བསྟན་འཛིན་འཆི་མེད་ཀྱིས་བསྒྱུར།
སྒྲུང་འདིའི་སྔོན་ལ་ཞུ་རྒྱུར། གླང་ཆེན་དང་ཁྱི་གཉིས་ནི་གྲོགས་པོ་ཆགས་མི་སྲིད་པ་ཞིག་ཡིན་ཅེས་པ་ནི་ཨེ་ཤ་ཡའི་མི་རྣམས་ཀྱི་བཤད་སྟངས་རྒྱུན་ལྡན་ཞིག་ཡིན། གང་ལ་ཟེར་ན། གླང་ཆེན་གྱི་རང་བཞིན་ནི་ཁྱི་ལ་མི་དགའ་བ་དང་། གླང་ཆེན་གཟུགས་སྟོབས་ཆེན་པོ་ཡོད་སྟབས་ཁྱི་རྣམས་རང་བཞིན་གྱིས་ཞེད་སྣང་སྐྱེ་ཡི་ཡོད།
ཁྱི་རྣམས་རྒྱུན་དུ་རང་ལས་གཟུགས་སྟོབས་ཆེ་བ་ཞིག་དང་འཕྲད་ན་དེར་ཞེད་ནས་སྐད་མང་པོ་རྒྱག དེར་བརྟེན། ཁྱི་ཡིས་གླང་ཆེན་མཐོང་ནས་སྐད་རྒྱག་པའི་དུས་སུ། གླང་ཆེན་རང་བཞིན་གྱིས་སུན་སྣང་སྐྱེས་ནས་ཁྱི་རྣམས་འདེད་ཀྱི་ཡོད། གླང་ཆེན་དེ་ཚོར་བཟོད་བསྲན་སྤུ་ཙམ་ཡང་མེད། ཁྱི་གཞན་ལྟ་ཞོག ཁྱི་ཕྲུག་ཆུང་ཆུང་ཞིག་ཡོད་ནའང་དེར་བརྙས་བཅོས་བྱེད། དེ་འདྲ་སོང་ཙང་། མི་ཚང་མས། སེང་གེ་དང་སྟག་གཉིས་མི་འཆམ་པ། ཙི་ཙི་དང་ཞི་མི་གཉིས་མི་འགྲིག་པ་བཅས་དང་མཚུངས་པར་གླང་ཆེན་དང་ཁྱི་གཉིས་གྲོགས་འགྲིག་ཡོང་ཐབས་མེད་པར་ངོས་འཛིན་བྱེད།
སྔོན་ལུང་པ་ཞིག་གི་རྒྱལ་པོར། གླང་ཆེན་ཞིག་ཡོད་པ་དེར་བདག་གཅེས་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད། གླང་ཆེན་ཡོད་སའི་ཕར་ཙམ་ན་སྤྲང་ཁྱི་གཟུགས་ཤིན་ཏུ་སྐམ་པ། ལྟོ་རག་གི་མེད་པ་ཞིག་ཡོད། ཁྱི་དེ་གླང་ཆེན་དེས་ཉིན་ལྟར་འབྲས་མངར་མོ་ཟ་ཡི་ཡོད་པ་ལ་སེམས་པ་ཤོར། བྱས་ཙང་། ཁྱི་དེ་ཁ་ཁུ་སིམ་པོས་གླང་ཆེན་ཡོད་སར་ཕྱིན་ཏེ། གླང་ཆེན་གྱི་ཁའི་ཟུར་ནས་མར་ཟགས་པའི་འབྲས་དེ་ཚོ་བཟའ་ཡི་ཡོད། དེ་ལྟར་བྱས་ནས་ཉིན་ཤས་སོང་རྗེས། ཁྱི་དེས་ཟ་མ་གཞན་མ་ཟོས་པར་གླང་ཆེན་གྱི་ཁ་ཟུར་ནས་ཟགས་པའི་འབྲས་གཅིག་པུ་ཟོས་ནས་བསྡད། འོན་ཀྱང་། གླང་ཆེན་དེས་ཁྱི་མཐོང་གི་མེད།
དེ་ནས་དུས་ཚོད་གང་མཚམས་ཀྱི་རྗེས་ལ། ཁྱི་དེ་གཟུགས་སྟོབས་རྒྱས་པ་དང་། སྙིང་རྗེ་བོ་ཞིག་ཆགས། ཁྱི་དེ་གླང་ཆེན་གྱི་སར་མང་པོ་འགྲོ་མྱོང་ཡོད་ཙང་རང་བཞིན་གྱི་ཞེད་སྣང་དེ་ཡང་ཡལ་བར་གྱུར། དེར་བརྟེན། རྗེས་ལ་གླང་ཆེན་དེས་ཁྱི་དེ་རང་གི་འགྲམ་ལ་ཡོད་པ་མཐོང་སྐབས་ཁྱི་དེས་སྐད་རྒྱག་གི་མེད་པ་རྟོགས། གནས་སྟངས་དེས་གླང་ཆེན་གྱི་སེམས་ཁམས་ རང་བཞིན་གྱིས་ཞི་བདེར་གནས་ཐུབ་པ་ཆགས། ཉིན་ཤས་རྗེས་ཁྱི་དང་གླང་ཆེན་གཉིས་གྲོགས་པོ་ཆགས།
གྲོགས་པོ་འཆམ་པོ་ཆགས་ནས་རིམ་བཞིན་གླང་ཆེན་དེ་ཟ་མ་ཟ་དུས་ཁྱི་དེར་སྒུག་ནས་མཉམ་དུ་ཟ་ཡི་ཡོད། ཁོ་གཉིས་རྩེད་མོ་རྩེད་དུས། ཁྱི་དེ་གླང་ཆེན་གྱི་སྣ་ཞགས་ལ་འཐམ་པ་དང་། གླང་ཆེན་དེས་ཡར་མར་བཀྱགས་ཀྱི་ཡོད། དེ་ནས་བཟུང་ཁོ་གཉིས་ཁ་འབྲལ་མི་ཐུབ་པའི་གྲོགས་པོ་ཡག་ཤོས་ཆགས།
དེ་ནས་ཉིན་ཞིག གྲོང་གསེབ་གཞན་ཞིག་ནས་ཡིན་པའི་མི་ཞིག་ཡོང་བ་དེས། གླང་ཆེན་སྡོད་སའི་ཁང་པའི་ནང་དུ་ཁྱི་ཞིག་ཡོད་པ་མཐོང་། ཁོ་པས་དེ་མ་ཐག་གླང་རྫིའི་ས་ནས་ཁྱི་དེ་ཉོས་ཏེ་རང་གི་གྲོང་གསེབ་ལ་འཁྲིད་ཕྱིན།
དེའི་དབང་གིས། གླང་ཆེན་དེ་སེམས་པ་ཧ་ཅང་སྐྱོ་ནས་ལྟོ་ཆས་མི་བཟའ་བ་དང་ཆུ་ཡང་མ་འཐུང་བར་བསྡད། འོན་ཀྱང་། གླང་རྫིས་ཁྱིའི་སྐོར་ཚིག་གཅིག་ཀྱང་མ་ཞུས་པར་གླང་ཆེན་གྱི་གནས་ཚུལ་དེ་རྒྱལ་པོར་སྙན་གསེང་ཞུས།
རྒྱལ་པོར་བློན་ཆེན་མང་པོ་ཡོད་པ་དག་ལས། སེམས་ཅན་གྱི་གནས་སྟངས་དཔྱད་པར་མཁས་པའི་བློན་པོ་ཞིག་ཡོད་པ་དེ་རྒྱལ་པོའི་བཀའ་བཞིན་ལམ་སང་གླང་ཆེན་ཡོད་སར་ཐོན།
བློན་པོ་དེ་གླང་ཆེན་ཡོད་སར་འབྱོར་མ་ཐག་ན་ཚའི་དབང་གིས་མིན་པ་ཤེས་རྟོགས་བྱུང་། ཁོ་པས། འདི་ནི་ན་ཚ་གང་ཡང་མ་རེད། འོན་ཀྱང་། རྣམ་འགྱུར་དེ་ངས་མི་དང་སེམས་ཅན་གཞན་གྱི་སྟེང་ནས་མཐོང་མྱོང་། གླང་ཆེན་འདིའི་སེམས་ན་དཀའ་ངལ་ཞིག་འདུག ཕལ་ཆེར་གྲོགས་པོ་བློ་ཐག་ཉེ་ཤོས་ཤིག་དང་ཁ་བྲལ་བའི་སྡུག་བསྔལ་ཡིན་པ་འདྲ་ཞེས་ལབ།
དེ་རྗེས་བློན་པོ་དེས་གླང་རྫི་ཚོར། གླང་ཆེན་གྱི་གཟུགས་པོ་བདེ་ཐང་རེད། ཡིན་ན་ཡང་། སེམས་ལ་དཀའ་ངལ་ཞིག་འདུག ཕལ་ཆེར་རང་གི་གྲོགས་པོ་ཞིག་དང་ཁ་བྲལ་བ་འདྲ། ཁྱེད་ཚོས་གླང་ཆེན་དེར་གྲོགས་པོ་ཉེ་བོ་དེ་འདྲ་ཡོད་མེད་ཤེས་ཀྱི་ཡོད་དམ་ཞེས་དྲིས།
གླང་རྫི་ཚོས་གླང་ཆེན་དང་ཁྱི་ཞིག་ཧ་ཅང་འཆམ་པོ་ཡོད་ཚུལ་ལབ། དེ་མ་ཐག་བློན་ཆེན་དེས། འོ་ན། ཁྱི་དེ་ག་པར་སོང་བ་རེད་དམ་ཞེས་དྲིས་དུས། གླང་རྫི་ཞིག་གིས། མི་ཞིག་གིས་ཁྱི་དེ་ཉོས་ནས་རང་གི་གྲོང་གསེབ་ལ་འཁྲིད་ཕྱིན་སོང་། གྲོང་གསེབ་གང་ནས་ཡིན་མིན་ང་ཚོས་ཤེས་ཀྱི་མེད་ཅེས་ལབ།
དེ་ནས་ལམ་སང་བློན་པོ་དེ་རྒྱལ་པོའི་དྲུང་དུ་བཅར་ནས། རྒྱལ་པོ་ལགས། ཁྱེད་ཀྱི་གླང་ཆེན་དེ་ལ་ན་ཚ་མི་འདུག གླང་ཆེན་དེ་དང་ཁྱི་ཞིག་གྲོགས་པོ་ཡག་ཤོས་ཆགས་ཡོད་པ་དང་། ད་ཆ་ཁྱི་དེ་མེད་སྟབས་གླང་ཆེན་སེམས་པ་མ་སྐྱིད་པ་ཆགས་ནས་ལྟོ་ཆས་མི་ཟ་བ་དང་ཆུ་མ་འཐུང་བ་སོགས་བྱེད་ཀྱི་ཡོད་པ་འདྲ་ཞེས་ཞུས།
རྒྱལ་པོས། གྲོགས་པོའི་དབར་གྱི་འབྲེལ་བ་ནི་རྩ་ཆེན་པོ་ཞིག་ཡིན། བློན་པོ་ལགས། ང་ཚོས་ཁྱི་དེ་ཚུར་ལེན་དགོས། དེ་ལ་ཐབས་ཤེས་ག་རེ་ཡོད་དམ་ཞེས་བཀའ་འདྲི་གནང་།
སུས་ཁྱི་དེ་ཉར་བསྡད་ཡོད་ན་དེར་ཉེས་ཆད་གཏོང་རྒྱུ་ཡིན་ཞེས་རྒྱལ་པོ་ཁྱེད་རང་གིས་གསལ་བསྒྲགས་བསྐྱངས་ན་ལེགས་ཞེས་བློན་པོ་དེས་ཞུས།
གསལ་བསྒྲགས་དེ་ཐོས་མ་ཐག མི་དེས་ལམ་སང་ཁྱི་དེ་རང་དགར་གློད་བཞག་པ་རེད། ཁྱི་དེ་དགའ་ཚོར་ཆེན་པོའི་ངང་རང་གི་གྲོགས་པོ་ཡག་ཤོས་གླང་ཆེན་ཡོད་སར་རྒྱུག་ཕྱིན།
ཁྱི་དེ་མཐོང་བ་དང་གླང་ཆེན་ཤིན་ཏུ་དགའ་ནས་ཡར་མར་བཀྱག་ནས་རྩེད་མོ་རྩེས། དེ་ནས་བཟུང་ཁྱི་དང་གླང་ཆེན་གཉིས་སྐྱིད་པའི་ངང་བསྡད། དེ་མཚུངས་རྒྱལ་པོ་དེ་ཡང་ཤིན་ཏུ་དགའ་བ་དང་། རང་གི་བློན་པོ་དེའི་ཤེས་བྱ་ཡོན་ཏན་ལ་ཡི་རང་བསྔགས་བརྗོད་དང་བྱ་དགའ་གསོལ་རས་གནང་།
བསླབ་བྱ་ནི། རང་བཞིན་དགྲ་ཡིན་ཡང་གྲོགས་པོ་ཡག་ཤོས་སུ་འགྱུར་ཐུབ་པ་བསྟན།
མ་རྩོམ་དྲ་བྱང་འདི་ན་ཡོད།