རྀ་ཤི་པྲཛྙཱས་བྲིས།
ཨོ་རྒྱན་སྟོབས་རྒྱལ་ཟེར་བ་ཁོ་བ་ནི་ཁྲེལ་དང་ངོ་ཚ་ཡོངས་སུ་བོར་བའི་སྐྱ་མིན་སེར་མིན་གྱི་བླ་གཟུགས་འཛིན་པ་ཞིག་སྟེ། ཚད་ལྡན་བླ་མ་སུས་ཀྱང་ངོས་འཛིན་མེད་པར་ང་བླ་མ་དང་ང་སྤྲུལ་སྐུ། སྐྱེས་སྦྱངས་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་མེད་པའི་བླུན་པོ་བླུན་ནག རྒྱུ་དང་དཔལ་འབྱོར་གྱིས་དྲེགས་པའི་ཆགས་སྡང་རྨོངས་གསུམ་གྱི་འཁོར་ལོ་སྐོར་མཁན། ཆོལ་ཁ་ཆོས་ལུགས་དཀྲུག་པའི་བྱེད་གཏེ་གཙོ་བོའི་གྲས་ཤིག་རེད། ཁོ་བས་སྔོན་ནས་ད་ལྟའི་བར་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་བར་དབྱེན་སྦྱོར་དཀྲུག་ཤིང་རབས་དང་རིམ་པ་བསླངས་ཡོད་ལ། ལྷག་པར་དུ་དགེ་ལུགས་དང་དེའི་ནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་མཚན་སྨད་ཞུས་པ་ཉུང་ཉུང་མིན། ༸གོང་ས་མཆོག་ནས་དོལ་རྒྱལ་སྐོར་ལ་བླང་དོར་གནང་བ་ལ་ཁོས་དེ་མི་འགྲིག་པའི་སྐོར་༸གོང་ས་མཆོག་ལ་བསླབ་བྱ་བརྒྱབ་རབས་སོགས་བཤད་དེ་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་ལྟ་བུ་དང་། ཡང་ཁོས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། མི་མང་ལ་ཡང་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་ངན་སྐུལ་བྱས་ཡོད། ཀླུ་མཁར་བྱམས་ནི་མ་གཞི་ཨ་མདོ་བ་ཡིན་ལ། དམ་ལོག་སྟོབས་རྒྱལ་ཁོ་བ་ཨ་མདོ་བ་ལ་གཏན་ནས་མི་དགའ་མཁན་ཞིག་ཡིན་མོད། ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་བརྟེན་ནས་རྒྱབ་སྐྱོར་བྱས་པ་ཞིག་རེད། ཡང་ཁོ་བས་སྦེ་རི་སྡེ་ནང་གཉིས་ཀྱི་གཞིས་ཆགས་དེ་ཁོ་རང་ཚོའི་བླ་དཔོན་གཉིས་ཞེ་པོ་འཇོན་ནས་བརྒྱབ་པ་མ་གཏོགས་༸གོང་ས་མཆོག་དང་བོད་གཞུང་གི་བཀའ་དྲིན་མིན་ཚུལ་དང་། ད་དུང་༸གོང་ས་མཆོག་གིས་ཕྲག་དོག་བྱས་ཚུལ་བཀའ་ཤག་གི་སྐུ་ཚབ་ཡོད་ས་ཁོ་རང་ལ་བཤད་ཡོད། ད་ཐེངས་ཀྱང་ཁོས་འཇུ་ས་ཞིག་འདུག་བསམས་ནས་གསང་སྔགས་ཁ་ལ་ལ་འཁྱེར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བློ་ཡུལ་ལ་མི་ཤོང་བའི་མཚན་སྨད་སྐུར་འདེབས་ཞུས་པ་རེད། དེ་ལ་ཆོས་རིག་བཀའ་བློན་གྱིས་གསལ་བཤད་ཡིན་ཁུལ་ལ་དོན་གྱིས་ཁོ་བར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ནི་དེ་བས་བཟོད་སྒོམ་དཀའ་བ་ཞིགརེད། དེ་ལ་ཐོག་མར་སྟོབས་རྒྱལ་ཁོ་མི་གཞི་ཇི་ལྟར་ཡིན་མིན་མི་བཤད་པར་མི་མང་ལ་དོགས་པ་སེལ་ཆེད་དུ་ཆོས་ཕྱོགས་ནས་ལན་ཞིག་བརྒྱབ་ན། ཨོ་རྒྱན་སྟོབས་རྒྱལ་ན་རེ། ཏཱ་ལའི་བླ་མས་ཁྲོམ་དབང་བསྐུར་ནས་བསྟན་པ་བཤིག་རབས་ཟེར། ཁྲོམ་དབང་བསྐུར་ནས་བསྟན་པ་ཉམས་འཇུག་གི་ཡོད་ན་སྟོན་པ་ཤཱཀྱ་ཐུབ་པ་བསྟན་པ་ཉམས་འཇུག་མཁན་ཡིན་པར་ཐལ་ཏེ། སྟོན་པ་ཤཱཀྱ་ཐུབ་པ་དུས་འཁོར་གྱི་སྐུར་བཞེངས་ནས་ཤམ་བྷ་ལའི་ཆོས་རྒྱལ་ཟླ་བཟང་གཙོས་རྒྱལ་ཕྲན་་དགུ་བརྒྱའི་རྒྱལ་པོ་བློན་པོ་འཁོར་བྱེ་བ་བཅས་པར་དུས་འཁོར་གྱི་དབང་དང་རྒྱུད་གསུངས་པའི་ཕྱིར། གཞན་ཡང་རྙིང་མ་ལ་མཚོན་ན་ཡང་རྒྱལ་བ་རིགས་ལྔ་དང་རིགས་གསུམ་མགོན་པོ་སོགས་ཀྱིས་ལྷ་ཡུལ་དང་ཀླུ་ཡུལ་སོགས་སུ་བྱོན་ནས་འཁོར་འབུམ་པྲག་དུ་མ་ལ་གསང་སྔགས་ཀྱི་ཆོས་གསུངས་པས་གདུལ་བྱ་འབུམ་ཕྲག་ཅིག་ཅར་དུ་གྲོལ་བར་གསུངས་པ་དེས་ཁྲོམ་དབང་བསྐུར་བ་མིན་ན་གང་ཡིན། གཞན་ཡང་འཕགས་བོད་གཉིས་ཀའི་གྲུབ་ཆེན་མང་པོའི་རྣམ་ཐར་ནང་ཁྲོམ་དབང་བསྐུར་བའི་སྐོར་མང་པོ་ཡོད། གྲུབ་ཆེན་དྲིལ་བུ་བ་སོགས་ཀྱིས་རང་གི་འཁོར་ལ་དབང་སྐུར་བ་ཙམ་གྱིས་འཁོར་སྟོང་ཕྲག་མང་པོ་དུས་གཅིག་ལ་རིག་འཛིན་ས་ལ་གཤེགས་པར་གསུངས་པ་དང་། གཞན་ཡང་མ་ཅིག་ལབ་སྒྲོན་དང་དང་ཀརྨ་པས་ཁྲོམ་དབང་གནང་བའི་སྐོར་རྣམ་ཐར་ནང་འཁོད་ཡོད་ལ། ཉེ་རབས་ལ་དཔེར་བཞག་ན། རྙིང་མའི་རིན་ཆེན་གཏེར་མཛོད་དང་། བདུད་འཇོམས་གཏེར་གསར་སོགས་གསང་་སྔགས་ཀྱི་ཆོས་སྐོར་དེ་ཙམ་བླ་མ་སོ་སོས་ཁྲོམ་དབང་གནང་གིན་ཡོད་པས། ཁྱོད་ཀྱིས་༸གོང་ས་མཆོག་ལ་སྡང་ཟུག་གིས་མཚན་སྨད་ཞུ་དགོས་དོན་གང་ཡིན་ནམ། གཉིས་པ་དྲ་རྒྱ་བརྒྱུད་ནས་དབང་གནང་བ་དང་ཐོབ་ཀྱི་མེད་ན་རྨི་ལམ་ནང་དུ་དབང་མི་ཐོབ་པར་འགྱུར་བས། རྒྱལ་པོ་ཛ་ཡི་རྨི་ལམ་ནང་རྡོ་རྗེ་སེམས་དཔའ་ཞལ་མཇལ་ནས་དབང་བསྐུར་བ་དང་ཐོབ་ནས་བསྒྲུབས་པར་གསུངས་པ་དང་། རྙིང་མ་བཀའ་གཏེར་གཉིས་སུ་གྲགས་པ་ལས་གཏེར་མའི་་དབང་རྒྱུན་ནི་གཏེར་སྟོན་སོ་སོའི་གོང་ལ་དབང་རྒྱུན་མེད་ཅིང་། གཏེར་སྟོན་སོ་སོའི་རྨི་ལམ་དང་དག་སྣང་ལ་གུ་རུ་རིན་པོ་ཆེ་མཇལ་ནས་དབང་ཐོབ་པ་རྐྱང་ཡིན། ས་སྐྱ་གོང་མ་ལྔའི་ནང་གསེས་རྗེ་བཙུན་བསོད་ནམས་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་དང་། ཀརྨ་མི་བསྐྱོད་རྡོ་རྗེས་རྙིང་མ་ལ་དབང་གི་བརྒྱུད་པ་མེད་ཚུལ་བཤད་ནས་རྙིང་མ་ལ་དགག་པ་བརྒྱབ་ཡོད་ཀྱང་། ༸གོང་ས་མཆོག་གིས་གསང་སྔགས་ནི་ཕལ་མོ་ཆེ་ཕྱིས་སུ་གྲུབ་ཆེན་སོ་སོའི་དག་སྣང་ལས་ལྷ་དང་མཁའ་འགྲོ་སོགས་མཇལ་ཏེ་རྒྱུད་སྡེ་དེ་དང་དེའི་དབང་ལུང་མན་ངག་གནང་བའི་ཚུལ་རྣམ་ཐར་ལོ་རྒྱུས་སོ་སོར་ཆེས་གསལ་བ་ལྟར། རྨི་ལམ་ཁྱད་པར་བ་དང་དག་སྣང་སོགས་ལས་དབང་སོགས་དངོས་སུ་འཐོབ་ཀྱི་ཡོད་པའི་དོན་གྱི་དབང་འདི་གཟིགས་ནས། ཚུལ་དེ་དང་མཚུངས་པར་དྲ་རྒྱའི་ཐད་གཏོང་བརྒྱུད་ནས་དབང་གནང་ན་ཐུན་མོང་ལམ་གྱིས་རྒྱུད་སྨིན་ཅིང་། སྐལ་བཟང་ལས་འཕྲོ་ཅན་མང་པོ་ཡོད་པ་དེ་དག་ལ་དགོངས་ནས་ཡུལ་དུས་དམིགས་བསལ་བ་ཞིག་གི་འོག་དྲ་རྒྱའི་ཐད་གཏོང་བརྒྱུད་ནས་བཀའ་དབང་སོགས་གནང་གིན་ཡོད་པ་རེད། འོ་ན་རྨི་ལམ་དང་དག་སྣང་ནས་དབང་སོགས་ཐོབ་ཚུལ་ཇི་ལྟར་ཡིན་ཞེ་ན། འདི་ནི་གནད་ཤིན་ཏུ་ཆེ་བས་གསལ་བཤད་ཅུང་ཟད་བྱས་ན། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ།། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ།། ཅེས་དང་། སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ།། ཅེས་གསུངས་པ་དང་། གསང་སྔགས་སྤྱི་དང་ལྷག་པར་བླ་མེད་ལ་ནི་གསང་གསུམ་རོ་གཅིག་པ་ཉིད་ཀྱིས་གདུལ་བྱ་སོ་སོའི་ལས་བསོད་ཀྱིས་ལྕོགས་ན། རྒྱལ་བའི་འཕྲིན་ལས་འགག་པ་མེད་པས་ཇི་ལྟར་ནམ་མཁའི་དབྱིངས་ན་ཟླ་གཅིག་ཉིད་ས་སྟེང་གི་ཆུ་སྣོད་ཡོད་ཚད་ལ་ཅིག་ཅར་དུ་ཤར་བ་ཇི་བཞིན་དེ་དང་དེར་རྒྱལ་བའི་སྐུ་སྣང་ཞིང་གསུང་ཐོས་པ་དང་། རྒྱལ་བའི་འཕྲིན་ལས་འཇུག་པ་ཡིན། དེར་མ་ཟད་ནམ་མཁའ་དང་ཤིང་སོགས་བརྟན་གཡོའི་དངོས་པོ་ཡོད་ཚད་ལས་ཆོས་ཀྱི་སྒྲ་འབྱུང་བར་གསུངས་ཡོད། དོན་གྱི་དབང་འདི་ཡིས་བླ་མ་རྡོ་རྗེ་འཆང་གིས་དམིགས་པ་གཏད་ཅིང་དབང་སོགས་ཀྱི་གདུལ་བྱ་རྗེས་སུ་བཟུང་སྟེ་དམིགས་འོག་ཏུ་མཛད་པ་དང་། གདུལ་བྱ་རང་ཉིད་ཀྱང་བླ་མ་དེ་ལ་དད་དམ་གཡོ་བ་མེད་ཅིང་དབང་སོགས་དེ་དང་དེ་ཞུ་འདོད་ཀྱིས་ཆོ་གའི་ཚིག་རིས་ལྟར་དམིགས་པ་བསྒོམས་ན་དབང་ངེས་པར་ཐོབ་པ་ཡིན་ནོ། དེ་ལྟར་མིན་ན་གུ་རུ་རིན་པོ་ཆེ་ཟངས་མདོག་དཔལ་རིའི་པདྨ་འོད་ཀྱི་ཞིང་ཁམས་ན་སྐུ་གཡོ་བ་མེད་པར་བཞུགས་བཞིན་དུ། སྤྱི་ལེར་ཁྲི་སྟོང་མང་པོས་བར་ཆོད་པའི་བོད་ཀྱི་གཏེར་སྟོན་ཚོ་ལ་གཏེར་མ་དེ་དང་དེའི་དབང་ལུང་མན་ངག་ཇི་ལྟར་གནང་བ་ཡིན་ལེགས་པར་སོམས་ཤིག དེང་ཚན་རིག་འཕྲུལ་རྩལ་ལ་བརྟེན་ནས་རྨི་ལམ་ལྟར་ཟ་རི་ཟི་རེ་ཙམ་མིན་པར་བླ་མ་མདུན་ན་དངོས་སུ་བཞུགས་པ་ལས་ཀྱང་སྐུ་གསལ་ཞིང་གསུང་ཉེ་བར་ཐོས་སུ་ཡོད་པ་འདི་ལྟ་བུ་ལ་ནི་སོ་སོའི་དད་པ་དམ་ཚིག་དང་། བསོད་ནམས་ཀྱིས་ལྕོགས་ཕྱིན་སངས་རྒྱས་ཀྱི་འཕྲིན་ལས་ལ་འགག་པ་མི་མངའ་བས་ཅིས་ཀྱང་དབང་སོགས་འཐོབ་པར་འགྱུར་རོ། སོ་སོ་ལ་དད་པ་དམ་ཚིག་དང་བསོད་ནམས་མེད་ན་ནི་སྐུ་དངོས་ཀྱི་མདུན་ན་བསྡད་ཀྱང་དབང་མི་འཐོབ་པར་བླ་མ་མང་པོས་གསུངས་ལ། སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་རླབས་འཕྲིན་ལས་ལ་ཉེ་རིང་མི་མངའ་བའི་ཕྱིར། བཀའ་ཐང་ཁས་ལེན་ན་དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད་ཅེས་གསུངས་ལ། རྫ་དཔལ་སྤྲུལ་གྱིས། གང་གིས་མོས་པ་གཙོ་བྱས་པ།། དེ་ཡི་མདུན་ན་ཐུབ་པ་བཞུགས།། ཞེས་པ་དཔེར་དྲངས་ནས་གསུངས་ལ། གསང་སྔགས་མོས་པས་འགྲུབ་པ་ཡིན་ཞེས་གྲགས་པ་མ་ཐོས་སམ། བཀའ་བརྒྱུད་པ་ལ་མཚོན་ན་ཡང་མོས་གུས་ཉིད་ལམ་གྱི་གཙོ་བོར་མཛད་པའི་གནད་ཨེ་གོ་བསམ་བློ་ལེགས་པར་ཐོངས་ཤིག
འཇིག་རྟེན་སྲིད་ལུགས་ནས་བཤད་ན་སྤྲུལ་མིང་ཨོ་རྒྱན་སྟོབས་རྒྱལ་ནི་རིང་ནས་བླ་མ་རྡོ་རྗེ་འཆང་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་དད་པ་དམ་ཚིག་ལོག་པའི་དམ་ཉམས་དགྲ་བགེགས་ཤིག་ཡིན་པར་མ་ཟད། བླ་མའི་སྐུ་ལ་བསྡོ་ཞིང་གསུང་ལ་ངོ་རྒོལ་བ། ཐུགས་དང་འགལ་བའི་སྐུ་དགྲ་ཞིག་ཡིན་ལ་སྤྲུལ་སྐུ་མིན་བཞིན་སྤྲུལ་སྐུར་བརྫུས་པ། བདུད་དགའ་རབ་དབང་ཕྱུག་མི་ལ་བརྫུས་པ། རབ་བྱུང་མིན་བཞིན་རབ་བྱུང་ལ་བརྫུས་པ། དྲང་པོ་མིན་བཞིན་དྲང་པོར་བརྫུས་པ། ཁྲེལ་དང་ངོ་ཚ་བོར་བའི་མ་རབས་ཐ་ཤལ་བ་སྡེ་གཉིས་དཀྲུག་པའི་གཞི་མ། ཆོལ་གསུམ་དཀྲུག་པའི་མི་ངན། དགེ་འདུན་དབྱེན་སྦྱོར་གྱི་བདུད་ལྷས་བྱིན་གསོན་པོ། དྲིན་ཅན་ལོག་འཇལ་བྱེད་མཁན་ཕ་བསད་ནས་རྒྱལ་རྔ་རྡུང་མཁན་ཞིག་ཡིན་ན། བློ་གསལ་ཞིང་ཡིད་གཞུངས་པ། དཔྱོད་ཤེས་ཀྱི་་བློ་གྲོས་ལྡན་ཞིང་གཟུར་བོར་གནས་པའི་་མི་མང་ཡོངས་ནས་མི་ངན་ཐ་ཤལ་ཁོ་ལྟ་བུའི་ཁ་ལ་ཉན་འཇོག་གཏན་ནས་མེད་པ་ཞིག་ཡོང་བའི་རེ་སྐུལ་ཞུའོ།། །།
འདྲེ་ཨོ་རྒྱན་ལ་དེ་འདྲ་ཡ་མ་བྱས་ན་ཡོང་བ་འདུག་སྟེ། འདྲེ་ཡི་སྲོག་རྩ་གཡུ་ཐོག་པ་དང་དེའི་དཔུང་གཉེན་སེང་གེ་གཉིས་ཀྱི་བྱ་སྤྱོད་ལ་བཟོད་དུ་བྱུང་བ་མི་འདུག་པས། ཁོང་གཉིས་ཀྱི་ཁ་དབང་དང་རྐུབ་དབང་ང་ཚོ་དད་ལྡན་མི་མང་གི་ལག་པ་ལ་ཆ་ཚང་ཡོད་པས། ད་རེ་དཀར་པོ་དཀར་ས་དང་ནག་པོ་ནག་ས་ལ་འདེད་ཐུབ་པ་དགོས། གཞུང་མ་གཙང་ན། མི་མང་དེ་བཞིན་དུ་སྨྱོས་ཡོང་བ་རེད།
ཁོང་ཚོ་མི་མང་གི་ཁ་ཚབ་ཡིན་ན་ཕམ་པར་རྒྱོབས། ཁོང་ཚོ་མི་མང་གི་མགོ་གནོན་ཡིན་ན་གྱེན་ལོག་བྱེད།
ཚང་མས་ཉོན་དང་འདི་ན་མཉན་རྒྱུ་ཞིག་འདུག ། https://www.youtube.com/watch?v=Ti8-552Q6as
ཧ་ལས་པ་རེས