རྫ་ཚེ་རིང་བཀྲ་ཤིས།
(གསལ་བཤད། འདི་ལྟར་བྲིས་པ་འདིའང་། ཤ་འགོག་དགོས་མིན་དང་དཀར་ཟས་ངེས་པར་དགོས་མིན་སོགས་ཀྱི་ལངས་ཕྱོགས་ཀྱི་ཐོག་ནས་བྲིས་པ་གཏན་ནས་མིན། དེ་ནི་སོ་སོའི་འདེམས་རྒྱུ་རེད། ཡིན་ན་ཡང་། མཁས་མིང་འཛིན་པ་ཞིག་གིས་ལོ་རྒྱུས་དང་འབྲེལ་བའི་སྐད་ཆ་ཤོད་སྐབས་ཀྱི་སྐད་ཆ་ལ་དཔྱད་བརྗོད་བྱེད་པ་ནི་རང་ཉིད་ཤེས་ཡོན་པའི་གྲལ་མཐར་ཡོད་པ་ཙམ་གྱི་དགའ་ཕྱོགས་དང་འོས་འགན་ཞིག་ཏུ་ངོས་འཛིན་བྱས་པ་ཡིན་ནོ།། འཕྲལ་བྲིས་པས་ཡིག་ནོར་སོགས་ཡོད་ངེས་པས་ཀློག་པ་པོ་དག་ལ་དགོངས་སེལ་ཡང་ཞུ)
དེང་སང་ཀུན་སྤྱོད་ཀྱི་འགན་འཁྲི་ལ་ཐུགས་འདང་ཞིབ་ཏུ་མི་རྒྱག་མཁན་མཁན་ཞིབ་འཇུག་པའི་མིང་འཛིན་པ་འགས་མི་རིགས་གཞན་གྱི་ལོ་རྒྱུས་སོགས་རགས་རིམ་རེ་བཤད། མཚམས་མཚམས་ཤེས་བཞིན་དུ་འཁྱོགས་བརྗོད་གཡག་རོ་འདྲ་བ་རེའང་བྱེད། ཡང་མགོ་རང་ལ་ཡོད་ཀྱང་ཀླད་པ་གཞན་ལ་དབང་བའི་དྲ་འབུ་འགའ་རེས་དེ་ལ་ཡ་མཚན་དུ་བྱེད། འབུམ་རམས་པ་དང་ཞིབ་འཇུག་པ། དགེ་རྒན་ཆེན་མོ་སོགས་ལ་མིང་དད་བྱེད་པའི་འཕྲིན་སྟེགས་འགའ་རེས་འུར་རོགས་བྱེད་ཅིང་ཡར་སྤེལ་མར་སྤེལ་བྱེད། དེ་ལ་སླར་ཡང་དྲ་འབུ་འུར་དགའ་དག་གིས་ཕྱོགས་གར་ཡོད་ཙམ་ཡང་མ་གོ་བཞིན་དུ་འུར་བཞིན་པ་ནི་དངོས་གནས་ངུ་དགོད་གང་དགོས་མི་ཤེས་པའི་གནས་སུ་སྣང་ངོ་། །
དེ་ཡང་སྐབས་དོན། ཉིན་འདི་གར་རྫ་བ་ཚེ་རིང་འགྱུར་མེད་ཟེར་བའི་དགེ་རྒན་ཆེན་མོ་མིང་འཛིན་ཞིག་གིས་མཁས་པའི་གླེང་སྟེགས་ཞེས་པའི་དྲ་ཚོམས་ཤིག་ཏུ། བོད་དུ་ས་ག་ཟླ་བ་ལ་དཀར་ཟས་དགོས་པ་རེད་ཟེར་བ་དེ་མང་ཆེ་བ་རྒྱ་ནག་ནས་དར་བ་རེད་ཟེར་བའི་སྐད་ཆ་དུམ་བུ་ཞིག་འགྲོ་བཞིན་པར་མཉན་པས་སྐད་ཆ་དེ་ལ་གནད་དོན་འགའ་དུག་ལ། རྒྱ་ཡིག་མི་ཤེས་མཁན་ཚོས་བདེན་པར་བཟུང་ནས་གོ་ནོར་ཐེབས་སུ་དོགས་པས་འཕྲལ་མར་གསལ་བཤད་འདི་བྱེད་འདོད་སྐྱེས།
དེ་ཡང་དང་པོ། ས་ག་ཟླ་བར་དཀར་སྐྱོང་འབོད་སྐུལ་བྱེད་པ་འདི་རྒྱ་ལུགས་རེད་ཟེར་ན་དེ་མི་བདེན། འདི་བོད་ལ་བསྐལ་བ་ཡར་དར་གྱི་སྐབས་ནས་ཀྱང་བྱུང་ཡོད་པ་སྟེ། དབུས་གཙང་རིག་མཛོད་དུ་བཀོད་པའི་གནའ་སྔ་མོའི་བོད་ཀྱི་ས་ག་ཟླ་བ་སྲུང་བརྩི་བྱེད་སྟངས་ཞེས་པའི་ཡིག་ཆར།
“ ཟླ་བ་དེའི་རིང་དགོན་སྡེ་ཁག་ལྟ་ཅི། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཤ་སོགས་དམར་ཟས་སྤངས་ཤིང་དཀར་ཟས་བསྟེན་པའི་གོམས་གཤིས་ཡོད་ཅིང༌། གཞུང་གནས་དང༌། རྩིས་ཁང་ལས་ཁུངས་ནས་ཤོད་སྐོར་གྱི་ས་ཟླའི་མཆོད་སྤྲིན་མ་དངུལ་སྐྱེད་འབབ་ཐོག་ཞལ་འདེབས་ཀྱིས་ཚེས་བརྒྱད་དང༌། བཅོ་ལྔ། གནམ་གང་བཅས་ལ་གཙུག་ལག་ཁང་དང༌། ར་མོ་ཆེ། རྩེ་འཕགས་པ་ལྷ་ཁང་བཅས་སོ་སོར་སྟོང་མཆོད་རེ་དང༌། རྟེན་གཙོ་ཚང་མར་ཞལ་གསེར་སྒྲོན་འབུལ།” ཞེས་གསུངས་ཡོད། ཐུགས་ཡིད་མ་ཆེས་ན། དྲ་ཚིགས་འདིར་གཟིགས། https://utsangculture.com
གཉིས་པ། འཕགས་ཡུལ་སོགས་སུའང་ས་ག་ཟླ་བ་ལ་ཟ་ཁང་ཕལ་མོ་ཆེས་ཤ་མེད་རང་གཏོང་བ་སོགས་བོད་མི་འདུས་སྡོད་བྱ་ཡུལ་ཁག་ལ་ཡོངས་ཁྱབ་ཡིན། དེ་ཡང་དེ་གའི་བོད་ཀྱི་བླ་ཆེན་རྣམ་པའི་ལམ་སྟོན་འོག་བྱུང་བ་ལས་རྒྱ་བླ་དག་གིས་དར་སྤེལ་བྱས་ཡོང་བ་ཞིག་མིན། དེ་ཡང་ངེས་པར་དུ་གོ་དགོས། ཡིན་ན་ཡང་དེ་ཚོ་གཙོ་བོ་མ་རེད། གཙོ་བོ་འདིར་བཤད་འདོད་པ་དེ་གང་ཡིན་ཟེར་ན། དགེ་ཆེ་ཁོང་གིས། གོང་མ་ལྱེང་ཝུ་ཏིས་(梁武帝 )ཀྱིས་༼( སྒྲ་སྒམ་གྱི་ཚིག )ནང་པའི་དགོན་པ་ཚོས་ཤ་ཟ་ཉན་གི་མི་འདུག །ཤ་ཟོས་ན་སྡིག་པ་ཡོད་ས་རེད། ཁོ་གིས་དེ་འདྲ་ཞིག་དྲན་གྱི་འདུག༽ཅེས་ལབ་ནས་དེ་ཙམ་ལ་གཞི་བཅོལ་ནས་བཀའ་རྒྱ་ཕབ་པ་རེད་ཟེར་བ་འདིའི་སྐོར་ཡིན།
དེང་སང་སྐད་འཕྲིན་ནང་གི་སྐད་ཆ་ཉུང་ཉུང་ཞིག་ཡིན་ཡང་ལྟ་ཉན་དང་ཡིད་ཆེས་བྱེད་མཁན་མང་པོ་ཡོང་གིན་ཡོད་པས་སྐད་ཆ་བཤད་སྐབས་ངེས་པར་དུ་གཟབ་དགོས། ཁྱད་པར་དུ་ཞིབ་འཇུག་པ་ཞིག་གི་མིང་ཐོག་ནས་བཤད་དུས་དེ་བས་ཀྱང་མང་པོ་ཞིག་གིས་བདེན་པ་ཡིན་སྣང་ཤར་གྱི་ཡོད་པ་རེད།
གོང་མ་ལྱིང་ཝུ་ཏིས་ཀྱིས་དགེ་འདུན་པ་ལ་དམར་ཟས་བཀག་པ་དེ་ཁྱེད་ཀྱིས་བཤད་པ་ལྟར། ངས་འདི་འདྲ་བསམ་གྱི་འདུག་ཅེས་ལབ་ནས་རང་སྣང་གང་ཤར་བྱས་པ་ཞིག་རྩ་བ་ནས་མ་རེད། ཁོང་གིས་བརྩམས་པའི་་《ཤ་ཆང་སྤོངས་པའི་ཡི་གེ 》 ཞེས་པའི་བསྟན་བཅོས་དེ་ད་ལྟའང་དྲ་ཐོག་ནས་རག་ཐུབ། བསྟན་བཅོས་དེའི་མིང་ལ་རྒྱ་སྐད་ཏུའན་ཅོས་རོའུ་ཝིན་《断酒肉文》ཟེར་བ་རེད། རྒྱ་འདུས་ཀྱི་ནང་དུ་འདིའི་ནང་དོན་གཙོ་བོ་ངོ་སྤྲོད་སྐབས། འདི་ལྟར། “ཤ་ཆང་སྤོངས་པའི་ཡི་གེའི་ནང་དུ་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་ལང་ཀར་གཤེགས་པ། སོར་མོའི་ཕྲེང་བ་ཅན་གྱི་མདོ་ལ་སོགས་པའི་ཐེག་ཆེན་གྱི་མདོ་སྡེ་དག་ཁུངས་སུ་བྱས་པ་ལས་གཞན་ལྱིང་ཝུ་ཏིས་ཀྱིས་ཀྱང་རྒྱུ་མཚན་སྣ་ཚོགས་པ་འདང་ངེས་སུ་བཀོད་པའི་ཐོག་ནས་དགེ་འདུན་པ་དག་གིས་དང་ལེན་གནང་ཐུབ་པ་ཞིག་ཞུས་པ་ཡིན། ” ཞེས་དངོས་སུ་བཀོད་པ་འདི་རེད། རྒྱ་ཡིག་འོག་ཏུ་བཀོད་པ་འདི་ལགས། (主要内容 在《断酒肉文》中,除了引证《大般涅槃经》《楞伽经》《央掘魔罗经》等大乘经典依据外,梁武帝还详举了各种理由,充分说服僧人遵行。)གཞུང་གི་དཀྱུས་སུ་གཟིགས་ན་ཡང་མདོ་སྡེ་གཞན་ཡང་མང་པོ་ཞིག་དྲངས་ཡོད་དེ། དཔེར་ན། གཤམ་གྱི་མདོ་མྱང་འདས་ཀྱི་ལུང་འདི་ལ་སོགས་པ་དང་རིགས་པའི་རྣམ་གྲངས་ཀྱང་མང་པོ་བཀོད་འདུག །ཞིབ་ཆ་ལྱིང་ཝུ་ཏིས་ཀྱི་ཡི་གེ་ཉིད་ལས་ཤེས་དགོས།
(涅槃經言。迦葉我今日制諸弟子。不得食一切肉。而今出家人猶自噉肉。)
མདོར་ན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཞིག་གི་མིང་ཐོག་ནས་གནས་ལུགས་རགས་པ་འདི་ཙམ་ཡང་ཞིབ་ཆ་ཡོད་པ་དང་བདེན་དྲང་ཡོད་པ། དངོས་ཡོད་གནས་ཚུལ་ལ་གཞི་བཟུང་བའི་བཀའ་མོལ་མ་གནང་བ་ནི་གོ་བ་ལོན་དཀའ་བ་ཞིག་རེད། མ་ཤེས་པ་ཡིན་ན་ཁག་མེད་མོད། ལོ་རྒྱུས་རགས་པ་འདི་ཙམ་ཡང་མི་ཤེས་པ་ག་ལ་སྲིད། གོང་མ་ཁོང་ཉིད་ནང་པའི་བསྟན་པ་ལ་དད་པ་ཆེན་པོ་ཡོད་པ་ཞིག་དང་། ནང་བསྟན་གྱི་གཞུང་ལ་ཞིབ་འཇུག་ཡོད་པ་ཞིག་ཡིན་པ་དང་། ཁོང་ལ་རྒྱ་བརྒྱུད་ནང་པ་དག་གིས་ཆོས་རྒྱལ་མྱ་ངན་མེད་གཉིས་པ་ལྟ་བུའི་གདེངས་འཇོག་གནང་མཁན་ཡོད། ཁོང་གིས་རབ་བྱུང་དག་གིས་ཤ་ཟ་མི་ཆོག་པའི་ཁྲིམས་བཅས་པ་དེ་ཡང་གོང་གསལ་ལྟར། ལུང་རིགས་དཔང་དུ་བཞག་པ་ཞིག་རེད། ཁོང་གི་བསྟན་བཅོས་དང་ཁོང་ལ་གདེང་འཇོག་བྱེད་སྟངས་སྐོར། 《 རྒྱ་བརྒྱུད་ནང་བསྟན་གྱི་སྲོག་གཅོད་སྤོངས་ཤིང་དཀར་ཟས་བའི་སྙིང་སྟོབས་》ཞེས་པའི་ཡི་གེ་འདིར་ཡང་ལམ་ཙམ་གསལ། (漢傳佛教的「戒殺食素」精神
── 梁武帝《斷酒肉文》 ●昌 蓮)
རྒྱལ་པོ་ཁོང་གིས་ལང་ཀར་གཤེགས་པའི་མདོ་སོགས་རྒྱུ་མཚན་དུ་དྲངས་ཏེ་རྣམ་གསུམ་དག་པའི་ཤ་གནང་བ་དྲང་དོན་དང་། མདོ་མྱང་འདས་སོགས་ལས་ཤ་གཏན་དུ་བཀག་པ་ངེས་དོན་དུ་གཟིགས་པ་ལས། མི་སྒེར་གྱི་དགའ་ཕྱོགས་ཙམ་གཞི་ལ་བཞག་པ་མིན་པ་གོང་མ་ཁོང་རང་གིས་བརྩམས་པའི་ཡིག་ཆར་ཞིབ་རྒྱས་བཀོད་ཡོད།
གཟིགས་ཚུལ་འདི་ནི། བོད་དུའང་ངོར་ཆེན་ཀུན་དགའ་བཟང་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྫ་དཔལ་སྤྲུལ་སོགས་ཀྱིས་ཞལ་གཅིག་གྲགས་ཀྱིས་ཐེག་པ་ཆེན་པོའི་ལུགས་ལ་ཤ་བཀག་པ་ངེས་དོན་དུ་བཤད་པ་དང་དོན་དག་གཅིག་པ་གཅིག་རྐྱང་ཡིན་ས། འདི་ཁྱེད་བོད་བརྒྱུད་ནང་བསྟན་ཞིབ་འཇུག་པ་ཞིག་ཡིན་ན་ངེས་པར་ཤེས་དགོས་ངེས་རེད།
སྤྱིར་བཏང་གིས་མི་སྐྱ་ཞིག་གིས་སངས་རྒྱས་ཀྱིས་གནང་མ་གནང་གི་ས་མཚམས་གསལ་པོ་མ་ཤེས་ན་སྐྱོན་མི་འདུག་མོད། བོད་བརྒྱུད་ནང་བསྟན་ཞིབ་འཇུག་པ་དང་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཀྱིས་གནང་དང་མ་གནང་གི་ས་མཚམས་དེའང་ཐེག་ཆེན་ཐེག་དམན་གང་གི་དབང་དུ་བྱས་པ་ཡིན། དེ་ལ་བོད་ཀྱི་མཁས་པ་ཚོའི་གཟིགས་ཚུལ་གང་ཡོད་སོགས་ངེས་པར་དུ་རང་གིས་གསལ་པོ་ཤེས་དགོས། ཤེས་ནས་ཀྱང་གཞན་ལ་གསལ་པོ་བཟོ་དགོས་པ་ཞིག་ཡིན་པ་འདི་ངེས་པར་ཐུགས་ལ་འཇོག་པར་ཞུ། །
ཡང་ལན། ད་ནངས་ཞོགས་པ་ཡང་བསྐྱར་དགེ་རྒན་ཁོང་གིས་སྐད་ཕྲིན་ཚོགས་པའི་ནང་ངའི་མདང་ནུབ་ཀྱི་སྐད་ཆ་དེ་རྩ་བ་བོར་ནས་ཡལ་ག་འཇུས་པ་ཞིག་རེད་ཅེས་གསལ་བཤད་ཅིག་བྱས་འདུག་མོད། དོན་ལ་ངས་ཀྱང་གོང་མ་ལྱིང་ཝུ་ཏིས་ཀྱིས་རྒྱའི་དགོན་པ་དག་ལ་དཀར་ཟས་ཁྲིམས་སུ་བཅས་པ་མ་རེད་ཅེས་ལབ་མེད། ཁོང་རྒྱལ་པོ་ཞིག་ཡིན་པའི་ཆ་ནས་ཁྲིམས་སུ་བཅས་ན་ཁྲིམས་དེ་ལག་བསྟར་བྱེད་སྟངས་ཤིག་ལོས་ཡོད། ཡིན་ན་ཡང་། ཁོང་གིས་བསམ་བློའི་གཞི་འཛིན་ས་དེ་ཁྱེད་ཀྱིས་སྒྲ་སྒམ་སྔ་མའི་ནང་དུ་ཁ་གསལ་གཏིང་གསལ་བྱས་ནས་བཤད་པའི་གོང་མ་ལྱེང་ཝུ་ཏིས་(梁武帝 ) ཀྱིས་༼( སྒྲ་སྒམ་གྱི་ཚིག )ནང་པའི་དགོན་པ་ཚོས་ཤ་ཟ་ཉན་གི་མི་འདུག །ཤ་ཟོས་ན་སྡིག་པ་ཡོད་ས་རེད། ཁོ་གིས་དེ་འདྲ་ཞིག་དྲན་གྱི་འདུག༽ཅེས་བཤད་པ་དེ་མ་རེད་ལབ་ཀྱི་ཡོད།
ཡང་ལན།༽(༢༠༢༠།༥།༢༥)
དེ་རིང་ཡང་བསྐྱར་ཁྱེད་ཀྱིས་སྐད་ཆ་གཞན་གྱིས་སྒྲ་སྒམ་བཟོས་ནས་ངར་བཏང་བྱུང་བ་དེར་༼“རྫ་ཚེ་རིང་བཀྲ་ཤིས་ཟེར་རྒྱུ་དེས་ངའི་སྐད་ཆ་འི་རྩ་བ་དེ་བོར་ནས་ཡལ་གར་ཞིག་འཇུ་སྡོད་ཁུལ་བྱེད་ཀྱིན། རྒྱ་ནག་གོང་མ་གི་བཀའ་ཤོག་དེ་ག་ཤེད་ཅིག་ནས་མདོ་མྱང་འདས་ལ་ཁུངས་གཏུགས་ཟི་རེད། མདོ་ལང་ཀར་གཤེགས་པ་ལ་ཁུངས་གཏུགས་ཟི་རེད་འདྲ་པོ་ཞིག་ཟེར་བསྡད་ཀྱི་འདུག་སྟེ།”ཞེས་དང་། ཡང་“ ཁུངས་གང་ལ་གཏུགས་ཡོད་ན་ཡོད་མེད་ན་མེད་གལ་ཆེ་གི་མ་རེད།” ༽ཅེས་བཤད་པ་འདིས། ཁ་སང་ཁྱེད་ཀྱིས་ གོང་མས་༼“དེ་འདྲ་ཞིག་དྲན་གྱི་འདུག་ལབ་ནས་ཁྲིམས་བཞག་པ་རེད་”༽ཟེར་བ་དེ་གཞི་འཛིན་ས་མེད་པའི་སྐད་ཆ་ཡིན་པ་རང་ཉིད་ཀྱིས་དངོས་སུ་ཁས་བླངས་པ་ཞིག་རེད། དཀར་ཟས་ཀྱི་ལུགས་སྲོལ་གང་ནས་བྱུང་མིན་གྱི་ཁུངས་གལ་ཆེན་དུ་བཟུང་ནས། དེ་རྒྱ་ལུགས་ཡིན་པ་དང་རྒྱ་ནག་གོང་མས་ཁྲིམས་སུ་བཅས་པ་ཡིན་ཚུལ། དེ་རྒྱ་བླ་ཚོས་བོད་ལ་སྤེལ་བའི་ལམ་ལུགས་ཤིག་ཡིན་ཚུལ་ཐོག་རྩོད་པ་རྒྱག་བཞིན་པའི་ཁ་ཐུག་ལ་གློ་བུར་དུ་“ཁུངས་གང་ལ་གཏུགས་ན་གཏུགས་”ཟེར་བ་ནི་ནང་འགལ་བླ་ན་མེད་པ་ཞིག་རེད།
༔
ཕྱོགས་གཞན་ཞིག་ནས། བོད་རང་གི་ངོས་ནས་མདོ་དང་རྒྱུད་སྡེ་དེ་ཚོ་མཐོང་བའི་ཐོག་ནས་དཀར་ཟས་ལ་ལྟ་སྟངས་སྔར་ནས་ཡོད་བཞིན་དུ་རྒྱ་ནག་རྒྱལ་པོ་ལ་ལད་མོ་དགོས་དོན་གང་ཡང་མེད་ལ། བྱེད་མཁན་ཡང་མེད་པ་རེད། མ་ཟད་ད་ལྟའི་དཀར་ཟས་པ་སུས་ཀྱང་དགེ་འདུན་པ་ཡིན་ན་ངེས་པར་ཤ་ཟ་དགོས་ཞེས་ཁྲིམས་འཇོག་མཁན་གྱི་མི་གཅིག་ཀྱང་ད་བར་བྱུང་མེད་པས་བོད་པ་ཚོས་དཀར་ཟས་འབོད་སྐུལ་དང་སྐབས་དེའི་ཁྲིམས་གཉིས་ཕྱོགས་མང་པོ་ཞིག་ནས་མི་འདྲ་བ་ཡིན། འོན་ཀྱང་། དཀར་ཟས་འབོད་སྐུལ་ཙམ་ནི་སུས་ཀྱང་ཆོག་པ་ཞིག་རེད།
དེང་སང་འཛམ་བུ་གླིང་སྤྱི་དང་ཁྱད་པར་འཕགས་ཡུལ་སོགས་སུའང་དུད་འགྲོའི་རང་དབང་ཚོགས་ཆུང་དང་བྱམས་བརྩེ་དཀར་སྐྱོང་གི་ཚོགས་པ་མང་པོས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་ན་ཡང་དེ་གཅིག་ཀྱང་ལྱེང་ཝུ་ཏིས་ཀྱི་ལམ་ལུགས་རེད་ཟེར་མཁན་མེད་པ་འདི་ཅིས་ཕྱིར་མ་ཤེས་པ་ཡིན་ནམ། །རྫོགས་སོ།།
།རྫ་ཚེ་རིང་བཀྲ་ཤིས་ཀྱིས་དགོང་ཟས་ཟ་ཞོར་དབུགས་ཐོག་གཅིག་ལ་ཤར་མར་བྲིས་ནས་དྲ་ཐོག་ལ་བཏང་བ་ལས་སླར་དུམ་བུ་ཐ་མ་ཡང་ལན་གྱི་སྐོར་ཁ་སྣོན་བྱས་པའོ། ། (སྤྱི་ལོ་2020 /5/25)
དཀར་ཟས་དེ་གྲོང་ཁྱེར་ནང་ལ་སྡོད་མཁན་གྱིས་ཟ་ཐུབ་ན་བཟང་ཞིང་། མི་ཚོགས་མང་སྡོད་བྱ་ཁུལ་དང་ཡུལ་ལུང་གཞན་ལ་དཀར་ཟས་འདི་བཟང་པོ་རུ་བརྩིས་འོས་ཀྱང་། འུ་ཅག་གཞིས་ལུས་བོད་པ་རྣམས་ལ་མཚོན་ན་འདི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན། དཔེར་ན་བོད་པ་བརྒྱ་ཆ་༧༠ ལྷག་ཅིག་ནོར་ཕྱུགས་ཀྱི་འཚོ་བ་ལ་བརྟེན་ཡོད་པས་ཐོན་ཁུངས་དེ་ལ་ལོངས་སུ་མ་སྤྱད་ན་འབྲོག་པ་གྲོང་སྡེ་ཅན་བསྒྱུར་བའི་ཀྲུང་གོ་གཞུང་གི་སྲིད་ཇུས་དེ་ཉིད་ཀྱི་རོགས་འདེགས་གཙོ་བོར་ཞིག་ཆགས་ཡོད། དེས་ན་ལོ་ངོ་སྟོང་ཕྲག་གི་རིང་དུ་གཡང་གི་ར་བ་སྒོ་བཞིའི་ཐོན་ཁུངས་ལ་བརྟེན་ནས་འཚོ་བ་དང་གོམས་གཤིས་ཤ་འདྲེས་པགས་འདྲེས་སུ་གྱུར་ཡོད་པ་དེ་ཉིད་རིམ་བཞིན་རྩ་མེད་དུ་གྱུར་ཏེ། བོད་རིགས་རྒྱ་རིགས་སུ་བསྒྱུར་བའི་ཉེར་ལེན་གཙོ་བོ་གཅིག་ལ་འགྱུར་རྒྱུ་རེད། དེང་སང་བོད་ས་གནས་འགའ་ནས་མངོན་གསལ་དོད་ཤོས་ག་རེ་བྱུང་འདུག་ཟེར་ན། དཀར་ཟས་ཀྱི་ལས་འགུལ་དེ་སྤེལ་བ་ནས་བཟུང་སྟེ་འབྲོག་པ་དག་གིས་ལུག་ལ་ཐོན་ཁུངས་མེད་པས་ལུག་མེད་པ་བཟོས་པ་རེད་ཟེར། སྔོན་མ་སྟོང་ལུག་མང་པོ་ཡོད་ས་ལ་ད་ལྟ་ལུག་གཅིག་རྐྱང་མི་འདུག་ཟེར། དེ་ལ་སྐྱོན་མི་འདུག་སྡིག་རྒྱུན་ཆད་འགྲོ་བ་རེད་བསམ་ན། ལུག་མེད་པ་ཆགས་ན་ལུག་གི་རྨིག་བཞིའི་ཐང་རྒོད་དང་ས་རྒོད་ཐམས་ཅད་ས་འཇམ་པོ་དང་ ས་སྙི་མོ་བཟོ་ནུས་པས་དེ་བཟོ་མཁན་མེད་སྟབས་ས་ཐམས་ཅད་བྱེ་ཐང་ཆགས་ནས་རྩྭ་སྔོ་དེ་དག་ལ་གནས་འཆར་བའི་སྲོག་ཆགས་དུང་ཕྱུར་མང་པོའི་རྒྱུན་ཆད་བཞིན་ཡོད། སྐྱེས་དངོས་སྲོག་ཆགས་རིག་པའི་སྐོར་ནས་ལྟོས་གྲུབ་དང་འབྲེལ་ཏེ་གཅིག་བཤད་ན་། རི་དྭགས་ཟ་མཁན་གཅན་གཟན་མེད་ན་རི་དྭགས་ཀྱང་རྒྱུན་ཆད་འགྲོ་བའི་ལྟོས་གྲུབ་སྐོར་ནས་བཤད་ཡ་ཡོད་རེད། དེ་དཔེར་ན་ཤིང་འབྲས་ཟ་མཁན་མེད་ན་ཤིང་སྡོང་སྐམ་འགྲོ་བ་ལྟ་བུ་རེད། དེ་ཚན་རིག་གིས་གྲུབ་དོན་རེད་མ་གཏོགས་ངས་རྟོག་བཟོ་མིན། ས་གོ་ལའི་ཐོག་ཏུ་སྲོག་ཆགས་རིགས་འདྲ་མིན་སྟོང་ཕྲག་མང་པོའི་རིགས་རྒྱུན་ཆད་བཞིན་ཡོད་རེད། དེ་དག་རེ་རེ་བཞིན་རྒྱུ་རྐྱེན་འཚོལ་ཡོང་དུས། དཔེར་ན་གཅན་གཟན་སྟག་མེད་པ་ཆགས་ན། སྟག་གི་གཅན་སྐྱག་ལ་ཁ་ཟས་བྱས་ཏེ་འཚོ་མཁན་དག་རྒྱུན་ཆད་ཀྱི་ཡོད་རེད། འབུ་སྲིན་དེ་ཚོ་རྒྱུན་ཆད་ན། ཡང་འབུ་སྲིན་དེ་ཁ་ཟས་ལ་བརྟེན་ནས་འཚོ་མཁན་རྒྱུན་ཆད་པ་ལྟ་བུ་ཡིན་པར་བཤད་བཞིན་ཡོད། ངས་ཞིབ་འཇུག་ཡུན་རིང་དང་སྐྱེས་དངོས་འཁོར་ཡུག་སྐོར་ལ་བགྲོ་གླེང་མཉམ་ཞུགས་བྱས་རྗེས ་བོད་ཡུལ་འདིར་དཀར་ཟས་ལས་འགུལ་འདི་ཉེན་ཁ་ཅན་ཞིག་མཐོང་སོང་།
རྒྱ་མོ་སྦྱིན་བདག་མང་ཙམ་དགོས་ན་དཀར་ཟས་ཟེར་བ་དེ་བསྟེན། དེང་གི་དཀར་ཟས་པ་དེ་ཚོ་ག་ལེ་ག་ལེར་རྒྱ་མོ་ཁྱོ་གས་གཡུགས་ཟིན་པ་རེའི་བརླ་བར་དུ་ལྷུང་འགྲོ་ནི་རེད། ཁོ་ཚོ་བཞག་ཞོག
རྒྱ་བླ་མང་པོ་ཞིག་གིས་རྒྱ་ལ་མཛའ་རུང་བོད་ལ་མི་མཛའ་བ་འདི་དག་བོད་ལ་བཙན་གྱིས་འགེལ་ཨེ་ཐུབ་ལྟ་བ་འདིའི་རྒྱབ་ལོག་ལ་གོ་རྒྱུ་ཆེན་པོ་ཞིག་མི་འདུག་གམ།