གཡུ་སྒང་དགེ་འདུན།
(ལུས།)
ཚིམས་མེད་འདོད་སྲེད་སྤྲིན་ནག་ལྷོག་ལྷོག་ཁོལ།།
མི་བཟད་ཞེ་སྡང་གློག་དམར་འཁྱུག་འཁྱུག་རྒྱུ།།
རྨོངས་འཐོམ་གཏི་མུག་སྨག་རུམ་འཐིབ་འཐིབ་ཀྱི།།
དུག་གསུམ་རལ་གྲིས་ཚེ་སྲོག་གྲངས་མེད་གཅོད།།
དབང་དང་གཡོ་སྒྱུའི་ལས་ལ་བྲེལ་ཆེ་ཞིང་།།
རེ་རེའི་ཐབས་ལའང་རིགས་པའི་བྱང་ཆ་ཅན།།
འཕྲལ་མར་འཇབ་བུའི་མིང་བྱང་མེད་ན་ཡང་།།
དོན་དངོས་མ་བྱིན་ལེན་ལས་ཁྱད་པར་ཅི།།
གཞན་གྱིས་བདག་པར་མཆུ་ཡི་ཡལ་འདབ་གཡོས།།
ལིངྐའི་ཚོར་ཤུགས་སྤྱི་བོའི་གསེང་དུ་འཐིམས།།
བཤང་གཅི་ལྗན་ལྗིན་མི་དགའི་ས་བོན་བཏབ།།
སྐྱིད་སྣང་བརྟས་པའི་ཨྱོན་སྟོབས་རྒྱལ་ཁྱོད།།
(ངག)
རང་གཤིས་རྫུན་གསུམ་སྒྱུ་མའི་རྐྱལ་བ་འཆང་།།
ཙབ་ཙོབ་སླུ་བྲིད་ལས་ཀྱི་དུས་འདའ་ཞིང་།།
མཐུན་མིན་སླུ་དང་འཇིགས་པའི་རྒྱུ་བསྐྱེད་པའི།།
བློ་གཏད་མེད་པའི་སྤྲུལ་རྫུན་ཆོས་ཀྱི་གཤེད།།
མངོན་ལྐོག་ཕྲ་མའི་དབྱུག་པས་གཞུས་པ་ཡིས།།
ཞེ་མཐུན་ཆོལ་གསུམ་ཁྱི་དང་ར་རུ་བཏང་།།
ལྕང་ལྕོང་བགྲོད་དཀའ་འཇིགས་སུ་རུང་བའི་ལམ།།
གསོག་ལ་རྔམ་པ་སྲིད་འདིིའི་གསོན་འདྲེ་ཉིད།།
གཞན་སེམས་འཁྲིགས་སུ་འཇུག་པའི་ངན་པའི་ཚིག །
དོན་མེད་སྙིང་ལ་བསྣུན་པའི་བྱ་སྤྱོད་ཀྱིས།།
རང་ལས་རང་གིས་སྡིག་པའི་འོབས་སུ་གཡུགས།།
མི་བཟོད་ཚེར་ལྭ་གྱོན་པའི་སྡིག་ཅན་ཁྱོས།།
ཕན་མེད་གཏམ་གྱིས་དུས་གསུམ་བག་མེད་བསྐྱལ།།
ཆགས་སྡང་ཚིག་གིས་རང་རྒྱུད་དུག་ཏུ་བསྒྱུར།།
རང་གཞན་ཕུང་ལ་སྦྱོར་བའི་ངག་ཀྱལ་གཏམ།།
ཅི་དགར་ལོངས་སུ་སྤྱོད་པའི་ཚུལ་ལ་ལྟོས།།
(ཡིད།)
གཞན་རྒྱུ་བདག་ཐོབ་སེམས་ཀྱི་གཏིང་རིམ་ནས།།
ཐབས་བྱུས་རྨི་ལམ་སྟོང་གི་ནགས་ཚལ་ན།།
འདོད་པའི་བརྐམ་ཆགས་མེ་དཔུང་ལྷབ་ལྷབ་ཏུ།།
གཡོ་བས་ངོ་ཚ་དབེན་པའི་གཤིས་རྒྱུད་འཛིན།།
ཁོན་དང་འཁུ་བའི་སེམས་ཀྱི་ངར་ཤུགས་ལས།།
གུད་དང་སྡུག་བསྔལ་གཞན་ལ་འོང་བའི་བློ།།
མ་རུང་སྡིག་སེམས་ཁྲག་མཚོ་ཁོལ་བའི་རླབས།།
ཡོལ་མེད་རྟག་ཏུ་འཕྱོ་བ་འདོད་ལྷའི་གྲོགས།།
ལེགས་བྱས་ཉེས་སུ་ལྟ་བའི་རང་ཁྱིམ་ན།།
དུང་མདོག་སེར་པོར་མཐོང་བའི་མཁྲིས་ནད་ཅན།།
རྟག་ཆད་མུན་པའི་གནས་སུ་སྐྱབས་འཆའ་ཞིང་།།
སྒྲོ་སྐུར་ལས་བརྩོན་བླ་རྫུན་སྲིན་བྱ་འཕོངས།།
ཞེས་གཡུ་སྒང་དགེ་འདུན་གྱིས།
༢༠༢༠ ཟླ་ ༥ ཚེས་ ༢༩ ཉིན་བྲིས།