོ་ཕྱེ་ཡོད་པར་མ་ཟད། འཛམ་གླིང་ཐ་གྲུ་ཀུན་གྱི་ལྗོངས་རྒྱུ་བ་ཚོས་པ་སེ་ཉོ་མི་དགོས་པར་རང་དབང་སྒོས་ལྟ་སྐོར་ལ་ཉུལ་ཆོག་པ་བྱས་ཡོད་དོ།།
ཡག་གི་ཡ། སྙན་ངག་ཟེར་བ་དེང་གི་གོ་མེད་ཚོར་མེད་དེ་ཚོ་བརྒྱ་སྟོང་བྲིས་པ་ལས་འདི་ཡག་གི།