ཐེ་བོ་ཤེས་རབ་རྒྱ་མཚོ།
སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་གྱིས། ༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་མཚན་སྨོད་ཞུས་པར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་ལ་གཤམ་གསལ་དོན་ཚན་གསུམ་གྱི་སྒོ་ནས་དག་འབུད་བྱས་ཡོད་པ་དེ་ནི་རྐུན་མ་ལ་དཔའ་དར་དང་། སྤྱང་ཀི་ལ་ཚེ་ཐར་ཡིན་པས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་འཕྲལ་དུ་ཆོས་རིག་བཀའ་བློན་ནས་དགོངས་པ་ཞུ་དགོས་པར་མ་ཟད། རྒྱ་ཆེ་བའི་དད་ལྡན་མི་མང་ལ་བཟོད་གསོལ་ཞུ་དགོས། གཤམ་གསལ་ཁྱོད་ཀྱི་སྐད་ཆ་འདི་དག་ནི་ཁྱོད་ཀྱིས་མུ་མཐུད་དུ་ཆོས་རིག་བཀའ་བློན་གྱི་གོ་གནས་འཁུར་མི་འོས་པའི་རྒྱུ་མཚན་ཡིན།
༡ ༽ ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་གྱིས་མངོན་སུམ་འཛེམས་མེད་ཐོག ། ༸གོང་ས་མཆོག་ལ་མཚན་སྨོད་ཞུས་པ་དེར་མི་མང་གིས་བློ་ཕམ་བྱས་ན་དེ་ནི་དོན་མེད་དུ་བློ་ཕམ་བྱས་པ་རེད་ཅེས་བཤད་པ་དེ་ནི། དོན་ལ་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་གྱིས་མངོན་སུམ་འཛེམས་མེད་ཐོག་མཚན་སྨོད་ཞུས་པ་དེ་བདེན་པ་ཡིན་པས། གལ་སྲིད་བདེན་པ་བཤད་པར་མི་མང་གིས་བློ་ཕམ་བྱས་ཚེ། དེ་ནི་དོན་མེད་ཀྱི་བློ་ཕམ་བྱས་པ་རེད་ཅེས་བཤད་པ་རེད།
༢ ༽ ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་གྱིས་མངོན་སུམ་འཛེམས་མེད་ཐོག ། ༸གོང་ས་མཆོག་གིས་དྲ་ཐོག་ནས་བཀའ་དབང་གནང་བ་དེ་ནི་དབང་ཞུ་མཁན་མང་པོ་བྱུང་ཞེས་སྙན་གྲགས་ཀྱི་ཆེད་རེད་ཅེས་མཚན་སྨོད་བྱས་པ་དེ་བདེན་པ་ཡིན་པའི་རྒྱུ་མཚན་ནི། ༸གོང་ས་མཆོག་རང་ཉིད་ནས་ཀྱང་དེ་ལྟར་གསུངས་པ་རེད་ཅེས་བཤད་ཡོད།
༣ ༽ ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། ༸གོང་ས་མཆོག་ཐེ་བའི་གསང་སྔགས་ཀྱི་དབང་གནང་མཁན་བླ་མ་ཡོངས་རྫོགས་ནི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ལ་འགལ་འཛོལ་དང་ཉམ་ཆག་ཅི་ཆེ་གཏོང་མཁན་ཡིན་པ་དེ་དངོས་བདེན་ཡིན་པར་བཤད་པ་བཅས། གོང་བརྗོད་དེ་དག་ནི་གཡུ་ཐོག་ཀརྨ་དགེ་ལེགས་ཁྱོད་ཀྱིས་ཆོས་རིག་བཀའ་བློན་གྱི་གོ་གནས་མུ་མཐུད་དུ་འཁུར་མི་འོས་པ་དང་། འཕྲལ་མ་ཉིད་དུ་ཆོས་རིག་བཀའ་བློན་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ཡིན།
ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༥ ཚེས་ ༢༧ ཉིན་ཕུལ།