ཁྲོ་གཏུམ།༼ཨོ་གླིང་།༽
སྦྲ་ནག་ལྡིང་དུད་པ་ཅན་པོའི་གོ་ཁ་རུ
ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་བར་སྣང་ལ་སྤུར་ཞིང
ང་བཙས་པའི་ཉིན་མོའི་བསང་དུད་དེའང་མཁའ་དབྱིངས་སུ་འཕུར
དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་འགྲོས་བར་དུ
ང་སྦྲ་ནག་གི་དྲོད་འཁོལ་ནས་འཚར་ཞིང
ཞོ་དང་འོ་མའི་གསོས་པའི་རྣམ་དཔྱོད་ཀྱི་འཆར་ཡན
སྦྲ་འདབས་སུ་འགྲོ་འོང་བྱེད་པའི་རྟ་ནོར་ལུག་གསུམ་གྱི་ཕྲ་རྒྱན་ལ་འཕྱན
དར་ལྕོག་ལྷབ་ལྷབ་གཡོ་བའི་གསོལ་འདེབས་ལས
ངའི་ཁ་ལས་ཀྱི་རླུང་རྟ་སྡེ་བཞིར་དཔའ་སྙིང་རྩལ
འདི་ལྟར་ནམ་ལངས་པ་དང་ས་རུབ་པའི་ཉིན་མོ་གྲངས་མེད་ཅིག
ངའི་དྲན་ཤིང་གི་དབྱར་གཞུང་ལ་མེ་ཏོག་ལྟར་བཏབ་ཡོད་པས
རང་ཡུལ་དང་ཆེས་རིང་སའི་ཡུལ་གྲུ་དེ་ནས
ལོ་ཟླ་ཉུང་ཉུང་མིན་པར་འདས་པའི་དྲན་གདུང་གི་གསེབ་དུ
སྦྲ་ནག་གི་དུད་པ་སྣ་ཡིས་དྲན
འདི་ལྟར་དབང་པོ་ལྔའི་གསེབ་དུ་ཉལ་བའི་དྲན་པ་ཇི་འདྲའི་མང་ཨང
ཕྱི་ལོ་ ༢༠༢༠།༥།༢༡ཉིན་གྱི་དགོང་མོ།