རྩིབས་རི་རྒོད་ཕྲུག
ནང་དོན་གནད་བསྡུས། ༸གོང་ས་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་བདེ་བར་འཚོ་བ་ཨོ་རྒྱན་སྟོབས་རྒྱལ་ཁྱོད་ཀྱིས་དྲིན་བྱས་དྲིན་དུ་མ་གོ་བར་ཇ་ལན་ཆུ་མཇལ་གྱིས་ཉེ་ཆར་༸གོང་ས་མཆོག་ལ་བསྟན་པ་བཤིག་མཁན་སོགས་མཚན་སྨོད་སྣ་ཚོགས་ཤིག་ཞུས་འདུག་པར། དེ་དག་ལ་སེམས་ཚོར་རྐྱང་བཤད་ཙམ་མིན་པར་ལུང་རིགས་ལམ་ནས་ལན་འདེབས་གསལ་བཤད་བྱས་ཡོད།
གནད་ཚིག ཨོ་རྒྱན་སྟོབས་རྒྱལ། ཁྲོམ་དབང། དམ་ཚིག བསྟན་བཤིག
ངོ་སྤྲོད།
ཁོ་བོར་མཚོན་ན་ས་རུབ་པ་མ་ཤེས་པར་ནམ་ལངས་པ་ཤེས་མཁན་གྱི་བོད་མི་གཞོན་སྐྱེས་ཤིག་ཡིན་པས། བོད་ལ་དུས་འགྱུར་བྱུང་བ་དང་དེ་རྗེས་བཙན་བྱོལ་དུ་བོད་མིའི་སྒྲིག་འཛུགས་དང། དགོན་སྡེ་ཁག གཞིས་ཆགས་ཁག དེ་བཞིན་སློབ་གྲྭ་ཁག་ཇི་ལྟར་ཚུགས་མིན་གྱི་བརྒྱུད་རིམ་དཀའ་ཚེགས་ཅན་དེ་དག་དངོས་སུ་མིག་མཐོང་ལག་ཟིན་བྱུང་མཁན་ཞིག་མིན། འོན་ཀྱང་བོད་ཆགས་འཇིག་གི་མཚམས་སུ་སླེབས་པའི་ཡ་ང་བཟོད་བྲལ་གྱི་གནས་སྟངས་དེ་ལྟ་བུ་ནས་ད་ལྟ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་དོན་འདི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱིས་བཀའ་སློབ་ལམ་སྟོན་ཇི་ཕེབས་འོག དད་ལྡན་མང་ཚོགས་ཚོས་ཀ་ཀོར་མེད་པར་ལྷག་བསམ་གཡོ་བ་མེད་པར་རྒྱག་གཅིག་མཆོངས་གཅིག་བྱས་པའི་ཉེར་འབྲས་སུ་གོ་སྟེ། ༸གོང་ས་མཆོག་ལ་སྔར་ལྷག་དད་པ་དང་དགའ་མགུ་ཡི་རང་ཞུ་མཁན་ཞིག་ཡིན། འོན་ཀྱང་ཁྱོད་ལྟ་བུ་མི་རབས་རྒན་པ་བོད་ལ་དུས་འགྱུར་བྱུང་མཚམས་ནས་ད་བར་མི་ལོ་དྲུག་ཅུ་ལྷག་གི་རིང་༸གོང་ས་མཆོག་ནས་སྐུ་ངལ་ཇི་ཙམ་བསྐྱོན་མིན་དང། ཁོང་ཉག་གཅིག་གི་སྐུ་དྲིན་ལས་བོད་ཅེས་པ་ད་ལྟ་བཙན་པོའི་དུས་སྐབས་བཞིན་སླར་ཡང་ས་གསུམ་ལ་སྙན་པའི་གྲགས་པ་བླ་ན་མཐོ་བ་འདི་དངོས་སུ་མཐོང་ཐོས་ཡོད་པའི་མྱོང་ཅན་ཞིག་དང། སྤྲུལ་སྐུ་ཞིག སྤྱི་ཟུར་ཞིག་ཡིན་པའི་ཆ་ནས། ༸གོང་ས་མཆོག་ལ་དད་གུས་ཕྲན་ལས་ལྷག་ཙམ་ཡོད་དགོས་ཚོད་ཀྱང། དེ་ལས་ལྡོག་སྟེ་༸གོང་ས་མཆོག་ལ་མཚན་སྨོད་ཞུ་ཕོད་པ་ནི་མིས་ལྟ་ཅི་འདྲེས་ཀྱང་བསམ་མི་ཕོད་པ་ཞིག་རེད། འོན་ཀྱང་དེ་ནི་ཕྱིན་ཕྱིན་གྱིས་ལམ་བྱང། བཟས་བཟས་ཀྱིས་ཁ་བསྙོགས་ཞེས་པ་ལྟར། ལོ་མང་གོང་ནས་ཁྱོད་ལྟ་བུ་དེ་དག་ངན་པ་རྒྱ་ཡན་དུ་ཤོར་བཅུག་པས་ཡིན་སྟབས། གནས་དུས་ཚོད་རྩིས་ཀྱིས་སླར་ཡང་མཚན་སྨོད་འདི་ལྟ་བུ་ཞུ་བའི་སྤོབས་པ་དེ་སླེབས་པར་ཡིད་ཆེས་བྱེད་ཀྱི་ཡོད། དེས་ན་དེ་རིང་གློ་བུར་དུ་ཁུག་ཁུག་ཡོད་ཚད་ནས་སྐད་ངག་ཇི་ལྟར་འཛེར་རུང་། དོན་དུ་འདི་ལྟ་བུའི་འབྲས་བུ་སྨིན་པར་བྱེད་མཁན་དེ་ང་ཚོ་རང་ཉིད་ཡིན་ཏེ། འབྲས་བུའི་རྒྱུ་དུས་སུ་ང་ཚོ་ཚང་མས་ཅི་ཡང་མི་སྨྲས་པར་ལྐུག་པའི་བརྟུལ་ཞུགས་བཟུང་བས་སོ། །དེ་ལྟ་བུའི་མིག་ལྟོས་ངན་ལོབ་ཏུ་མི་འགྱུར་སླད་ད་ཕྱིན་ཆད་མཐོ་དམན་དྲག་ཞན་དགྲ་གཉེན་བར་མ་དབྱེ་བ་མེད་པར། སུ་ཞིག་གིས་༸གོང་ས་མཆོག་ལ་མཚན་སྨོད་ཞུས་ཀྱང། དགག་སྒྲུབ་མཐིལ་ཕྱིན་པ་བྱ་དགོས་པ་ནི་གལ་གནད་ཆགས་ཡོད་སྟབས། ཕྲན་ནས་དེ་སྔོན་ཡང་འདིའི་རིགས་ལ་དགག་སྒྲུབ་མཐིལ་ཕྱིན་བྱས་ཡོད་ལ། དེ་རིང་ཡང་ཨོ་རྒྱན་པ་ཁྱོད་ཀྱིས་མཚན་སྨོད་ཅི་ཞུས་ལ་དོན་ཚན་བཞིའི་ཐོག་ནས་དགག་སྒྲུབ་ལན་འདེབས་བྱས་ཡོད།
དང་པོ། ཁྱོད་ཀྱིས་ཁྲོམ་དབང་གི་བྱུང་རིམ་ལ་ལོག་བཤད་བྱས་པ།
བོད་ཀྱི་གཏམ་དཔེར། “ནད་པ་དྲག་ན་སྨན་པ་བརྗེད། ལ་མགོ་བུད་ན་འདོ་བ་བརྗེད་”ཞེས་པ་ལྟར་༸གོང་ས་མཆོག་གི་བཀའ་དྲིན་གཏིང་བརྗེད་དུ་གྱུར་ཏེ། ཁྲོམ་དབང་[1]་ཞེས་པ་“ལོ་ངོ་ལྔ་བཅུ་ཙམ་ནས་”ཞེས་ཧམ་རི་བདེན་གཡག་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ། ཁྲོམ་དབང་ཞེས་པ་ཐོག་མར་༸གོང་ས་མཆོག་ནས་དབུ་བཙུགས་གནང་བ་ལྟ་བུའི་ལོག་བཤད་བྱས་ཡོད། འོན་ཀྱང་དེ་ནི་ཁྱོད་དུག་གསུམ་གྱི་གཞན་དབང་དུ་ཚུད་དྲགས་པས་ལན་པ་ལས། གཞན་སྤྲུལ་སྐུའི་མིང་འཛིན་པ་ཞིག་གིས་ཁྲོམ་དབང་ཞེས་པ་སྔ་ས་ནས་ཡོད་པ་མ་ཤེས་པ་ནི་རང་གི་ཞབས་ཕྱིར་ཡང་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་མ་ཡིན་ནམ། དེ་ཡང་ཁྱོད་ཀྱིིས་ “ལོ་ངོ་ལྔ་བཅུ་ཙམ་ནས་”ཞེས་པའི་ཟེར་སྒྲོས་ལ་བལྟས་ན། ༸གོང་ས་མཆོག་ནས་ཕྱི་ལོ་ ༡༩༥༤ ལོ་ནས་བཟུང་སྟེ་དུས་འཁོར་དབང་ཆེན་སྐལ་ལྡན་གདུལ་བྱ་བགྲང་ལས་འདས་པར་གནང་སྒོ་ཚུགས་པ་ནས་ཁྲོམ་དབང་དར་ཚུལ་གྱི་གླེང་གཞི་བཟོ་འདོད་པ་འདྲ་ཡང། དེ་ནི་ཆགས་རྒན་ཁྱོད་མཛེས་མ་འཚོལ་བར་བྲེལ་ཏེ་གཞུང་ལུགས་རྒྱ་ཆེན་པོར་ལྟ་ཁོམ་མ་མཆིས་པས་ལན་པ་འདྲ་སྟེ། གཞན་ལོ་ངོ་ལྔ་བཅུ་མ་ཟད་སྟོང་ཕྲག་གཉིས་ཀྱི་གོང་ནས་ཀྱང་དུས་དབང་ཁྲོམ་བསྒྲགས་གནང་བ་ཡོད་པའི་ཕྱིར་ཏེ། སྟོན་པ་རང་ཉིད་ནས་དཔལ་ལྡན་འབྲས་སྤུངས་སུ་དུས་དབང་ཁྲོམ་བསྒྲགས་སུ་གནང་བ་ཡོངས་གྲགས་ཡིན་པ་ལོངས་བས་བལྟས་ཀྱང་ཁམས་གསུམ་ཞེས་པ་ལྟར་མ་ཡིན་ནམ། འོ་ན་དེ་ནི་དམིགས་བསལ་ཡིན་པས་མི་འདྲའོ་ཞེ་ན། བརྗོད་པར་བྱ་སྟེ། དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་དུས་དབང་ཁྲོམ་བསྒྲགས་སུ་བསྐུར་ཡོད་དེ། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་ ཤ་ ༢༦ ལས། “དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་པ་ལ་བརྟེན་དུ་མཉམ་གྱི་དགེ་བཤེས་ཕལ་མོ་ཆེ་ཞིག་གིས། ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང། དབང་དང་ཁྲིད་ཆ་ཚང་ཐོབ་པ་ནི་ཁྲི་ཕྲག་བརྒལ་བ་དང། མཆོག་དབང་གོང་མ་དང་། སོ་སོར་སྡུད་པའི་ཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་དཔོག་པ་ཙམ་ཡོད་པར་གྲགས་”ཞེས་དུས་དབང་ཐོབ་པའི་སློབ་མ་ཁྲི་ཕྲག་བརྒལ་བ་ཡོད་པར་གསུངས་པ་ལས། དུས་དབང་ཁྲོམ་བསྒྲགས་སུ་གནང་བ་ཤེས་ཐུབ། མ་ཟད་དེ་ནི་ཐུན་མོང་སྣང་ངོར་བོད་དུ་མང་ཚོགས་འདུ་འཛོམས་ཆེན་པོར་དུས་དབང་ཁྲོམ་བསྒྲགས་སུ་བསྐུར་བ་ཐོག་མ་དེ་ཡང་ཡིན། དེས་ན་གནད་དོན་འདིའི་ཐོག་ནས་ཁྱོད་ཀྱིས་བཤད་པའི་ “ལོ་ངོ་ལྔ་བཅུ་ཙམ་ནས་”ཁྲོམ་དབང་དར་ཚུལ་བཤད་པ་དེ་ལོ་རྒྱུས་ལ་འཁྱོག་བཤད་དང་མི་བདེན་རྫུན་སྒྲིག་བྱས་པ་ལྷང་ངེར་བུད་མི་འདུག་གམ། ཡང་སྨྱོ་ཧམ་ཆེན་པོས་མདའ་དཀྲུག་ཕུ་དཀྲུག་ལ་གོམས་པ་ཁྱོད་ཀྱིས་ཆོས་བརྒྱུད་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འདི་ཡང་ཁས་མི་ལེན་ཞེ་ན། འདི་བརྗོད་པར་བྱ་སྟེ། བཀའ་བརྒྱུད་བླ་མ་ཀ་ལུ་རིན་པོ་ཆེ་མཆོག་ནས་ཀྱང་སྐྱེ་བོ་ཁྲི་ཕྲག་མང་པོར་ཁྲོམ་དབང་ཐེངས་མང་སྩལ་ཡོད་དེ། དུས་འཁོར་ཆོས་འབྱུང་ཐུབ་བསྟན་མཛེས་རྒྱན་ ཤ་ ༥༧༢ ལས། “དེ་ཡང་སྐྱབས་རྗེ་བླ་མ་རྡོ་རྗེ་འཆང་འདི་ཉིད་ཀྱི་སྐུ་ཚེའི་རིང་ལ་བོད་དང་རྒྱ་གར། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གཞན་དང་གཞན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ཚར་གྲངས་ཉི་ཤུ་རྩ་བཞི་གནང་སྟེ། སྐལ་ལྡན་གྱི་སྐྱེ་བོ་ཁྲི་ཕྲག་མང་པོ་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་གཞུག་སྟེ་སྨིན་ཅིང་གྲོལ་བར་མཛད་པ་དང། རྒྱུད་ཟབ་མོ་འདིའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་དང་ལྡན་པའི་སྐྱེས་བུ་ཆེན་པོའང་དཔག་ཏུ་མེད་པ་བསྐྲུན་”ཞེས་གསུངས་ཡོད། དེས་ན་གནད་དོན་འདིའི་ཐོག་ནས་ཀ་ལུ་རིན་པོ་ཆེ་མཆོག་གིས་དུས་དབང་ཁྲོམ་བསྒྲགས་སུ་གནང་ཡོད་པ་གསལ་པོ་ཡིན་ལ། རིན་པོ་ཆེ་ཁོང་ནི་ཁྱོད་ཀྱིས་འདོད་པའི་ “ལོ་ངོ་ལྔ་བཅུ་ཙམ་”ཞེས་པ་དེའི་གོང་དུ་བྱོན་པ་ཞིག་ཀྱང་ཡིན། གཅིག་བྱས་ན་རིན་པོ་ཆེ་ཁོང་གི་སྐུ་དྲིན་ལས་ཁྱོད་ལ་ཡང་ཁོང་གི་སྐུ་མདུན་ནས་ཆོས་སྐལ་དེ་འདྲ་ཐོབ་ཀྱང་ཡོད་སྲིད། དེས་ན་འདི་ནི་ཁྱོད་ཀྱང་ཁས་ལེན་ལ་གལ་ཏེ་འདིའང་ཁས་མི་ལེན་ན། ཁྱོད་ཀྱི་ཆོས་ཞེན་དེའང་མིང་གི་ལྷག་མ་ཙམ་དུ་འགྱུར་རོ། །ཡང་ཁྱོད་ཀྱིས་“ལོ་ངོ་ལྔ་བཅུ་ཙམ་”ནས་ཁྲོམ་དབང་བྱུང་ཚུལ་བཤད་པ་དེ། དུས་དབང་མིན་པར་དེ་ལས་གཞན་ལ་གོ་ཟེར་ན། ༸གོང་ས་མཆོག་ནས་དུས་དབང་མ་ཡིན་པའི་དབང་གང་ཞིག་ཁྲོམ་བསྒྲགས་སུ་ལོ་ངོ་ལྔ་བཅུ་ཙམ་གྱི་གོང་ནས་གནང་བ་རེ་རེ་བཞིན་དུ་སྟོན་དགོས་ལ། གལ་ཏེ་སྟོན་རྒྱུ་མེད་ན། ཟེར་རྒྱུས་ཕོངས་པའི་རང་རྟགས་ངོམ་པ་ཙམ་དུ་ཟད་དོ། །གལ་ཏེ་དུས་དབང་མ་ཡིན་པའི་གཞན་ལ་གོ་ནངའ་མི་རུང་སྟེ། ༸གོང་ས་མཆོག་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༦ ཉིན་རྡོར་གདན་དུ་བཀའ་དབང་གནང་སྐབས་འདི་ལྟར་གསུངས་ཏེ། “འཇིགས་བྱེད་ལྷ་བཅུ་གསུམ་པ་དང་དཔའ་གཅིག་གི་དབང་གཉིས་བསྐུར་སྐབས་སྤྱིར་སློབ་མ་ཉེར་ལྔ་ལས་མ་མང་བ་དགོས་པར་གསུངས་ཀྱང། གཙོ་བོ་སློབ་མའི་ཡོན་ཏན་དད་པ་ཡིན་ཅིང། ལྷག་པར་དུ་ཁྲོམ་དབང་བསྐུར་དགོས་མིན་ཕྱག་མོ་སྐྱོན་སྐབས། ཁྲོམ་དབང་བསྐུར་དགོས་པ་བབ་པར་བརྟེན་དབང་འདི་ཁྲོམ་དབང་དུ་བསྐུར་བ་ཡིན་”ཞེས་གསུངས་ཡོད། གནད་དོན་འདིའི་ཐོག་ནས་༸གོང་ས་མཆོག་ནི་ཐམས་ཅད་མཁྱེན་པ་ཡིན་རུང། ཆོས་ཁུངས་བཙུན་པ་དང་གདུལ་བྱ་ལམ་ལ་དཀྲི་ཕྱིར་ཐབས་མཁས་ཐུགས་རྗེའི་ཚུལ་གྱིས་དབང་བསྐུར་རྒྱུད་བཤད་གང་ཞིག་ཡིན་རུང་རྒྱབ་རྟེན་ཁུངས་ལུང་དང་རིགས་པ་ཕུ་ཐག་ཆོད་པ་ཞིག་ལ་མ་བརྟེན་པར་གང་བྱུང་ར་ཐོན་ལུག་ཐོན་ཏུ་མན་ངག་ཡིན་མདོག་གིས་གཞན་ལ་སྟོན་མཁན་ཞིག་མིན་ལ། ལྷག་པར་དུ་དབང་ཡོད་ཚད་ཁྲོམ་དབང་དུ་བསྐུལ་ལམ་གནང་གི་མེད་པ་དེ། གསུང་བྱིན་ཅན་འདིས་ཁྱོད་ཀྱི་ལོག་རྟོག་ཐལ་བའི་རྡུལ་དུ་སྔོན་ནས་བརླགས་ཟིན་མི་འདུག་གམ། དེས་ན་མདའ་འཕེན་ཚོད་ཟིན་ན་རིག་རྒོད་ཡིན། གཏམ་བཤད་ཚོད་ཟིན་ན་བློ་རྒོད་ཡིན་ཟེར་བ་ལྟར་རང་ཚོད་བཟུང་སྟེ། འཆི་ཁར་མ་ཎི་ཏོག་ཙམ་བགྲངས་ན་དམྱལ་བའི་སྡུག་བསྔལ་མི་བཟད་པ་མྱོང་དུས་ཕན་ཐོགས་ཡོང་ངེས་སོ། །མདོར་ན་ཁྱོད་ཀྱིས་ཁྲོམ་དབང་བྱུང་ཚུལ་དེ་ལོ་ངོ་ལྔ་བཅུ་ཙམ་ནས་༸གོང་ས་མཆོག་གིས་དབུ་འཛུགས་གནང་བ་ལྟ་བུའི་ལོག་བཤད་བྱས་པ་དེ་དག་ཁུངས་མེད་སྒྲོ་འདོགས་བྱས་པ་ཞིག་ཡིན་པ་གོང་དུ་དྲངས་པའི་གཞུང་དེ་དག་གིས་རྫུན་རྐུབ་མཐིལ་བརྟོལ་བྱས་པ་འདི། དམྱལ་ཁམས་སུ་སླེབས་དུས་ཀྱང་མ་བརྗེད་པ་ཡིད་ལ་དྲན་པར་གྱིས་ཤིག་གོ །
གཉིས་པ། ཁྱོད་ཀྱིས་ཁྲོམ་དབང་བསྐུར་ན་དབང་བསྐུར་མི་ཤེས་པ་དང་དམ་ཚིག་ཉམས་པར་བཤད་པ་མི་བདེན་པ།
ཡང་ཁྱོད་ཀྱིས་འདི་ལྟར་བཤད་དེ། “བླ་མ་དེས་དབང་བསྐུར། མི་བརྒྱ་ཉིས་བརྒྱ། སྟོང་ཕྲག་གཅིག་གཉིས་འདུག་གསུང་འདུག དེ་རྫིག་རྫིག་འདྲ་བྱས་ནས་བཤད། ཁྲོམ་དབང་བཟོས་རེད། དེ་དབང་བསྐུར་མ་ཤེས། དམ་ཚིག་ཉམས། དེ་ལས་ལྷག་པ་དངོས་སུ་དབང་ཞུ་བར་འགྲོ་དགོས་རེད་པཱ། དྲ་ཐོག་ནས་བསྐུར་འགྲོ་དེང་སང་”ཞེས་ཆང་བཟིའི་སྐད་ཆ་བཞིན་སྔ་ཕྱི་གོ་རིམ་མེད་པར་བཤད་པ་དེ་དག་མདོར་དྲིལ་ན། མི་མང་པོར་དབང་བསྐུར་ན་ཁྲོམ་དབང་དང། ཁྲོམ་དབང་བསྐུར་ན་དབང་བསྐུར་མ་ཤེས་པ་དང་དམ་ཚིག་ཉམས་པར་འདོད་པ་དེ་རེད། དེས་ན་ཁྱོད་ལ་འདི་དྲི་བར་བྱ་སྟེ། ཁྱོད་ལྟར་ན་བདག་ཅག་གི་སྟོན་པ་ཡང་དབང་བསྐུར་མི་ཤེས་མཁན་དུ་ཐལ་ཏེ། འདུ་འཛོམས་ཆེན་པོར་དབང་བསྐུར་བ་གོང་དུ་དྲངས་པའི་ལུང་དེས་གྲུབ་པའི་ཕྱིར་རོ། །འདོད་ན། བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་མིན་པར་ཐལ་ཏེ། དབང་བསྐུར་མི་ཤེས་པའི་ཕྱིར། དེས་ན་དེས་བསྟན་པའི་ལམ་ཡང་ཕྱིན་ཅི་ལོག་ཏུ་འདོད་དགོས་ན་ནི། ཁྱོད་ཀྱང་ནང་པའི་གྲལ་ནས་རང་བཞིན་གྱིས་བུད་འགྲོ་བ་སོགས་གདོན་མི་ཟའོ། །མ་ཟད་ཁྱོད་ཀྱིས་བླ་མ་འདི་ལས་དབང་ལུང་འདི་དང་འདི་ཐོབ་ཅེས་གལ་ཆེར་འཛིན་པའི་བརྒྱུད་པའི་བླ་མ་དེ་དག་ཀྱང་དབང་བསྐུར་མི་ཤེས་མཁན་དུ་ཁྱོད་ཀྱིས་ལེགས་པར་བསྒྲུབ་འདུག་པའི་ཕྱིར་ཏེ། དེ་དག་གིས་ཀྱང་མང་ཚོགས་འདུ་འཛོམས་ཆེན་པོར་དབང་བསྐུར་བ་ཡོད་པའི་ཕྱིར། གལ་ཏེ་འདོད་ན། ཁྱོད་ནི་ཤིན་ཏུ་བླུན་ཅན་ཞིག་སྟེ། དབང་མ་ཞུ་གོང་སློབ་མས་སློབ་དཔོན་གྱི་ཡོན་ཏན་བརྟགས་དགོས་པ་རྒྱུད་ཀྱི་དགོངས་པ་གང་ཞིག ཁྱོད་ཀྱིས་དེ་ལྟར་མ་བྱས་པར་དེ་དག་གི་མདུན་ནས་དབང་ལུང་ཞུ་རྐྱང་བྱས་པའི་ཕྱིར། འདོད་ན། ཁྱོད་ཀྱིས་རང་གི་བརྒྱུད་པའི་བླ་མ་དེ་དག་ལ་མགོ་སྐོར་བ་དང། སྐུར་བ་འདེབས་པ། བརྙས་དམོད་བྱས་པར་འགྱུར་པས། དོན་དུ་ཁྱོད་ནི་དམ་ཉམས་ངོ་མ་སྟེ། སྔགས་ཀྱི་རྩ་ལྟུང་བཅུ་བཞི་ཚུལ་བཞིན་དུ་མ་བསྲུང་བའི་ཕྱིར། དེར་ཐལ། རྩ་ལྟུང་བཅུ་བཞི་ལས་དང་པོ་བླ་མར་བརྙས་སྨོད་[2]དང། གཉིས་པ་བསླབ་བྱར་ཁྱད་གསོད་[3]གཉིས་ཁྱོད་ཀྱིས་མ་བསྲུང་བ་ལེགས་པར་བསྒྲུབ་འདུག་པའི་ཕྱིར་རོ། །དེས་ན་གནད་དོན་འདིའི་ཐོག་ནས་ར་སྤུའི་འུར་རྡོ་ར་ལ་ཕོག་པའི་དཔེ་བཞིན་དམ་ཉམས་ཞེས་པ་ཚིག་འདི་ཁྱོད་རང་ཉིད་ལ་འཇུག་པ་ལས་༸གོང་ས་མཆོག་ལ་འཇུག་པ་མི་སྲིད་ཅིང་གོ་བའི་གནས་མེད་དོ། །གཞན་ཡང་ཁྱོད་ཀྱིས་ “དབང་ཞུ་བར་དངོས་སུ་འགྲོ་དགོས་རེད་པཱ་”ཞེས་ར་ཐོན་ལུག་ཐོན་དུ་བཤད་པ་ཡང་མི་བདེན་ཏེ། དཔེར་ན་རྩ་ལྟུང་བྱུང་ན་དཀྱིལ་འཁོར་དུ་སླར་ཡང་དབང་ཞུས་སྡིག་པ་སྦྱོང་བ་དང་སྡོམ་པ་བཟུང་བ་གཉིས་ཚོགས་སྒོ་ནས་རྩ་ལྟུང་དག་པར་བྱ་དགོས་པ་ལས་དཀྱིལ་འཁོར་གྱི་ཆོ་གའི་སྐབས་སུ་སྡོམ་པ་ཐོབ་པ་ཙམ་གྱི་མི་ཆོག་ཀྱང། དགག་བྱ་དང་དགོས་པ་ཡོད་ན་དཀྱིལ་འཁོར་དུ་དབང་མ་ཞུས་པར་བདག་འཇུག་བླངས་པ་ཙམ་ལ་བརྟེན་ནས་རྩ་ལྟུང་སླར་སོར་ཆུད་པར་གསུངས་ཡོད། དེ་ཡང་གསང་སྔགས་ཚུལ་ཁྲིམས་རྣམ་བཤད་ ཤ་ ༢༣༦ ལས། “འོ་ན་དཀྱིལ་འཁོར་གྱི་ཆོ་གའི་སྡོམ་པ་གཟུང་བའི་སྐབས་སུ་སྡོམ་པ་ཐོབ་པ་ན་སོར་ཆུད་པས། དབང་མི་དགོས་སམ་སྙམ་ན། དབང་བསྐུར་ནས་སྡིག་པ་སྦྱོང་བ་དང་སྡོམ་པ་གཟུང་བ་གཉིས་ཀ་ཚོགས་ནས་རྩ་ལྟུང་དག་པར་བྱ་དགོས་ཀྱི་སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག་པས་དབང་བསྐུར་བ་དགོས་སོ། །”ཞེས་དབང་བསྐུར་དགོས་པར་གསུངས་པ་དང། ཡང་། “འོ་ན་སླར་གསོ་བ་འདི་ལ་ངེས་པར་བླ་མ་ཞིག་ལ་དབང་ཞུ་བ་དགོས་སམ་རང་གིས་བདག་འཇུག་བྱས་པས་ཀྱང་ཆོག་སྙམ་ན། བླ་མ་མཚན་ཉིད་ཚང་བ་མེད་པའམ་ཡོད་ཀྱང་ལམ་ཤིན་ཏུ་རིང་བ་དང་། བགྲོད་དཀའ་བའི་འཚེ་བ་ཡོད་ན་བདག་འཇུག་གིས་ཀྱང་ཆོག་སྟེ་”ཞེས་གསུངས་པ་ལས་ཤེས་ཐུབ། དེས་ན་གནད་དོན་འདིའི་ཐོག་ནས་དགག་བྱ་དང་དགོས་པའི་དབང་གིས་དབང་ཞུ་བར་བླ་མའི་སྐུ་མདུན་དུ་མ་བཅར་ཀྱང་བརྙན་འཕྲིན་སོགས་ཀྱི་ལམ་ནས་དབང་ཐོབ་ནུས་པ་འདི་ཤུགས་ལ་ཤེས་མི་ནུས་སམ། མ་ཟད་བླ་སློབ་འདུན་པ་བཏང་བ་ཙམ་གྱིས་ཀྱང་དབང་ལེགས་པར་ཐོབ་པ་ཡོད་དེ། གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར་ ཤ་ ༢༨ ལས། “དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་ཞུ་གསུངས་པས། དེ་བཞིན་བྱ་ཡིས་ཉིད་རང་འདུན་པ་ཐོངས་ཤིག་གསུངས་ནས་གསོལ་བ་འདེབས་ཀྱིན་ཐུགས་མདུན་བཏང་བས། ཚེས་བཅུ་ཙམ་ནས། ཆོས་རྗེས་དཔལ་དུས་ཀྱི་འཁོར་ལོའི་ས་ཡོངས་སུ་བཟུང་བའི་ཆོ་ག་མཛད། དེ་ནས་ཉའི་བར་ལ་སྟ་གོན་དང་བྱིས་པ་འཇུག་པའིདབང་བདུན། བུམ་དབང་དང། གསང་དབང་དང། ཤེས་རབ་ཡེ་ཤེས་དང། བཞི་པ་བླ་ན་མེད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐར་ཐུག་པ་ཡོངས་སུ་རྫོགས་པར་གནང་སྟེ། གསུང་རབས་ཀྱི་པོ་ཏི་དང་དུང་དང་རྔ་བཟང་པོ་ཕྱག་ཏུ་གནང་ནས། ཁྱོད་ཀྱིས་དམ་པའི་ཆོས་ཀྱི་དུང་བུས། དམ་པའི་ཆོས་ཀྱི་རྔ་རྡུངས་ཤིག་གསུངས་ནས། དུང་བུས་རྔ་བརྡུངས་པ་རྨིས། དེ་ནས་ཐུགས་དགྱེས་པ་བཅས་པས། ཆོས་རྗེ་རིན་པོ་ཆེའི་དྲུང་དུ་བྱོན་པས། ཆོས་རྗེ་རིན་པོ་ཆེ་རྒྱལ་བ་རྒོད་ཚང་པ་ཆེན་པོ་དེ་སྐུ་ཟིལ་མདངས་སྔར་བས་ཆེ་ཞིང་སྤྱན་རྩ་དམར་ཤིག་གེ་འདུག་ནས། སློབ་དཔོན་ཇོ་བཙུན་བསམ་པ་རྫོགས་པར་བྱུང་ངམ་གསུངས། བསམ་པ་རྫོགས་པར་བྱུང་ལགས། དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་རྫོགས་པར་ཐོབ་ལགས་ཞེས། སྔར་དབང་སྐུར་ཐོབ་ལུགས་རྣམས་ཞིབ་ཏུ་ཞུས་པས། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། རྒྱུ་མཚན་ཡོད་ངས་འདུན་པ་བཏང་བ་ཡིན་གསུངས་”ཞེས་གསལ་བ་ལས། གྲུབ་ཆེན་ཨོ་རྒྱན་པར་རྒོད་ཚང་པའི་སྐུ་མདུན་ནས་དུས་དབང་ཐོབ་ལུགས་དེ་བླ་སློབ་ཕན་ཚུན་འདུན་པ་བཏང་བ་ལས་ཐོབ་པ་གསལ་པོ་ཡིན་པའི་ཕྱིར་ན། ཁྱོད་ཀྱིས་ཁྲོམ་སྦལ་གྱི་མཐོང་རྒྱ་ལས་མེད་པའི་ངང་ཚུལ་དེ་དག་གིས་སྤྲུལ་སྐུའི་མིང་གནས་དེ་ཡང་ཁྱི་ལ་སེང་གེའི་མིང་དང་གཉིས་སུ་མ་མཆིས་པར་གཞན་གྱིས་མིན་པར་ཁྱོད་རང་ཉིད་ཀྱིས་རང་ཉིད་ལེགས་པར་བསྒྲུབ་འདུག་གོ །མདོར་ན་ཁྱེད་ཀྱིས་ཁྲོམ་དབང་བསྐུར་ན་དབང་བསྐུར་མི་ཤེས་པ་དང། དམ་ཚིག་ཉམས་པ། དབང་ཞུ་བར་དངོས་སུ་འགྲོ་དགོས་པ། དྲྭ་ཐོག་ནས་དབང་མི་ཐོབ་ཚུལ་བཤད་པ་དེ་དག་ལ་རྒྱབ་རྟེན་ལུང་རིགས་ཀྱི་ཁུངས་ལུང་ཅི་ཡང་མེད་པར་ཆེད་དུ་༸གོང་ས་མཆོག་གི་མཛད་པ་ནམ་མཁའ་དང་མཉམ་པར་ཕྲག་དོག་འགྲན་ལངས་ཀྱིས་མཚན་སྨོད་ཞུས་པ་ཞིག་ཡིན་ཀྱང། བོད་ཀྱི་གཏམ་དཔེར། བགྲོད་ཆེན་རྟ་ཕོའི་བགྲོད་ལམ་དེ། །སྲོག་ཆགས་གྲོག་མས་བཀག་མི་ཐུབ། །ཞེས་དང། ཅང་ཤེས་རྟ་ཕོའི་འགྲན་ཟླ །མགྲིན་བཟང་བོང་བུས་མི་ཡོང་། །ཞེས་པ་འདི་དག་གི་དོན་ཡིད་ལ་ལེགས་པར་དྲན་པར་བགྱིས་ཏེ། ད་ནས་དགུན་གྱི་ཁུ་བྱུག་གི་ངང་ཚུལ་བཟུང་ནས་གནས་ན་མཛེས་སོ་ཞེས་སྨྲ་བའོ། །
གསུམ་པ། ཁྱོད་ཀྱིས་དྲྭ་ཐོག་ནས་དབང་བསྐུར་བ་བསྟན་པ་བཤིག་ཚུལ་དུ་བརྗོད་པ་མི་བདེན་པ།
ཡང་ཁྱོད་ཀྱིས་ “ཏཱ་ལའི་བླ་མས་སང་ཉིན་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྐུར་འོང་ཟེར་བ་ཉིན་མ་གཉིས་ལ། འཛམ་བུ་གླིང་པའི་མི་ཐམས་ཅད་ལ། དྲ་ཐོག་ནས། ད་དེ་ཚོ་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་རེད།”ཅེས་བཤད་དེ་༸གོང་ས་མཆོག་ལ་བསྟན་པ་བཤིག་མཁན་ཞེས་མཚན་སྨོད་ཞུས་ཡོད། འོན་ཀྱང་དྲ་ཐོག་ནས་དབང་བསྐུར་བར་བསྟན་པ་བཤིག་པར་ཇི་ལྟར་འགྲོ་འམ། དེའི་དོན་ནི་གསང་སྔགས་ཁྲོམ་དབང་དུ་བསྐུར་བའི་རྒྱུ་མཚན་གྱི་ཡིན་ཟེར་རྒྱུ་ཡིན་ནམ། ཡང་ན་དྲ་ཐོག་ནས་ཆོས་བཤད་བྱས་པ་ཙམ་གྱིས་བསྟན་པ་བཤིག་པར་འགྲོ་ཟེར་བ་ཇི་ལྟར་ཡིན། དང་པོ་ལྟར་ན་ཁྲོམ་དབང་བསྐུར་བའི་རྒྱུ་མཚན་གྱིས་ཡིན་ན། གོང་དུ་མང་དུ་བརྗོད་ཟིན་པ་ལྟར་བདག་ཅག་སྟོན་པས་གཙོས་པའི་ཁྱོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱང་བསྟན་པ་བཤིག་མཁན་དུ་འགྱུར་ཏེ། ཁོང་རྣམ་པས་ཀྱང་ཁྲོམ་དབང་དུ་བསྐུར་བ་གོང་དུ་ཞུས་ཟིན་པ་ལྟར་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱང་བསྟན་པ་བཤིག་མཁན་དུ་ཐལ་ཏེ་བརྒྱུད་པའི་བླ་མ་རྣམས་ཀྱི་མན་ངག་དེ་དག་ཁྱོད་ལ་ལྡན་པར་ཁས་འཆེ་བའི་ཕྱིར། དེས་ན་ཁྱོད་ཀྱང་བསྟན་པ་བཤིག་མཁན་དུ་འདོད་དམ། ཆོས་བརྒྱད་སྙིང་ལ་ཞུགས་པ་ཁྱོད་ཀྱིས་དེ་ལྟར་ཁས་ལེན་བྱེད་མི་སྲིད་ཀྱང་དོན་ལ་དེ་འདྲ་རང་ཆགས་ཡོད། མ་ཟད་ཁྱོད་ཀྱིས་དངོས་སུ་ཚིག་ཟིན་ལ་མ་བརྗོད་ཀྱང། དོན་གྱིས་ས་སྐྱ་གོང་མར་ཡང་བསྟན་པ་བཤིག་མཁན་ཡིན་པའི་མཚན་སྨོད་ཞུས་ཡོད་དེ། ས་སྐྱ་གོང་མ་རིན་པོ་ཆེས་ཉེ་དུས་དྲྭ་ལམ་ནས་དབང་བསྐུར་གནང་ཡོད་པས་སོ། །འོན་ཀྱང་སྐབས་དེ་དུས་ཁྱོད་ཀྱང་སྦྲང་སྒྲ་ཙམ་ཡང་གོ་རྒྱུ་མེད་པར་ལུས་ཤིང། དེ་རིང་༸གོང་ས་མཆོག་ལ་ཆེད་དུ་མཚན་སྨོད་ཞུས་པ་ནི་བསྟན་དོན་དུ་མིན་པར་དགོས་པ་གཞན་ཞིག་གི་ཡིན་པ་གསལ་པོ་མ་ཡིིན་ནམ། དེ་ལྟར་ཁྱོད་ཀྱི་འདོད་ཚུལ་གཉིས་པ་ལྟར་ནའང་མི་འཐད་དེ། དྲྭ་ཐོག་ནས་ཁྱོད་ཀྱིས་ཀྱང་ཆོས་བཤད་བྱས་པའི་ཕྱིར་ཏེ། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཁྱོད་ཀྱིས་སྐྱ་མིན་སེར་མིན་གཟུགས་ཀྱིས་ཆོས་ཀྱི་བསླབ་བྱ་རྒྱག་ཁུལ་བྱས་འདུག་པའི་ཕྱིར། དེས་ན་ཁྱོད་ཀྱང་བསྟན་པ་བཤིག་མཁན་དུ་རང་ཉིད་ཀྱིས་ཁས་བླངས་པ་མ་ཡིན་ནམ། གལ་ཏེ་ཁྱོད་ཀྱིས་བཤད་པ་དེ་ཆོས་བཤད་མིན་ན་དེ་ལྟར་དང། ཡིན་ན་ར་སྤུའི་འུར་རྡོ་ར་ལ་ཕོག་པ་དང་མཚུངས་པས་ཁྱོད་ནི་ཅི་འདྲའི་གླེན་པ་ལུག་ལྟ་བུ་ཞིག་རེད་མི་འདུག་གམ། ཡང་ཁྱོད་ཀྱིས་རྒྱུ་མཚན་དེ་གཉིས་གང་ཡང་མིན་པར་བསྟན་པ་བཤིག་མཁན་དུ་འགྱུར་ཚུལ་དེ། སྔགས་ཀྱི་རྩ་ལྟུང་བདུན་པ་[4]དང་འགལ་བས་ཡིན་ཟེར་ནའང་མི་འཐད་དེ། མ་སྨིན་མི་ལ་གསང་བ་བསྒྲགས་པ་ཞེས་པའི་དོན་ནི། སྡོམ་གསུམ་བསླབ་བྱ་ནོར་བུའི་འོད་འཕྲེང་ ཤ་ ༧༦ ལས། “དབང་མཚན་ཉིད་དང་ལྡན་པས་སྣོད་རུང་དུ་མ་བྱས་པའི་གང་ཟག་ལ་དེར་འདུ་ཤེས་པས་ལྷའི་རྣལ་འབྱོར་ལ་སོགས་པའི་སྔགས་ཀྱི་གསང་བ་གང་ཡང་རུང་བ་བསྒྲགས་པ་ཕ་རོལ་པོས་དོན་གོ་ན། མ་སྨིན་པ་ལ་གསང་བ་བསྒྲགས་པའི་རྩ་ལྟུང་”ཞེས་གསུངས་ཡོད་པས། སྐབས་འདིར་མ་སྨིན་པ་ཞེས་པ་དེ་དབང་མཚན་ཉིད་དང་ལྡན་པས་སྣོད་རུང་དུ་བྱེད་མ་མྱོང་བའི་གང་ཟག་ལ་གོ་བས་ན། སང་ཉིན་དྲ་ཐོག་ནས་འཇོལ་མོས་གནམ་ཆུ་སྒུག་པ་ལྟར་༸གོང་ས་མཆོག་གི་བཀའ་དབང་ཞུ་མཁན་མང་ཆེ་བ། དུས་དབང་ཞུ་མྱོང་མཁན་ཡིན་པ་དང། ཡང་ལ་ལ་ནི་དབང་ཞུ་འདོད་མེད་ཀྱང་། བྱམས་བརྩེའི་བདག་ཉིད་ཆེན་པོ་འཇིག་རྟེན་ཀུན་ཁྱབ་ཀྱི་བླ་མའི་གསུང་ཉན་འདོད་པ་དང། ཞལ་མཇལ་ཞུ་འདོད་པ། སྐབས་བབ་ཏོག་དབྱིབས་དང་འབྲེལ་བའི་སེམས་ངལ་སེལ་འདོད་པ་བཅས་ཀྱི་ཆེད་དུ་ངང་སྒུག་བྱེད་བཞིན་པ་ཡིན་པས་ན། ཁྱོད་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་སྐྱེ་མི་དགོས་ཏེ་བཅར་ཚད་ཐམས་ཅད་དབང་ཞུ་མཁན་མིན་པས་སོ། །གལ་ཏེ་ཡིན་པའི་དབང་དུ་བཏང་ཡང་སྐྱོན་མེད་སྟེ། དེ་དག་གི་རྒྱུད་ལ་བཅོས་མ་མིན་པའི་དད་པ་དང་ཡིད་ཆེས། གུས་བརྩི་བཅས་དབང་ཞུ་བར་དགོས་ངེས་ཀྱི་ཆ་རྐྱེན་གཙོ་བོ་རྣམས་ཚང་བའི་པྱིར། དེ་ལྟ་བུའི་དད་ལྡན་ལ་དབང་བསྐུར་ཏེ་དེ་དག་གི་རྒྱུད་ལ་རང་རང་ཁམས་མོས་དང་འཚམས་པའི་བཟང་པོའི་ས་བོན་རེ་བཞག་སྟེ་མཐར་གཏན་བདེའི་ས་ལ་འགོད་ཐུབ་ན་དེ་ནི་སངས་རྒྱས་ཀྱི་བསྟན་པའི་དགོངས་དོན་དང་མཐུན་པ་ཞིག་ལས། བསྟན་པ་བཤིག་མཁན་དུ་ཇི་ལྟར་འགྲོ་སྟེ་གཏན་ནས་མི་འགྲོའོ། །མདོར་ན་ཁྱོད་ཀྱིས་དྲྭ་ཐོག་ཏུ་དབང་བསྐུར་བ་རྒྱུ་མཚན་དུ་བྱས་ཏེ་བསྟན་པ་བཤིག་མཁན་ཞེས་ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང། གནད་ལ་འཁེལ་བའི་སྒྲུབ་བྱེད་ཡང་དག་པ་གཅིག་ཀྱང་སྨྲ་རྒྱུ་མེད་པས་ན། ༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་ཇི་ལྟར་ཞུས་ཀྱང། རང་གི་དེ་ཉིད་བསྟན་པ་ཙམ་ལས་གཟུར་གནས་སུས་ཀྱང་ཁྱོད་ཀྱི་འདོད་པའི་རྗེས་སུ་འབྲངས་ཏེ་ཁྱོད་ལ་མཐོ་བོང་ཀེར་མཁན་གྱི་གང་ཟག་ནི་ནམ་མཁའི་མེ་ཏོག་གི་དཔེ་དང་མཚུངས་པ་འདི་ལེགས་པར་ཡིད་ལ་ཟུངས་ཤིག །
བཞི་པ། དོན་ལ་བསྟན་པ་བཤིག་མཁན་སུ་ཡིན་ནམ།
སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ནི་དགེ་འདུན་གྱི་སྡེ་ལ་རག་ལས་པར་གསུངས་ཤིང་དེ་བཤིག་མཁན་ཡང་དགེ་འདུན་སྡེ་ཉམས་དམས་སུ་གཏོང་མཁན་ཞིག་དགོས་པ་ཞར་ལ་ཤེས་ཐུབ། དེ་ཡང་ཀུན་མཁྱེན་ཀློང་ཆེན་པའི་མན་ངག་མཛོད་ལས། “བསྟན་པའི་རྩ་བ་ཚུལ་ཁྲིམས་ཤེས་པ་དང། །ངན་སོང་སྣ་ཁྲིད་སྡིག་པར་ཤེས་པ་དང་། །སྲུང་སྡོམ་མེད་ན་ཆོས་རྩ་རུལ་བ་དང། །ཡོན་ཏན་ཀུན་གྱི་རྟེན་དུ་ཤེས་པ་དང་། །མཐོ་རིས་འཛེགས་པའི་སྐས་སུ་ཤེས་པ་དང། ཐར་པར་བགྲོད་པའི་བཞོན་པར་ཤེས་པ་དང། །ཁྲིམས་གཙང་བསྲུང་ལ་གཅེས་སྤྲས་ནན་ཏན་བྱ། །”ཞེས་བསྟན་པའི་རྩ་བ་ཚུལ་ཁྲིམས་ཡིན་པར་གསུངས་པ་དང་སྲུང་སྡོམ་མེད་ན་ཆོས་ཀྱི་རྩ་བ་རུལ་བར་གསུངས་ཡོད། དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོའི་ཡོན་ཏན་གཞི་གྱུར་མར། “བསྟན་པའི་རྩ་བ་སོ་སོར་ཐར་པ་ལ། །སྒྲུབ་པ་སྙིང་པོ་བྱེད་པར་བྱིན་གྱིས་རློབས། །”ཞེས་དང། པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བའི་མཐའ་དཔྱོད་ལས་ཀྱང། “སྡེ་སྣོད་གསུམ་ཡོད་པ་ལས། འདུལ་བའི་སྡེ་སྣོད་ཉིད་སྡེ་སྣོད་གཞན་གཉིས་ཀྱི་གཞིའམ་རྩ་བར་གསུངས་ཕྱིར་ན། དེ་ཉིད་འདིར་བཤད་པར་བྱའོ་”ཞེས་སོགས་གཞུང་དུ་མར་སངས་རྒྱས་ཀྱི་བསྟན་པའི་རྩ་བ་སོ་ཐར་གྱི་ཚུལ་ཁྲིམས་ཡིན་པར་གསུངས་ཡོད། དེས་ན་ཁྱོད་ལྟར་ན་༸གོང་ས་མཆོག་དགེ་འདུན་གྱི་སྡེ་ཉམས་དམས་སུ་གཏོང་མཁན་དེ་ཡིན་དགོས་ཏེ། ཁྱོད་ཀྱིས་༸གོང་ས་མཆོག་བསྟན་པ་བཤིག་མཁན་དུ་འདོད་པའི་ཕྱིར། འོན་ཀྱང་དེ་ནི་མཁྲིས་ནད་ཅན་ལ་དུང་དཀར་སེར་པོའི་དཔེ་ལས་མ་འདས་ཏེ། ༸གོང་ས་མཆོག་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་སྟོན་པ་གཉིས་པ་ལྟ་བུ་དེ་ཡིན་པ་མཐོང་ཆོས་མྱོང་གྲུབ་མ་ཡིན་ནམ། མ་ཟད་༸གོང་ས་མཆོག་ནས་བསྙེན་རྫོགས་སྒྲུབ་པའི་དགེ་སློང་ཁྲི་ཕྲག་བརྒལ་བ་དང་དགེ་ཚུལ་ཁྲི་ཕྲག་བརྒལ་བ་ཡོད་པའི་ཕྱིར་ན། ༸གོང་ས་མཆོག་གིས་བསྟན་པ་གནས་ཐབས་ལ་ཇི་ཙམ་ཐུགས་ཕན་གསོས་མིན་ལོངས་བ་མིན་ན་མཐོང་ཚོད་དང་འོན་པ་མིན་ན་གོ་ཚོད་ཨེ་རེད། འོ་ན་བསྟན་པ་བཤིག་མཁན་གྱི་དོན་དེ་ཙམ་མ་ཡིན་ཟེར་ན། འདི་བརྗོད་པར་འདོད་དེ། སྔོན་ཆད་བོད་ཀྱི་སངས་རྒྱས་བསྟན་པར་མཐོང་ཚུལ་མི་ལེགས་པའི་ཡོད་པ་དེ་དག་ད་ཆ་འཇིག་རྟེན་ཆེན་པོ་ཀུན་གྱིས་གུས་བཀུར་ཡི་རང་ཞུ་ཡུལ་དང་དོ་སྣང་བྱ་ཡུལ་དུ་གྱུར་བ་འདི་༸གོང་ས་མཆོག་ཁོ་ནའི་སྐུ་དྲིན་མ་ཡིན་ནམ། དེ་དང་ཕྱོགས་མཚུངས་སྔོན་ཆད་གྲོང་པའི་སྐུ་རིམ་སྒྲུབ་མཁན་ཙམ་དུ་ལུས་པའི་དགོན་སྡེ་གྲྭ་ཚང་ཁག་དེང་སང་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གཞུང་ཆེན་མར་ཁུ་འདྲ་བ་འདི་དག་ལ་རིགས་ལམ་གྱི་སྒོ་ནས་ཐོས་བསམ་བྱ་ཡུལ་དུ་གྱུར་པ་འདི་༸གོང་ས་མཆོག་གི་སྐུ་དྲིན་ཉག་གཅིག་གི་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ། དེས་ན་བོད་མི་རིགས་དང་སངས་རྒྱས་ཀྱི་བསྟན་པ་སྤྱིའི་མཚན་ལ་དགུང་འདེགས་ཀྱིས་མཛད་རྗེས་རླབས་པོ་ཆེ་འཇོན་གནང་མཁན་༸གོང་ས་མཆོག་ལྟ་བུར་ཡང། བསྟན་པ་བཤིག་མཁན་ཞེས་བསྙོན་འདིང་པ་ནི་བསོད་ནམས་ཟད་པའི་རང་རྟགས་ཕྱིར་མངོན་པ་ཡིན་པས་ཚོགས་གསོག་སྒྲིག་སྦྱོང་ལ་འབད་ན་ལེགས་སོ། །དེས་ན་དོན་དུ་བསྟན་པ་བཤིག་མཁན་ངོ་མ་ནི་སྤྲུལ་མིང་འཛིན་པ་ཁྱོད་ལས་མ་འདས་ཏེ། སངས་རྒྱས་བསྟན་པའི་དགོངས་དོན་ནི་གཞན་ལ་ཕན་ཐོགས་བསྒྲུབ་རྒྱུ་དང། གལ་ཏེ་ཕན་མ་ཐོགས་ནའང་གནོད་མི་སྐྱེལ་བ་ནི་རྩ་བའི་རྩ་དོན་རེད། འོན་ཀྱང་ཁྱོད་ཀྱིས་དེ་ལས་ལྡོག་སྟེ་གཞན་ལ་བསྙོན་འདིང་ཨེ་ཐུབ་དང། ཟུར་ཟ་བྱེད་ཨེ་ཐུབ། འཆམ་མཐུན་གྱི་སྤྱི་ཚོགས་དཀྲུག་ཨེ་ཐུབ་བལྟས་ཏེ་ད་བར་བསྡད་པ་ཁྱོད་ཀྱི་དྲི་མས་ཁེངས་པའི་རང་གི་ལོ་རྒྱུས་ལ་ཟུར་ཙམ་བལྟས་ན་ཧ་གོ་དོན་གསལ་ཡིན། མ་ཟད་དུས་ཚོད་ཛ་དྲག་གི་གནས་སྟངས་འདི་ལྟ་བུར་སྤྲུལ་སྐུའི་མིང་གནས་ཤིག་ཡོད་པའི་ཆ་ནས་ཁྱོད་ཀྱིས་མང་ཚོགས་ཀྱི་སེམས་ངལ་གསོ་རྒྱུ་ཕར་བཞག གཅིག་བྱས་ན་སེམས་ངལ་གསོ་བའི་ནུས་པ་ཡང་ཡོད་ཚོད་མི་སྣང་སྟེ། རང་རྒྱུད་ཆགས་སྡང་གི་དབང་དུ་སོང་བས་སོ། །དེས་ན་སེམས་ངལ་གསོ་ཐབས་བྱས་རུང། སིང་སྐྱུར་ལ་བཏབ་པའི་ཕྱེ་བཞིན་ཁ་ན་ཡམ་མེ་པ་ཞིག་ལས་དོན་ལ་ཕན་ཁྱད་འགྲོ་དཀའ་བ་རྒྱུ་འབྲས་ཀྱི་ཆོས་ཉིད་དེའི་ཕྱིར་རོ། །དེ་ལྟར་ཁྱོད་ཀྱིས་དད་ལྡན་མང་ཚོགས་ལ་ཁྱོད་ལ་དགོས་ན་འདི་ཁྱེར་ཟེར་བ་ལྟ་བུར་མང་ཚོགས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཏུ་གྱུར་པ་༸གོང་ས་མཆོག་ལ་མཚན་སྨོད་ཞུས་པ་དེས་མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར་གྱུར་ཏེ། མང་ཚོགས་ཀྱི་སེམས་པ་ཟང་ཟིང་དུ་བཏང་ཡོད། དེས་ན་བྱེད་སྟངས་འདི་རིགས་ནི་སངས་རྒྱས་བསྟན་པའི་དགོངས་དོན་དང་འགལ་བའི་ཕྱིར་ན། དོན་ངོ་མར་ཁྱོད་ནི་བསྟན་པ་བཤིག་མཁན་གྱི་བསྟན་དགྲ་ངོ་མ་དེ་ཆགས་ཡོད་ལ་ད་དུང་མང་དུ་བཤད་རྒྱུ་ཡོད་ཀྱང་དུས་ཚོད་དབང་གིས་འདི་ཙམ་གྱིས་འཐུས་པར་བྱས་སོ། །མདོར་ན་ཁྱོད་ཀྱིས་ཕྲག་དོག་འགྲན་ལངས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་བར་ཆད་བཟོ་ཨེ་ཐུབ་ཀྱིས་ཆེད་དུ་མཚན་སྨོད་ཞུས་པ་འདི་དག་ནི། ཞོ་ལྟར་ཆགས་པའི་ཆོས་བརྒྱུད་ནང་ཕན་ཚུན་འགལ་ཟླ་ཆགས་གཞི་དང། ལྷིང་ཏོག་ཙམ་འཇགས་མ་ཐག་པའི་སྤྱི་ཚོགས་འདི་སླར་ཡང་ཟང་ཟིང་དུ་གཏོར་བྱེད་དུ་གྱུར་ན། ཁྱོད་ཀྱིས་ཡིག་ངག་གཉིས་ཐོག་ནས་༸གོང་ས་མཆོག་དང་མང་ཚོགས་ལ་དགོངས་སེལ་ཞུ་དགོས་པ་ནི་ཁྱོད་ཀྱི་མིག་སྔར་ལྷག་པའི་བཟང་ཕྱོགས་ཀྱི་གདམ་ཁ་གཅིག་པུ་དེ་ཡིན་ནོ། །
མཇུག་བསྡོམས།
མདོར་ན་གོང་དུ་ས་བཅད་བཞིར་དབྱེ་སྟེ་དང་པོར་ཁྱོད་ཀྱིས་ཁྲོམ་དབང་དར་དུས་ཀྱི་ལོ་རྒྱུས་ལ་འཁྱོད་བཤད་བྱས་ཏེ་རང་གི་འདོད་ཕྱོགས་སུ་རྫུན་བཟོ་བྱས་པ་མི་བདེན་པའི་གསལ་བཤད་དང། གཉིས་པར་ཁྲོམ་དབང་བསྐུར་ན་དམ་ཚིག་ཉམས་པ་དང་དབང་བསྐུར་མ་ཤེས་པར་བཤད་པ་དེ་གཞུང་གི་དགོངས་པ་མ་ལོན་པའི་ཧམ་བཤད་ཡིན་པ་བསྒྲུབ་ཡོད་ཅིང། གསུམ་པར་དྲྭ་ཐོག་ནས་དབང་བསྐུར་བ་ཙམ་གྱིས་བསྟན་པ་བཤིག་ཚུལ་དུ་འགྲོ་ན་ཧ་ཅང་ཐལ་ཆེ་བ་དང། བཞི་པར་བསྟན་པ་བཤིག་མཁན་ངོ་མ་དེ་ཁྱོད་རང་ཉིད་ལས་༸གོང་ས་མཆོག་མིན་པ་རྒྱུ་མཚན་ལམ་ནས་དངོས་ར་བདེན་སྤྲོད་བྱས་ཏེ་རྐང་ལག་ཐེམ་སྤང་གི་ལྕགས་སྒྲོག་གིས་བཅིངས་ཡོད་པའི་ཁར་ཁྱོད་ཀྱི་ཁ་ཡང་གང་འདོད་དུ་སྨྲ་ན་མི་རུང་བའི་གནས་སུ་ལེགས་པར་བཀོད་ཡོད་དོ། །
དཔྱད་གཞི།
༡༽ འཛམ་ཐང་མཁན་པོ་བློ་གྲོས་གྲགས་པ། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ཕྱི་ལོ་ ༡༩༩༢ ལོར་མཚོ་སྔོན་མི་རིགས་པར་ཁང་དུ་པར་སྐྲུན་ཞུས།
༢༽ འབོ་དཀར་དགོན་གྱི་མཁན་པོ་བློ་གྲོས་དོན་ཡོད། དུས་འཁོར་ཆོས་འབྱུང་ཐུབ་བསྟན་མཛེས་རྒྱན། ཕྱི་ལོ་ ༢༠༠༥ ལོར་འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་བླ་སྤྱིས་པར་སྐྲུན་ཞུས།
༣༽ རྗེ་བདག་ཉིད་ཆེན་པོ། གསང་སྔགས་ཚུལ་ཁྲིམས་རྣམ་བཤད། ཕྱི་ལོ་ ༢༠༠༤ ལོར་བསྟན་བཟང་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས།
༤༽ བསོད་ནམས་འོད་ཟེར། གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར། གངས་ཅན་རིག་མཛོད། ཕྱི་ལོ་ ༡༩༩༧ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས།
༥ ༽ OT Rinpoche’s advice in the time of COVID-19
༦༽ མཚན་ཞབས་དགེ་བཤེས་ཚེ་དབང་བསམ་འགྲུབ། སྡོམ་གསུམ་བསླབ་བྱ་ནོར་བུའི་ཕྲེང་བ། ཕྱི་ལོ་ ༢༠༡༧ ལོར་དགའ་ཤར་བླ་བྲང་ནས་པར་སྐྲུན་ཞུས།
ལན་གཅིག་བཀླགས་ཟིན། རྐང་ལག་མོ་དིས་ཁྱིམ་སྡོད་བཀག་རྒྱས་བསྡམས་ཤིང་། སྨྲ་ལྕེ་ཁྱོད་ཀྱིས་ལུང་རིགས་ཀྱི་སྒྲོག་གིས་བཅིངས་འདུག། ཐུགས་རྗེ་ཆེ། འོན་ཀྱང་ད་ཁོ་པ་མནར་མེད་དུ་མི་སྐྱེ་བའི་སྨོན་ལམ་བཅིངས་སྒྲོལ་མ་ཞིག་ཀྱང་གསུང་བ་ཞུ།