འཕྲོད་བྱེད་དབང་པོ།
༄༅།། ཨོ་རྒྱན་སྟོབས་རྒྱལ་གྱིས་ཏཱ་ལའི་བླ་མ་བསྟན་བཤིག་རེད་ཅེས་པ་སོགས་ཀྱི་གཏམ་རྙོག་ཅིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་པར་ཡ་མཚར་གང་ཡང་མ་བྱུང། རྒྱུ་མཚན་ནི་ས་སྐྱ་པཎ་ཆེན་གྱིས། བླུན་པོ་ལོག་པའི་ལམ་འགྲོ་ན། །བླུན་པོ་ཉིད་དུ་གོ་བས་ཆོག།།ཅེས་སོགས་གསུངས་པ་ལྟར་ཡིན་ལ། ལར་ནས་ཨོ་རྒྱན་སྟོབས་རྒྱལ་ནི་༸གོང་ས་མཆོག་གི་ཆོས་སྲིད་ཀྱི་མཛད་པ་ཀུན་ལ་ལྟ་ཚུལ་ལོག་སྟེ་རྒྱུན་དུ་དམའ་འབེབས་དང་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། ཁོའི་གཏམ་རྙོག་དེ་དག་ལ་འདིར་གང་ཡང་བཤད་འདོད་མེད།
འོན་ཀྱང་དེ་རིང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱི་མཚན་ཐོག་ནས་གསལ་བཤད་ལྟ་བུའི་ཡིག་ཆ་ཞིག་བཀྲམ་འདུག ཐོག་མར་ཡིག་ཆ་དེ་ཨོ་རྒྱན་སྟོབས་རྒྱལ་ཕྱོགས་གཏོགས་ཀྱི་རྫུན་བཟོ་བྱས་པ་ཞིག་ལས་ཆོས་རིག་ལས་ཁུངས་ཀྱི་ཡིག་ཆ་ངོ་མ་ཡིན་མི་སྲིད་སྙམ། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ཨོ་རྒྱན་སྟོབས་རྒྱལ་ཕྱོགས་གཏོགས་ཀྱི་རྫུན་བཟོ་བྱས་པ་ཞིག་ཡིན་ཚོད་མི་འདུག་པས། བཀའ་ཤག་དང་ཆོས་རིག་བཀའ་བློན་གྱི་གནང་ཕྱོགས་འདི་ལ་བློ་ཕམ་ཚད་མེད་བྱུང།
ད་ལྟའི་བཀའ་ཤག་འདི་ལ་ཆབ་སྲིད་སོགས་ཀྱི་ཐད་ནས་གྲུབ་འབྲས་དམིགས་བསལ་བ་གང་ཡང་ཐོན་གྱི་མེད་པར་ལེ་འདེད་བྱེད་འདོད་མེད་ལ། ༸གོང་ས་མཆོག་གི་བོད་ཆོལ་ཁ་གསུམ་གྱི་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་བའི་མཛད་རྗེས་བླ་ན་མེད་པ་དེ་ཡང་བཀའ་ཤག་འདིས་སྲན་ཕུང་དབྱུག་པས་གཏོར་བ་ལྟར་ཤུལ་མེད་ཀྱི་མཚམས་སུ་གྱར། སྔ་ཕྱིར་ལོ་རྒྱུས་ཀྱི་ནག་ཉེས་མཚམས་མ་ཆད་པར་བསགས་པ་དེ་དག་ལ་སྐྱོན་བརྗོད་བྱེད་མ་མྱོང་ལ་བྱེད་འདོད་ཀྱང་མེད། གང་ཡིན་ཟེར་ན་ད་ལྟའི་བཀའ་ཤག་འདི་མང་ཚོགས་ཀྱི་བསམ་བློར་ཉན་བསམ་བྱེད་པའི་གོམས་གཤིས་ཡོད་མཁན་ཞིག་མིན་པས་ཡིན།
བར་ལམ་ནས་བཀའ་ཤག་འདིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང། ཆེས་མཐོའི་ཁྲིམས་ཞིབ་ཁང་གཉིས་ལ་ཡང་ཚད་ལས་བརྒལ་བའི་སྣང་ཆུང་དང་གུས་མེད་ཞུས་ཏེ། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་ལ་གཏོར་བཅོམ་ཚབས་ཆེན་བཏང་དང་གཏོང་བཞིན་པར་མ་ཟད། ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མཚན་སྙན་ལ་ཕྲག་དོག་པ་ལྟ་བུས་རྒྱུན་དུ་ཟུར་ཟ་དང་དམའ་འབེབས་ཞུ་མཁན་ཨོ་རྒྱན་སྟོབས་རྒྱལ་ལྟ་བུའི་རིགས་ལ་དཔུང་གདང་སྦྲེལ་བའི་ངང་ཚུལ་ཇེ་གསལ་དུ་འགྲོ་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མཚན་སྙན་སྲུང་སྐྱོབ་ཞུ་དགོས་པ་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ཞིག་ཡིན་ངེས་ཀྱང། ཆོས་རིག་བཀའ་བློན་གྱིས་༸གོང་ས་མཆོག་གི་མཛད་འཕྲིན་དང་མཚན་སྙན་སྲུང་སྐྱོབ་ཞུ་རྒྱུའི་ལས་འགན་བསྐྱུར་ནས། མ་ཉེས་ཁག་གཡོགས་ཀྱིས་སྐྱོན་འཛུགས་བྱེད་མཁན་ཨོ་རྒྱན་སྟོབས་རྒྱལ་ལྟ་བུའི་རིགས་ལ་དག་འབུད་ཅི་ཐུབ་བྱེད་ཀྱི་འདུག་པ་ནི། བོད་མི་མང་གི་ངོས་ནས་གཏན་ནས་བཟོད་སྒོམ་བྱེད་མི་ཐུབ་པ་ཞིག་ཡིན།
ཆོས་རིག་བཀའ་བློན་གྱི་གསལ་བཤད་དུ། “སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས། རང་ལ་ཐུགས་ཚོར་གང་བྱུང་བ་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད།” ཅེས་ཟེར་ལུགས་ལ་བལྟས་ན་བཀའ་ཤག་དང་ཆོས་རིག་བཀའ་བློན་གྱིས། “གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པ་”དེ་ཨོ་རྒྱན་སྟོབས་རྒྱལ་ཁྱད་གྱི་ཆོས་སམ་གཟི་བརྗིད་ཅིག་ལ་ཚོར་གྱི་ཡོད་ཚོད། ཨོ་རྒྱན་སྟོབས་རྒྱལ་གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་“ཏཱ་ལའི་བླ་མ་བསྟན་བཤིག་”ཅེས་ཚད་ལས་བརྒལ་བའི་མཚན་སྨོད་ཞུ་བའི་སྐབས། བཀའ་ཤག་དང་ཆོས་རིག་བཀའ་བློན་གྱིས། “ཐུགས་ཚོར་གང་བྱུང་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད།” ཅེས་ཤིན་ཏུ་གུ་ཡངས་མདོག་བྱེད་ཀྱི་འདུག་ཀྱང། མང་ཚོགས་ཀྱིས་བཀའ་ཤག་དང། སྲིད་སྐྱོང། བཀའ་བློན་སྒེར་པ་ལ་སྐྱོན་བརྗོད་བྱེད་པའི་སྐབས། “ཐུགས་ཚོར་གང་བྱུང་ཞལ་ནས་ཐལ་བ་”རེད། ཅེས་དུས་ཐང་སྐར་ཆའི་ཡུན་ཙམ་ལ་ཡང་གུ་ཡངས་དང་བཟོད་བསྲན་བྱེད་ཐུབ་ཀྱི་ཨེ་ཡོད། སྲིད་སྐྱོང་དང། བཀའ་བློན། དྲུང་ཆེ་ཆུང། ས་གནས་གཞིས་འགོ་ཚུན་ཆད་མདུན་དུ་ཐོན་ནས་གནས་ལུགས་ཡོད་མེད་ལ་མ་ལྟོས་པར་ལན་འདེབས་དང་རང་ཉིད་དཀར་འདོན་ཇི་ལྟར་བྱེད་ཀྱི་ཡོད། ཨོ་རྒྱན་སྟོབས་རྒྱལ་གྱིས་ཐུགས་ཚོར་གང་བྱུང་ལྟར་༸གོང་ས་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨོད་ཞུས་ཆོག་ན། མང་ཚོགས་ཀྱིས་རང་གིས་གཞུང་ལ་ཤ་ཚས་སྐྱོན་བརྗོད་བྱེད་མི་ཆོག་པའི་གནས་ལུགས་ཤིག་གང་དུ་ཡོད།
ཨོ་རྒྱན་སྟོབས་རྒྱལ་གྱིས། ཏཱ་ལའི་བླ་མ་བསྟན་བཤིག་རེད་ཅེས་མཚན་སྨོད་ཞུས་པར། “རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད་”ན། མང་ཚོགས་ཀྱི། “བཀའ་ཤག་གིས་ལས་དོན་འཇོན་གྱི་མི་འདུག གྲོས་ཚོགས་ལ་གུས་མེད་བྱེད་ཀྱི་འདུག།ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་ཉམས་ལེན་ཚུལ་བཞིན་ཞུས་མ་སོང། ༸གོང་ས་མཆོག་གིས་དབུས་མི་ཐོག་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་འབྲས་བུ་བཀའ་ཤག་གིས་ཆུད་ཟོས་སུ་བཏང་སོང།” ཞེས་མང་ཚོགས་ཀྱིས་ཕན་སེམས་དང་ལྷག་བསམ་གྱི་ཐོག་ནས་དངོས་མཐོང་གི་སྐྱོན་གནད་སེམས་ཀྱིས་མ་བཟོད་པར་ཞུས་པའི་སྐབས། དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱེད་མཁན་དང། གཞུང་ལ་ངོ་རྒོལ་བྱེད་མཁན། དོལ་རྒྱལ་ཚོགས་པ་དང་ལག་འབྲེལ་བྱེད་མཁན། རྒྱ་ནག་གཞུང་གི་གསང་མྱུལ་བ་ཡིན་པ་ལྟ་བུའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཞན་ཞིག་ཡོད་པའི་ཡིད་ཆེས་དེ་ཁྱེད་ཚོར་གང་ནས་བྱུང་བ་ཡིན། ལར་ནས་ཆོས་རིག་བཀའ་བློན་ལ་ཨོ་རྒྱན་སྟོབས་རྒྱལ་དག་འབུད་དང་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་སུ་ཞིག་གིས་བསྐུར་བ་ཡིན་ནམ།
ཡང་བཀའ་བློན་གྱི་གསལ་བཤད་དུ། “༸གོང་ས་༸སྐྱབས་མགོན་ཆེནཔོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲ་བརྙན་བརྒྱུད་དབང་དང་བྱིན་རླབས་གནང་སྐབས་དྲ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུའང་མེད།” ཅེས་ཟེར། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གིས། “དབང་དང་རྗེས་གནང་བྱེད་པའི་སྐབས་དྲ་རྒྱའི་ནང་ནས་ཡུལ་ལུང་མང་པོ་ལ་འགྲོ་བསྡད་ཀྱི་ཡོད། དེར་བརྟེན་དེ་རིང་འདིར་ཡུལ་ལུང་འདྲ་མིན་ནས་དྲ་རྒྱའི་ཐོག་ནས་དོ་སྣང་བྱས་ཏེ་ཉན་མཁན་ཡོད་པ་ཡིན་དུས། བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་སེམས་ཀྱི་འདུན་པའི་ཤུགས་དང། དད་པ་ཅན་ཕྱོགས་དང་མཚམས་སུ་འཁོད་པ་མི་རིགས་འདྲ་མིན། ཡུལ་ལུང་འདྲ་མིན་ཁྱེད་རང་ཚོས་བསམ་བློའི་འདུན་པ་རྩེ་གཅིག་གི་ཐོག་ནས་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་དགེ་སློང་བསྒྲུབ་སར་དངོས་སུ་ཡོང་མ་ཐུབ་མཁན་ཚོ་ལ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཡོང་གི་ཡོད། དེ་རིང་ཁ་སང་རླུང་འཕྲིན་གྱི་ཐོག་ནས་ས་ཆ་ཉེ་འགྱངས་མེད་པར་ཁྱབ་ཡོད་པ་ཡིན་དུས། ཁྱེད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་པ་དད་པ་ཅན་ཁྱེད་རང་ཚོ་ཚང་མ་ལ་དབང་དང་བྱིན་རླབས་ཐོབ་ཀྱི་རེད།” ཅེས་ཞལ་གསལ་པོས་གསུངས་པར་ཁྱེད་ཚོས་བསྙོན་རྒོལ་ཇི་ལྟར་བྱེད།
ཡང་བཀའ་བློན་གྱི་གསལ་བཤད་དུ། “གསང་སྔགས་ཁྲོམ་བསྒྲགས་མི་བྱེད་པའི་གསང་སྔགས་ཀྱི་དམ་ཚིག་ཡོད་པ་བདེན་ནའང། དེ་དག་ཐད་དུས་རབས་མང་པོའི་སྔོན་རོལ་ནས་འགལ་འཛོལ་ཉམས་ཆ་ཅི་ཆེར་སོང་ཟིན་ཡོད་པ་དང། དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད་པ་གོར་མ་ཆག འོན་ཀྱང་དེ་དག་གི་ལེ་ཁག་དང་ཉེས་འགན་ཐམས་ཅད་ད་ལྟའི་བསྟན་བདག་རྣམ་པར་དཀྲི་རྒྱུ་ནི་ལོ་རྒྱུས་དང་རྒྱུ་མཚན་གནས་སྟངས་གང་ལ་གཞིགས་ཀྱང་འོས་འཚམས་ཤིག་རྩ་བ་ནས་མིན།” ཞེས་ཟེར། བཀའ་བློན་ལགས་ཁྱེད་ཀྱིས་གདངས་གང་འདྲ་ཞིག་གཏོང་འདོད་ཀྱི་ཡོད། ཁྱེད་ཚོའི་ཡིག་ཕྲེང་དེ་དག་གི་བཤད་དོན་གནད་དྲིལ་ན། ༸གོང་ས་མཆོག་གིས་དབུས་ད་ལྟའི་བསྟན་བདག་བླ་ཆེན་རྣམས་ཀྱིས་གསང་སྔགས་ཁྲོམ་བསྒྲགས་གནང་གི་ཡོད་པར་མ་ཟད། སྔོན་བྱོན་སྐྱེས་བུ་མང་པོ་ཞིག་གིས་ཀྱང་ཁོང་ཚོ་དང་འདྲ་བར་གསང་སྔགས་ཁྲོམ་བསྒྲགས་གནང་ཡོད་པས། “དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད།” ཅེས་པ་འདི་ཡིན། མཐར་གཏུགས་ན་ཨོ་རྒྱན་སྟོབས་རྒྱལ་དང་ཁྱེད་ཚོའི་སྐད་ཆ་གནད་གཅིག་ཏུ་འབབ་ཀྱི་མི་འདུག་གམ། དེར་བརྟེན་གསལ་བཤད་དུ་བསྙད་པའི་ཡིག་ཕྲེང་སྔ་ཕྱི་འདི་དག་བཀའ་ཤག་དང་གྲོས་བསྡུར་བྱས་ཡོད་ངེས་ལ། སྲིད་སྐྱོང་གི་དགོངས་པའི་རྒྱ་ལས་མ་བརྒལ་བ་ཞིག་ཡིན་ངེས་པས། བཀའ་ཤག་དང། སྲིད་སྐྱོང། ཆོས་རིག་བཀའ་བློན་བཅས་ཀྱི་ངོས་ནས་བྱ་སྤྱོད་ནོར་འཁྲུལ་ཅན་འདིའི་ཐད་བོད་མི་མང་ལ་དགོངས་དག་ཞུ་དགོས་ཀྱི་ཡོད།
ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༥ ཚེས་ ༢༦ གི་མཚན་མོར་འཕྲལ་མར་བྲིས།
ཧ་ཅང་བདེན་ཐ ཡག་པོ་བྲིས་འདུག བཀའ་དྲིན་ཆེ
གང་བྲིས་རྣམས་བདེན་པ་རེད།
དམ་ཉམས་ཨོ་རྒྱན་སྟོབས་རྒྱལ་ཟེར་བར་ཆེ་མཐོང་སྤྲོད་མཁན་ནི་༧གོང་ས་མཆོག་ལ་ཕྲག་དོག་བྱེད་མཁན་ཚོ་ཡིན་ལ། ཁོ་པ་ནི་ཕྲག་དོག་གི་འགོ་པ་ལྟ་བུ་ཞིག་ཡིན་པ་བསམ་ཡོད་ཚང་མས་ཤེས། ཁོ་པ་སྤྱི་འཐུས་སུ་བསྐོ་མཁན་ཡང་ཕྲག་དོག་པ་རྣམས་རེད། བར་ལམ་ཁ་མཆུ་ཨང་ཉི་ཤུ་པའི་རྗེས་སུ་༧གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་སའི་གོ་སྐབས་ཤིག་འཚོལ་བཞིན་ཡོད་པ་རེད། ད་རེས་སློབ་བཟང་བཀ་འ་ཤག་གིས་ཁོ་པར་རྒྱབ་སྐྱོར་བྱེད་དོན་ཡང་དེ་ལ་ཐུག་ཡོད། དབང་ཐོབ་དང་མི་ཐོབ་ཅེས་པ་ནི། དབང་དོན་རྒྱུད་ལ་སྐྱེས་དང་མ་སྐྱེས་ལ་བྱེད་པ་ལས་མཚན་མ་རྫས་ཀྱིས་མགོ་ལ་རེག་མ་རེག་ལ་མི་མཛད་པ་དམ་པ་ཀུན་གྱི་ལུགས་ཡིན། དབང་དོན་རྒྱུད་ལ་སྐྱེ་ན་བརྙན་འཕྲིན་བརྒྱུད་ནས་བསྩལ་ཀྱང་སྐྱོན་ཅི་ཡོད། དབང་དོན་རྒྱུད་ལ་མི་སྐྱེ་ན་ནི། དབང་གྲལ་མཐོན་པོར་འཁོད་དེ་དབང་རྫས་མགོ་བོ་ན་ན་ཞུས་ཀྱང་ཅི་ཕན།
༸གོང་ས་མཆོག་གི་བོད་ཆོལ་ཁ་གསུམ་གྱི་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་བའི་མཛད་རྗེས་བླ་ན་མེད་པ་དེ་ཡང་བཀའ་ཤག་འདིས་སྲན་ཕུང་དབྱུག་པས་གཏོར་བ་ལྟར་ཤུལ་མེད་ཀྱི་མཚམས་སུ་གྱར། ཅེས་པའི་བརྗོད་ཚིག་འདི་དོན་ལ་ཧ་ཅང་འཚམ། གཡུ་ཐོག་ཀརྨ་དགེ་ལེགས་མུ་མཐུད་ནས་ཆོས་རིག་བཀའ་བློན་གྱིས་ཐུགས་འགན་བཞེས་པའི་མཚན་ཉིད་ཅིག་ཚང་འདུག་གམ། ༧གོང་ས་མཆོག་གིས་དྲིན་གྱིས་བསྐྱངས་པའི་བླ་ཆེན་དང་མི་ཆེན། ཚོགས་པ་སྐྱིད་སྡུག་ཐམས་ཅད་ཞལ་བཙུམས་ནས་བཞུགས་འདུག་པ་ནི་ཧ་ཅང་གི་ཡ་མཚན་རེད། ད་ཐེངས་དྲང་བདེན་ལ་དགའ་བ་དང་དྲིན་བྱས་དྲིན་དུ་ཚོར་མཁན་གྱི་ཆོལ་ཁ་གསུམ་ཁོངས་ནས་ཤེས་ཡོན་པ་མང་པོ་ཞིག་གཅིག་རྗེས་གཅིག་ལ་མཐུད་ནས་སྐྱོན་བརྗོད་དང་བསམ་ཚུལ་གསུངས་པར་རྗེས་སུ་ཡིད་རང་ཡོད་ལ། དབུས་གཙང་གི་ཤེས་ཡོན་པའི་སྡེ་ལ་དཔའ་བློ་ཁོག་ལྡན་པའི་ཁྱད་ཆོས་དེ་ཕྱིར་མངོན་སོང་བསམ།
ད་དུང་གཅིག་བརྗོད་ན། ༧གོང་ས་མཆོག་གིས་དབུས་བསྟན་བདག་བླ་ཆེན་རྣམས་ཀྱིས་བཀའ་དབང་དང་གསུང་ཆོས་བརྙན་འཕྲིན་ཐོག་གནང་ན། ཨོ་རྒྱན་སྟོབས་རྒྱལ་ལྟ་བུའི་བླ་རྫུན་ལོག་པའི་བཤེས་གཉེན་རྣམས་ལ་ཆོས་བཙོང་ཏེ་དབང་ཡོན་ཞེས་པ་ལེན་རྒྱའི་གོ་སྐབས་བརླག་དོགས་ཀྱི་སེམས་ཁྲལ་བྱུང་བ་ཡིན་པ་ཐག་གིས་ཆོད།
ད་ཡིན་ན་དངོས་གནས་སྲིད་སྐྱོང་གཙོས་བཀའ་བློན་རྣམས་ཐུགས་སེམས་ཡག་པོ་བཞེས་ན་ཡག་ས་རེད། དེ་མ་གཏོགས་བོད་མི་སྦར་བ་གང་དེ་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་པ་ཆགས་ས་རེད་དོ། ཁྱེད་ཚོ་ཁ་བཙུམ་ནས་མ་བསྡད། ཆོས་རིགས་བཀའ་བློན་གྱི་ལན་འདེབས་དེར་ང་ཚོ་བོད་མི་མང་པོ་བློ་ཕམ་གྱི་རང་བཞིན་དུ་འགྱུར་སོང་།
ཆོས་རིགས་བཀའ་བློན་དེ་༸གོང་ས་མཆོག་ལ་བསྐུར་འདེབས་ཞུས་མཁན་ལ་དེ་འདྲ་བཟོད་བསན་གནང་དགོས་དོན་ཅི་ཡིན་ནམ། སྲིད་སྐྱིང་གི་སྣོན་ཤུགས་སྤྲད་ཡོད་དམ། སྲིད་སྐྱོང་ཁོ་གང་ཡང་མ་ཤེས་མཁན་ཞིག་ལ་ཆོས་རིགས་བཀའ་བློན་གྲྭ་རྒན་ཞིག་གི་དེ་འདྲ།
ཨོ་རྒྱན་སྟོབས་རྒྱལ་ནི་ཁོག་སྟོད་ལ་སྡོམ་པ་མེད། ཁོག་སྨད་ལ་ཤེས་ཡོན་མེད། ཆོས་ལུགས་ཀྱི་ཕྲག་དོག་ཆེ་ལ་ཆོལ་ཁའི་ཕྲག་དོག་ཀྱང་དེ་བཞིན་ཆེ་བའི་མི་ཞིག་རེད། ཁོས་རང་གི་ཆོས་ལུགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་ཏུ་བཤད་པའི་སྐད་ཆ་ཞིག་དེ་སྔོན་གོ་མྱོང། ངོ་མ་ཕྲག་དོག་གིས་རྒྱུད་བརླན་པའི་མི་བུ་ཞིག་རེད་འདུག་བསམ་བྱུང། ཨོ་སྟོབས་དང་ཨ་རིའི་སྲིད་འཛིན་ཁྲོམ་སོགས་ཀྱི་སྐད་ཆ་ལ་ཉན་འཇོག་མ་བྱས་ན་བཟང། ར་རོ་བས་སྐད་ཆ་བཤད་སྟངས་ནང་བཞིན་རེད། དེ་ལས་རྣ་རྒྱབ་ཀྱི་དྲི་རླུང་བཞིན་སྣང་མེད་དུ་གཡུགས་ན་ཡག་གི་རེད།
ཤིན་ཏུ་ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ། སྐབས་འདིར་རྩོམ་པ་པོ་དང་ཤེས་ཡོན་ཅན་ཡིན་ཟེར་མཁན་ཚོ་ཞལ་བཙུམ་ནས་བཞུགས་མི་རུང་། སྤྱི་ཚོགས་ལ་སྣེ་ཁྲིད་ལ་༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་དང་དེ་ལ་རྒྱབ་དཔུང་བྱ་མཁན་གཉིས་ཀ་ཐེར་འདོན་བྱ་དགོས། ཁོ་ཚོ་འདི་ལྟར་བཞག་ན་མ་འོངས་པར་ཚོད་མེད་པའི་བྱ་ངན་སྣ་ཚོགས་རྩོམ་རྒྱུ་ཡིན་པ་ལྷང་ལ་བུད།
ད་ཐེངས་ཀྱི་རྙོག་དྲ་འདི་གཡས་འཐེན་གཡོན་འཐེན་རྩ་བ་ནས་བྱེད་རྒྱུ་མེད་སྐྱ་མིན་སེར་མིན་གྱི་སྡོམ་ཤོར་དེ་རང་མ་གཏོགས་གཞན་ཆོས་བརྒྱུད་དང་ཆོལ་ཁ་ཟེར་ས་ཡེ་མེད་ཚང་མ་གཞི་གཅིག་ལ་བབ་དགོས་རྒྱུ་ཧ་ཅང་གལ་ཆེ། འདི་ལྟ་བུ་ཞིག་ལ་ང་ཚོ་གཞུང་མང་གཉིས་ཆ་མཉམ་རུབ་བྱ་མ་ཐུབ་ཚེ་ཚར་སོང་རེད།
གསང་སྔགས་ཀྱི་དབང་གི་སྐབས་ནས་བཤད་པ་ཇི་བཞིན་དགོས་ན། ཕྱི་ནང་གསང་བ་ཡང་གསང་གི་དབང་བསྐུར་སྐབས་སུ་སློབ་མའི་གྲངས་ཚད་ཡོད་པས། དེས་ན་དྲྭ་རྒྱའི་མ་ཚད་ནམ་རྒྱུན་དབང་བསྐུར་སྐབས་ཀྱང་དེ་ལྟར་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། རྫོགས་ཆེན་གྱི་གདམས་པ་གནང་སྐབས་ཀྱང་སློབ་མའི་སྣོད་བརྟགས་རྗེས་གདམས་ངག་བཤད་ཆོག་པ་ལས། བརྟག་པ་གང་ཡང་མ་བྱས་པར་གདམས་ངག་བཤད་རྐྱང་བྱེད་མི་ཆོག་པས། ད་ལྟའི་སྐབས་སུ་དེ་ལྟར་ལག་ལེན་བྱེད་ཀྱི་ཡོད་དམ། ཨོ་སྟོབས་ལགས།
རྒྱ་ཞིང་མྱི་དཀར། ཁྱེད་ཐུགས་རྒྱ་ཆེ། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
ཡ་ད་ཚང་མས་འདི་ལ་གཅིག་ཉོན་དང་མཉན་རྒྱུ་ཡོད་ཀི། https://www.youtube.com/watch?v=Ti8-552Q6as
ཀླུ་མཁར་བྱམས་ངོ་མ་དེ་འདི་རེད།
https://youtu.be/BNf01Y-Hzh0
རྒྱ་དཀར་ནག་གཉིས་བོད་དང་རྒྱ་གར་ས་མཚམས་སུ་གདོང་ཐུག་དྲག་པོ་བྱུང་ནས་རྒྱ་གར་གྱི་དམག་མི་༢༠རྒྱ་ནག་གི་དམག་མིས་བསད་རྗེས། རྒྱ་ནག་གིས་ལ་དྭགས་ཀྱི་ཕྱོགས་སུ་དམག་མི་དང་ལྕགས་ཁྲབ་འཁོར་ལོ་གྲངས་མེད་པ་ཞིག་སྐྱེལ་བཞིན་འདུག རྒྱ་སྐད་ཤེས་མཁན་ཡོད་ཚེ་བརྙན་འདི་ལ་ལྟོས་དང་། བརྙན་འདི་རྒྱ་མི་ཡུལ་སྐོར་བ་འགས་གསང་བའི་སྒོ་ནས་བརྙན་ལེན་བྱས་པ་ཞིག་རེད་འདུག རྒྱ་མི་དེ་ཚོ་མ་རབས་དཔེ་འདུག ཁོ་ཚོས་བཤད་ན་ད་ལན་རྒྱ་ནག་གིས་རྒྱ་གར་རྒྱལ་ས་རྡི་ལི་བར་དུ་དམག་བརྒྱག་དགོས་རེད། དེ་འདྲ་བྱས་ནས་རྗེས་མ་ང་ཚོ་རྒྱ་གར་དུ་འགྲོ་དུས་ཐོངས་མཆན་ཞུ་དགོས་ཀྱི་རེད། གང་འདོད་ཀྱིས་སོང་ན་ཆོག་ཟེར།China: Military vehicles on the move in Lhadak region after deadly clashes with India https://youtu.be/kGGT9z2UIXw
༄༅།། ད་ལྟ་གཡུ་ཐོག་གི་གནས་ཚུལ་གང་འདྲ་ཆགས་ཡོད་པ་རེད་དམ།