དཔལ་ལྡན། (རྡ་ས)
ཨོ་རྒྱན་སྟོབས་རྒྱལ་ནི་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་མཁན་དེ་འདྲ་གང་ཡང་མ་རེད། དེ་བཞིན་ཁོའི་སྐད་ཆ་ལ་ཆ་འཇོག་བྱེད་མཁན་ཡང་དེ་མཚུངས་ཙམ་ལས་མེད། དེར་བརྟེན། ཁོའི་སྐད་ཆ་ལ་ཆ་འཇོག་བྱེད་རིན་དང་གླེང་རིན་ཡོད་པར་ཡང་མཐོང་གི་མེད། གླེང་བའི་རིན་ཐང་མེད་པ་རེད།
ཡིན་ནའང་། གཡུ་ཐོག་ཀརྨ་དགེ་ལེགས་ཟེར་བས་ཁོ་རང་བཀའ་བློན་སྒེར་གྱི་གསལ་བཤད་ཡིན་མདོག་དང་། ད་དུང་བཀའ་ཤག་ལ་འདི་ལས་ལྷག་པའི་གནས་ལུགས་བཤད་རྒྱུ་ཡོད་མདོག་གི་ཡི་གེ་ཞིག་སྤེལ་འདུག དེ་ནི་ཧ་ཅང་མ་འོས་པ་ཞིག་རེད། ཁོ་པས་རང་ཉིད་ཀྱི་གསལ་བཤད་དེ་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་གི་གསལ་བཤད་མ་རེད་ལབ་འདུག་སྟེ། བཀའ་བློན་གྱི་མིང་དང་ལས་ཤོག་སྤྱད་ཡོད་པ་དང་། (ཡིག་ཨང་། ཆོས་རིག སྤྱིར་ ༡༩ ༢༠༢༠་་་༢༡།་༤༥) ཞེས་གཞུང་འབྲེལ་ཡིག་ཁོངས་སུ་ཡོད་པ་གསལ་སྟབས། དེ་རང་བཞིན་གྱིས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་གཉིས་ཀར་འབྲེལ་བ་ཆགས་ཡོད་པར་ངོས་འཛིན་དགོས་པ་ལས། ཆོས་རིག་ལས་ཁུངས་དང་བཀའ་བློན་གྱི་བསམ་ཚུལ་འདི་ཡིན། གཞན་པ་ཚོ་དང་འབྲེལ་བ་མེད་ཅེས་ལབ་སྟངས་ཤིག་ཡོང་ས་མེད་པ་རེད། ཆོས་རིག་བཀའ་བློན་གྱི་མིང་ཐོག་ནས་སྤེལ་ཚར་བའི་རྗེས་ལ། དེ་ལ་འགྲེལ་བཤད་དེ་རིགས་ཀྱིས་དག་སེལ་བྱེད་ས་ཡོད་པ་མ་རེད། འོ་ན། ཀརྨ་དགེ་ལེགས་ཀྱིས་ཡང་སྙིང་ག་རེ་བཤད་ཡོད་དམ་ཟེར་ན། ང་ཚོས་དབྱེ་ཞིབ་ཅིག་བྱ།
༡༽ ཀརྨ་དགེ་ལེགས་ཀྱིས།
“སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྲྭ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་དབང་ཆེན་སྩལ་རྒྱུ་དཔེ་མཚོན་དུ་བཟུང་ནས་བླ་ཆེན་རྣམ་པས་དྲྭ་ལམ་དང་བརྙན་འཕྲིན་བརྒྱུད་ནས་གསང་སྔགས་ཀྱི་དབང་དང་བྱིན་རླབས་གནང་ལམ་འཇགས་པ་དེ་དག་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་ངེས་ཚུལ་གསུང་འདུག་པར་གནས་ལུགས་གསལ་བཤད་སྙིང་བསྡུས་ཤིག་མང་ཚོགས་ཀྱི་ཆེད་དུ་འགོད་གལ་མཐོང་།”
ཞེས་ཨོ་རྒྱན་སྟོབས་རྒྱལ་གྱི་སྐད་ཆ་ལ་གནས་ལུགས་ཡོད་པ་དང་། དེ་ཚུལ་ཁོ་བོ་ཆོས་རིག་བཀའ་བློན་ནས་གསལ་བཤད་སྙིང་བསྡུས་ཤིག་འགོད་གལ་དུ་མཐོང་ཞེས་ཟེར། ཆོས་རིག་བཀའ་བློན་གྱི་ལས་འགན་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ལ་མཚད་སྨད་ཞུ་མཁན་ཚོ་དཀར་འདོན་དང་། དེ་དག་ལ་རྒྱབ་རྩ་བྱེད་པ། དེ་དག་ལ་ཡི་རང་བྱེད་པ་དེ་ཨེ་རེད། སྔོན་བསྐལ་པ་བཟང་པོའི་དུས་ལ་ནི་དེ་འདྲ་མ་རེད། ད་ཆ་དེ་འདྲར་འགྱུར་བ་སོང་ཡོད་པ་འདྲ་འདུག
༢༽ ཀརྨ་དགེ་ལེགས་ཀྱིས།
“ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཅི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས། རང་ལ་ཐུགས་ཚོར་གང་བྱུང་བ་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད།”
ཅེས་ཟེར། ༸གོང་ས་མཆོག་ལ་མཚད་སྨད་ཞུས་པ་ཞིག་ཡིན་པ་ཤེས་བཞིན་དུ་དེར་རྒོལ་བ་རྩོམ་པ་དང་སྐྱོན་གནད་ཐེར་འདོན་བྱེད་པ་ལས་ལྡོག་སྟེ། དེ་ནི་ཁོ་པས་ཁ་ནས་བཤད་པ་ཙམ་ལས། ཡིད་ཀྱི་རྒུ་ན་མཚད་སྨད་ཞུ་སེམས་ཡོད་པ་མ་རེད་ཅེས་པ་ལྟ་བུ་དང་། དེ་འདྲ་ཞིག་ཁ་ནས་ཤོར་བ་ཙམ་ལས་རྒྱབ་ལྗོངས་གཞན་པ་ཞིག་ཡོད་པར་ཡིད་ཆེས་མེད་ཅེས་རྒྱབ་ལྗོངས་གཞན་པ་ཡོད་པར་ངོས་ལེན་མེད་ཟེར་གྱི་ཡོད་པ་རེད། ཆོས་རིག་ལས་ཁུངས་དང་ཆོས་རིག་བཀའ་བློན་གྱི་ལས་འགན་ནི་དངོས་ཡོད་གནས་སྟངས་ལ་ལོག་འགྲེལ་དང་། མང་ཚོགས་ནང་ཆེད་དུ་འཁྲུག་ཐེབས་པ་བྱ་རྒྱུ་དེ་ཨེ་རེད། མང་ཚོགས་ནང་བོད་མིའི་སྒྲིག་འཛུགས་འདི་ཡིད་ཆེས་བློ་གཏད་རུང་བའི་སྒྲིག་འཛུགས་ཤིག་མིན་པའི་བག་ཆགས་འཇོག་རྒྱུ་དེ་ཨེ་རེད། བླ་སློབ་དབར་དང་གཞུང་མང་དབར་འགལ་ཟླ་བཟོ་རྒྱུ་དེ་ཨེ་རེད། ད་ནི་གནད་ཡོད་མི་སྣ་ཡིན་ཟེར་མཁན་ཚོའི་གནང་སྟངས་གནང་ལུགས་ཀྱིས་ང་ཚོའི་སྒྲིག་འཛུགས་ཀྱི་གཟི་བརྗིད་རྦད་དེ་ཉམས་དམས་གཏོང་གི་ཡོད་པའི་ཚོར་སྣང་སྟེར་གྱི་འདུག
༣༽ ཀརྨ་དགེ་ལེགས་ཀྱིས།
“༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲྭ་བརྙན་བརྒྱུད་དབང་དང་བྱིན་རླབས་རིགས་གནང་སྐབས་དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུ་འང་བྱུང་མེད།”
ཅེས་ཟེར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ 2020 ཟླ་བ་ 1 ཚེས་ 4 ཉིན་གནས་མཆོག་རྡོ་རྗེ་གདན་ནས།
“ངོས་ནས་འདི་གར། དབང་དང་རྗེས་གནང་དེ་འདྲ་བྱེད་པའི་སྐབས་ལ། དྲ་རྒྱའི་ནང་ནས་ཡུལ་ལུང་མང་པོ་ལ་འགྲོ་སྡོད་ཀྱི་ཡོད་པ་རེད། བྱས་ཙང། དེ་འདྲ་ཡིན་དུས། དེ་རིང་འདི་གར་ཡུལ་ལུང་འདྲ་མི་འདྲ་ནས་དྲ་རྒྱའི་ཐོག་ལ་དོ་སྣང་འདྲ་པོ་བྱས་ནས་ཉན་སྡོད་པ་ཡོད་པ་ཡིན་དུས་ཙ་ནས། གང་ལྟར་བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་ཕན་སེམས་ཀྱི་འདུན་པའི་ཤུགས་དང་། ཁྱེད་རང་དད་པ་ཅན་ཕྱོགས་དང་མཚམས་ལ་འཁོད་བསྡད་མཁན་མི་རིགས་འདྲ་མི་འདྲ་ཡུལ་ལུང་འདྲ་མི་འདྲ་ཁྱེད་རང་ཚོས་ཀྱང་བསམ་བློ་དེ་འདུན་པ་རྩེ་གཅིག་པའི་ཐོག་ནས་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་ཁ་ཐུག་ལའང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཟེར་བ་ཞིག་གནང་གི་ཡོད་པ་རེད། ཕ་གིར་དགག་བྱ་འདྲ་པོ་དེ་འདྲ་ཡོད་བྱས། ཚུར་བསྙེན་སྒྲུབ་སར་ཡོང་མ་ཐུབ་པ་དེ་ཚོའི་གྲས་ལ། དེ་དུས་ཁ་པར་སོགས་ནི་ཡོད་པ་མ་རེད། དགའ་རབས་འགོར་གི་ཡོད་ཀྱི་རེད་མ་གཏོགས། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་རིང་ཁ་སང་གང་ལྟར་རླུང་འཕྲིན་གྱི་ཐོག་ནས་ས་ཆར་ཉེ་རྒྱང་ཧ་ལམ་མེད་བསྡད་པ་ཞིག་གིས་ཁྱབ་བསྡད་ཡོད་དུས། ཁྱེད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་བསྡད་མཁན་དད་པ་ཅན་ཁྱེད་རང་ཚོ་ཚང་མར་དབང་དང་བྱིན་རླབས་དེ་ཚོའི་གྲས་ཐོབ་ཀི་རེད། ངས་ཀྱང་དེ་ལུགས་སྨོན་ལམ་བརྒྱབ་ཀི་ཡོད། གང་ལྟར། སྔར་བཅོམ་ལྡན་འདས་ཞལ་བཞུགས་པའི་ཁ་ཐུག་ལ་འདུལ་བའི་ལག་ལེན་ཏོག་ཙམ་ཞིབ་ཚགས་པོ་འདྲ་ཞིག་ཡོད་པ་རེད། དེ་ལ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་ཟེར་དུས་ཙ་ནས། ད་རེས་འདིར་དག་སྣང་གི་ཆོས་སྐོར་ཕལ་ཆེར་རེད། སྔགས་བླ་མེད་དང་འབྲེལ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། ཁྱེད་རང་ཚོར་དབང་དང་བྱིན་རླབས་དེ་ཚོའི་གྲས་ངེས་པར་དུ་འཐོབ་ཀི་རེད། དེ་ལུགས་ཀྱི་བསམ་བློ་ཐོངས་ཤོག་ཨ།”
ཞེས་གསུངས་ཡོད། དེ་དུས་ཕལ་ཆེར་གཡུ་ཐོག་ཀརྨ་དགེ་ལེགས་ཁྱེད་རང་ཡང་དེར་ཡོད་ངེས། ཡང་ན། ཁྱེད་རང་གིས་དེ་གོ་ཡོད་ངེས། དེ་ལྟར་ནའང་། ད་ཆ་༸གོང་ས་མཆོག་གི་བཀའ་དགོངས་ལ་གྱེན་ཟློག་ངོ་ལོག་གི་བྱ་བྱེད་འདི་འདྲ་ནི་བསམ་པའི་ཡུལ་ལས་འདས་པ་ཞིག་རེད།
ད་ནི་མང་པོ་བཤད་འདོད་མེད། ད་ལྟའི་བཀའ་ཤག་དང་། བཀའ་བློན་ཚོས་ཡང་སྙིང་ལས་འགན་ཅི་ཞིག་སྒྲུབ་ཀྱི་ཡོད་པ་རེད། མཚན་སྨད་ཞུ་མཁན་ལ་དག་སེལ་དང་དཀར་འདོན་བསྔགས་བརྗོད་ལྟ་བུ་བྱེད་པ་དང་། ཤེས་བཞིན་བསམ་བཞིན་དུ་བཀའ་དགོངས་ལ་ལོག་འགྲེལ་བྱེད་པ་འདི་རིགས་བརྒྱ་ལ་ཡོང་ཤེས་སྟངས་མེད་པ་ཞིག་རེད་དེ། ད་ཆ་ནི་སྔར་སྲོལ་བཟང་པོ་དག་རིམ་པས་ཉམས་པར་གྱུར། མི་འགྲོའི་ཆ་ནས་ཀྱང་ཟད་མཐར་ཐུག་པའི་སྐབས་འདིར། ལེགས་བཅོས་ཀྱི་རེ་བ་ཞུ་བསམ་པ་མེད་དེ། འདི་འདྲ་མ་གནང་ཆོག་ཨང་བསམ་པ་ཡོང་གི་འདུག
མདོར་ན། མཚན་སྨད་ཞུ་མཁན་དག་དགའ་དགོས་པ་ཞིག་བྱས་པ་ཡིན་ན། དེ་འགྲིག་པ་ཞིག་ཏུ་མཐོང་གི་འདུག་གམ། བོད་མི་མང་གི་སེམས་ལ་ཕོག་འགྲོ་བ་ཞིག་གནང་བཞག་ན། དེ་འགྲིག་པ་ཞིག་ཏུ་མཐོང་གི་འདུག་གམ། ད་ནི་བཤད་ཀྱང་ཤེས་ཀྱི་མི་འདུག
ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་“སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས། རང་ལ་ཐུགས་ཚོར་གང་བྱུང་བ་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད།”ཅེས་དང་༸གོང་ས་མཆོག་གིས་དབུས་ད་ལྟའི་བསྟན་བདག་བླ་ཆེན་རྣམས་ཀྱིས་གསང་སྔགས་ཁྲོམ་བསྒྲགས་གནང་གི་ཡོད་པར་མ་ཟད། སྔོན་བྱོན་སྐྱེས་བུ་མང་པོ་ཞིག་གིས་ཀྱང་ཁོང་ཚོ་དང་འདྲ་བར་གསང་སྔགས་ཁྲོམ་བསྒྲགས་གནང་ཡོད་པས། “དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད།” ཅེས་པ་འདི་ཡིན།
་་་་་་་མཚན་སྨད་ཞུ་མཁན་དག་དགའ་དགོས་པ་ཞིག་བྱས་པ་ཡིན་ན། དེ་འགྲིག་པ་ཞིག་ཏུ་མཐོང་གི་འདུག་གམ། བོད་མི་མང་གི་སེམས་ལ་ཕོག་འགྲོ་བ་ཞིག་གནང་བཞག་ན། དེ་འགྲིག་པ་ཞིག་ཏུ་མཐོང་གི་འདུག་གམ།་་་་་་་་་
སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས། རང་ལ་ཐུགས་ཚོར་གང་བྱུང་བ་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད།”ཅེས་དང་༸གོང་ས་མཆོག་གིས་དབུས་ད་ལྟའི་བསྟན་བདག་བླ་ཆེན་རྣམས་ཀྱིས་གསང་སྔགས་ཁྲོམ་བསྒྲགས་གནང་གི་ཡོད་པར་མ་ཟད། སྔོན་བྱོན་སྐྱེས་བུ་མང་པོ་ཞིག་གིས་ཀྱང་ཁོང་ཚོ་དང་འདྲ་བར་གསང་སྔགས་ཁྲོམ་བསྒྲགས་གནང་ཡོད་པས། “དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད།”ཅེས་བརྗོད་མཁན་དེ་སློབ་བཟང་སངས་རྒྱས་བཀའ་ཤག་མིན་པར་གཡུ་ཐོག་ཀརྨ་དགེ་ལེགས་སྒེར་གྱི་ཡིན་ན་ནག་ཉེས་ཚབས་ཆེ་བསགས་འདུག་པས་བཀའ་བློན་ནས་ཕྱིར་འབུད་དང་སྦྲེལ་བཀའ་ཤག་གིས་ཨྱོ་རྒྱན་སྟོབས་རྒྱས་ལ་སྡིག་ཆེན་ཡན་པོར་མི་འགྲོ་བའི་བཀོད་པ་ཚ་ནན་གཏོང་དགོས་ཡོད།
གསང་སྔགས་གསང་ནས་སྤྱོད་་པ་ཞེས་པ་ནི། ཐེག་པ་དམན་པ་དང་ལོག་ལྟ་ཅན་ལ་གསང་གསུངས་པ་ལས་ཐེག་ཆེན་ནང་ཁུལ་གསང་དགོས་གསུངས་པ་མེད། རང་རེ་བོད་དུ་དར་པའི་ཆོས་ནི་ཐེག་ཆེན་ཁོ་ན་ཡིན། ཐེག་དམན་གྱི་བསྟན་པ་ནི་བོད་ན་ནུབ་ནས་མེད་ཅེས་ས་པཎ་གསུངས། དེང་དབང་ཞུ་མཁན་ཡོད་ཚད་ཐེག་ཆེན་དབང་པོ་ཡང་རབ་ཏུ་བརྩིས་་ནས་གནང་གི་ཡོད། དེ་རྣམས་ཀྱིས་་དབང་དོན་རྒྱུད་ལ་སྐྱེས་ན་དབང་ཐོབ་པའི་ཚད་དུ་བཞེད། དབང་དོན་རྒྱུད་ལ་སྐྱེས་ན་ནི་གསང་བ་ཁྲོམས་བསྒྲགས་དུ་ཅི་ལ་གྱུར། ་ དབང་དོན་རྒྱུད་ལ་མ་སྐྱེས་ན་ནི་དབང་མ་གོ་མ་ཐོབ་པ་ཡིན་པས་མ་གསང་ཡང་རང་གསང་ཡིན། སྤྱིར་དུས་ངན་སྙིགས་མའི་མཐའ་ལ་ཐུག་པས། ཆོས་ལ་དད་པ་བྱེད་མཁན་དཀོན་པས་དད་པ་སྣ་གཅིག་སྐྱེས་ཀྱང་། བསོད་ནམས་དཔག་མེད་བྱུང་གི་ཡོད་སྟབས་དད་པས་ཀུན་ནས་བླངས་ཏེ་དབང་ཞུ་མཁན་ཡོད་ཚད་ལ་དབང་གནང་སྟངས་འདི་ལ་དགོངས་གཞི་དགོས་པ་ཁྱད་པར་ཅན་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་བླ་ན་མེད་པ་ཡིན་པ་ལས། གསང་སྔགས་ཀྱི་གནད་མ་མཁྱེན་པ་མིན་མོ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡང་འདུལ་བའི་བསྟན་པ་ཡོད་མེད་ལ་བྱེད་པ་ལས་སྔགས་ལ་མི་བྱེད་དོ།།
ཡང་བརྙན་འཕྲིན་བརྒྱུད་དེ་དབང་ཐོབ་པ་སུས་ཀྱང་གསུངས་མེད། ཅེས་པར་། སྤྱིར་རྨི་ལམ་དུ་དབང་བསྐུར་བ་མཐོང་བ་ཡང་དབང་གི་གོ་ཆོད་པར་གསུངས་ཤིང་། ལྷའི་རྔའི་སྒྲ་ལས་ཆོས་གྱི་སྡོམ་གསུམ་་གསུང་བ་་གོ་ཞིང་། ཤིང་གི་གསེང་དང་ནམ་མཁའ་སྟོང་པ་ལས་་ཀྱང་ཆོས་ཀྱི་སྒྲ་འབྱུང་་བར་གསུང་བ་གོ་བ་དང་། ཞི་བ་ལྷས་སྤྱོད་འཇུག་་གི་མཇུག་ཀྱང་ནམ་ལ་འཕགས་ནས་གསུངས་པ་ཀུན་གྱིས་གོ་སྟེ་ད་ལྟ་མངོན་སུམ་དུ་སྤྱོད་དུ་ཡོད་་ན། བརྙན་འཕྲིན་བརྒྱུད་ནས་བླ་མས་་ཆོ་ག་ཕྱག་ལེན་་མ་ཚང་བ་མེད་པར་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་སྨོན་རྣམ་པར་དག་པས་བསྩལ། སློབ་མས་ཀྱང་མིག་་གིས་མཐོང་རྣ་བས་ཐོས་ཏེ་མངོན་སུམ་བཞིན་དུ་དབང་གནང་བ་མཇལ་ཏེ་ལུས་གུས་ཕྱག་ཚལ། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་ཚིག་དོན་ཡིད་ལ་བསམ་ཞིང་དབང་ཐོབ་པར་མོས་པ་བྱས་པས་དབང་མི་ཐོབ་པའི་རྒྱུ་མཚན་ཅི་་ཡིན་ནམ།
ཀརྨ་དགེ་ལེགས་འདྲ་བའི་འབར་གོག་འདིས་ཆོས་གོས་གྱོན་ནས་བཙན་བྱོལ་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་བཟོ་བཞིན་འདུག་པས་རང་འགུལ་གྱིས་དགོངས་པ་ཞུ་རོགས།
བྱ་སྤུ་གནོན་གྱི་འབར་གོག་འདི་མཐོང་འདོད་མི་འདུག
འདི་ཏ་ཀླུ་མཁར་བྱམས་ངོ་མ་དེ་རེད།
https://youtu.be/BNf01Y-Hzh0