ཧོར་གཙང་འཇིགས་མེད།
ད་ལྟའི་འཛམ་གླིང་ཧྲིལ་བོ་ཏོག་དབྱིབས་ནད་དུག་གིས་བསྒྲིབས་ནས་མི་རྒྱུ་སྲོག་གསུམ་ལ་གོད་ཆག་ཆེན་པོ་ཕོག་ནས། ཟླ་ངོ་ནས་ཟླ་ངོའི་བར་མི་མང་ས་ཡ་མང་བོས་ཁྱིམ་གྱི་སྒོ་ཐེམ་བརྒལ་བགྲོད་ཙམ་བྱེད་རྒྱུ་ལའང་འཇིགས་སྣང་སྐྱེ་དགོས་པའི་དུས་ཚོད་ཉམ་ང་བ་འདི་འདྲའི་ནང་དུ། འཛམ་གླིང་གི་ས་ཕྱོགས་གང་ས་ན་ཡི་མུག་ཅིང་རེ་ཐག་ཆད་ལ་ཉེ་བའི་སྐྱེ་བོ་མང་བོ་ཞིག་གིས་གསོལ་འདེབས་ཞུས་དོན་ལ། མགོན་པོ་བརྩེ་བའི་གཏེར་ཆེན་མཆོག་ཉིད་ཀྱིས་ཞལ་བཞེས་བཟང་བོ་ཐོབ་སྟེ། ཟླ་བ་འདིའི་ཚེས་༡༦ དང་༡༧ གཉིས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དང་འབྲེལ་ཏེ། འཇིགས་སྐྲག་གི་གནས་སྐབས་སུ་བསམ་བློ་གང་འདྲ་ཞིག་ལ་བརྟེན་ནས་སེམས་ཀྱི་དཀའ་ངལ་སེལ་ཐབས་བྱ་དགོས་པའི་ལམ་སྟོན་ཧ་ཅང་གལ་ཆེན་མང་བོ་བསྩལ་ཡོད་པ་དང་། དྲ་ལམ་ནས་ཐད་གཏོང་ཞུ་མཁན་གྱི་མི་གྲངས་ཆིག་འབུམ་ཆིག་ཁྲི་བརྒལ་བ་དེ་དག་ལ་དབུགས་དབྱུང་གནང་བ་ཙམ་ཞིག་མིན་པར། མི་གྲངས་ཆིག་འབུམ་བརྒལ་བ་དེ་དག་གིས་རང་རང་ལ་དྲ་འབྲེལ་ཡོད་མཁན་དག་ལ་བརྒྱུད་གཏོང་བྱས་པ་སོགས་གཅིག་ལ་གཅིག་བརྒྱུད་ཀྱིས་ད་རེས་ཀྱི་དྲ་ལམ་གསུང་ཆོས་ལ་ཉན་བསམ་བྱེད་མཁན་མི་གྲངས་ས་ཡ་མང་བོ་བྱུང་ཡོད་པ་ལ་ཚོད་དཔག་བྱེད་ཆོག་པ་དེ་ནི་ཤིན་ཏུ་ནས་ཀྱང་ཡི་རང་ཞུ་འོས་པ་ཞིག་ཡིན།
འོན་ཀྱང་ཆོས་རིག་བཀའ་བློན་གྱིས་གོང་ས་རྒྱལ་དབང་མཆོག་གིས་འཁོར་དང་ཟང་ཟིང་ལ་རེ་བའི་འདུ་འདོད་ལྟ་བུར་སྒྱུར་ཐབས་བྱས་འདུག་པ་དེ་ཧ་ཅང་མ་རུང་བའི་བཤད་སྟངས་ཐབས་རྡུགས་ཤིག་ཡིན་ཀྱང་། དོན་གྱིས་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྐབས་ཀྱི་གཞན་དོན་ལ་དམིགས་པའི་དམ་བཅའ་གལ་ཆེན་ཞིག་ནི། སྐྱེ་བོ་དབུགས་མ་འབྱིན་པ་རྣམས་དབུགས་དབྱུང་དགོས་པར་གསུངས་པའང་འདི་འདྲ་ལས་ལྷག་པའི་དཔེ་མཚོན་ཞིག་གང་ན་ཡོད།
དེ་ནས་ཡང་བསྐྱར་འཛམ་གླིང་ས་ཕྱོགས་མང་བོ་ནས་རེ་བསྐུལ་གསོལ་འདེབས་ནན་ཞུས་ལ་དགོངས་ནས། འདི་ཟླའི་ཚེས་༢༩ དང་༣༠ གཉིས་ལ་སྤྱན་རེས་གཟིགས་ཀྱི་དབང་ཆེན་གནང་རྒྱུའི་ཞལ་བཞེས་བཟང་བོ་ཐོབ་དོན་ལྟར། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་བསྐྱངས་པའི་གོ་སྐབས་དང་བསྟུན་ཏེ། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཏཱ་ལའི་བླ་མས་སངས་རྒྱས་ཀྱི་བསྟན་པ་བཤིག་པའི་སྟ་རེ་བཟོ་བཞིན་ཡོད་ཚུལ་དང་། བདུད་ཀྱི་ལས་ངོ་མ་གནང་གི་ཡོད་ཚུལ། གསང་སྔགས་ཀྱི་ཆོས་ཟབ་མོ་དྲ་ལམ་བརྒྱུད་ནས་འཛམ་གླིང་གི་སྐྱེ་བོ་ས་ཡ་མང་བོ་ལ་བསྒྲགས་ནས་གསང་སྔགས་ཀྱི་བསྟན་པ་ཉམས་ཉེས་སུ་གཏོང་གིན་ཡོད་ཚུལ་སོགས་བཤད་སྐབས་ཀྱི་སྐད་ཀྱི་གདངས་དང་། བཀོལ་སྤྱོད་བྱས་པའི་ཐ་སྙད་དང་བཅས་པ་ལ་བོད་མི་བསམ་ཡོད་སུ་ཞིག་གིས་ཀྱང་དང་ལེན་བྱེད་མི་སྲིད།
སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནི་ཕྱིར་མི་ལྡོག་པའི་ནག་ཕྱོགས་ཀྱི་གཡང་ལ་ལྷུངས་པའི་སྐྱེ་བོ་ཞིག་ཡིན་པ་རང་རེའི་སྤྱི་ཚོགས་ལ་རྒྱུས་མངའ་ཟབ་མོ་ཡོད་པས། ད་རེས་བསྟན་པའི་ཁུར་ཆེན་འདེག་པའི་ཟོལ་གྱིས་ཡང་བསྐྱར་ཁོང་སྐྲན་གྱི་ཐིོགས་པ་ཁ་ཤས་ཕྱི་ལ་སྐྱུགས་པ་ཡིན་པས་བསམ་ཡོད་རྣམས་དངངས་འདྲོག་ལངས་དོགས་མ་མཆིས་སྙམ།
འོན་ཀྱང་ང་ཚོ་ཧང་སངས་དགོས་པ་དེ་ནི། བྱ་སྤུ་གནོན་གྱི་ཧམ་པ་བཤད་པའི་འབྲས་བུར་ཁྲིམས་ཀྱི་ཉེས་ཆད་ཕོག་མཁན་ཆོས་རིག་བཀའ་བློན་གཡུ་ཐོག་ཀར་མ་དགེ་ལེགས་ཀྱིས་བཀའ་བློན་གྱི་ལས་ཤོག་སྤྱད་དེ། ཕྱིའི་རྣམ་པ་གཞུང་འབྲེལ་ལྟ་བུ་ལ། ནང་གི་བརྗོད་བྱ་ཀརྨ་དགེ་ལེགས་ཁོང་རང་གི་ཆབ་སྲིད་ཀྱི་ལང་ཕྱོགས་གསལ་སྟོན་བྱེད་ཆེད་ངོ་དགའ་སྤྲེལ་ལད་འཁྲབ་པའི་ཡི་གེ་ཞིག་བོད་མིའི་སྤྱི་ཚོགས་སུ་བཀྲམས་ནས། ཨོ་རྒྱན་སྟོབས་རྒྱལ་གྱིས་རྒྱལ་བ་རིན་པོ་ཆེའི་མཛད་ཕྱོགས་ལ་ངོ་རྒོལ་བྱས་པ་ལ་དག་འབུད་ཀྱི་དགོངས་འགྲེལ་བརྩམས་པ་དེར་བོད་མི་ཕལ་མོ་ཆེ་ཧ་མི་ལས་པ་ག་ལ་སྲིད།
འཇིག་རྟེན་གྱི་འགྲོ་ལུགས་སུ་བྱས་ན། ད་རེས་ཨོ་རྒྱན་སྟོབས་རྒྱལ་གྱི་གཏམ་བཤད་ཚན་པ་དེའི་ནང་དུ། གསང་སྔགས་ལ་ཁག་དཀྲིས་ཏེ། བསྟན་བཤིག་ཡིན་པ་དང་། བདུད་ཀྱི་ལས་རྩོམ་མཁན་ཡིན་པ། སངས་ཀྱི་བསྟན་པ་ཉམས་དམས་སུ་གཏོང་མཁན་ཡིན་པ་སོགས་ནི་བློ་ཡུལ་ལས་འདས་དགོས་པ་སྟེ། རང་ཅག་ལ་དུས་རབས་ཉི་ཤུ་བའི་ནང་གི་རི་སྒུལ་མཚོ་སྐྱོམས་ཀྱི་དྲག་འཁྲུག་གཏོར་བཤིག་ཉམ་ང་བའི་ཆག་འཕྲོ་མཐུད་བསྒྲུགས་གནང་སྟེ། ས་མཐའི་ཡུལ་ནས་ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་རྒྱལ་བསྟན་སླར་གསོའི་མཛད་འཁུར་ཅི་ཙམ་བསྣམས་པ་དང་། གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་སྐྱེ་བོ་ཅི་ཙམ་སྐྱེད་སྲིང་གནང་བ་ཙམ་མིན་པར། རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་བའི་བསྟན་པ་ཉམ་ཆག་ཏུ་ཕྱིན་པ་ལ་གསོན་ཤུགས་བསྐྲུན་པ་ཙམ་ཞིག་ཀྱང་མ་ཡིན་པར། འཛམ་གླིང་རིས་མེད་ཀྱི་སྐྱེ་བོ་ས་ཡ་མང་བོའི་སེམས་ཀྱི་དཀའ་སྡུག་སེལ་བའི་སྨན་མཆོག་ཏུ་གྱུར་པའི་ལེགས་བཤད་ལམ་སྟོན་ཐང་མར་བརྡལ་བ་བརྒྱུད་དེ། རྒྱལ་བསྟན་ཡུན་རིང་གནས་པ་ལ་འགྱུར་བ་མེད་པའི་གཟེར་བཏབ་པ་ཙམ་ཞིག་ཀྱང་མིན་པར། བོད་དང་བོད་ཀྱི་ཆོས་རིག་ལེགས་བྱང་མི་རིགས་དང་བཅས་པའི་ཆེ་མཐོང་ལ་རྒྱ་དགུང་ལ་བསྟད་པ་ཙམ་ཞིག་ཀྱང་མིན་པར། ཕྱིའི་ཚན་རིག་དང་བོད་ཀྱི་ནང་ཆོས་གཉིས་དཔུང་བ་མཉམ་གཤིབ་གནང་སྟེ། འཛམ་གླིང་གི་ཤེས་རིག་སློབ་གསོའི་ཁ་ཕྱོགས་ལ་ཁྲིད་སྟོན་གསར་བ་མཛད་པ་སོགས་བསྟན་པའི་སྲོག་ཤིང་ཉག་ཅིག་ཏུ་བཞེངས་པ་ལ་ལེགས་གསོལ་དང་བསྔགས་བརྗོད་འབུལ་རྒྱུའི་ཚབ་ལ། བསྟན་པ་བཤིག་རབས་ཀྱི་སྡིགས་ར་དམོད་ཚིག་དེ་ཚོ་ལ། ཆོས་རིག་བཀའ་བློན་གྱི་ངོས་ནས། ཆོས་དོན་ལས་ཁུངས་ཀྱི་ངོས་ནས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མོས་མཐུན་མེད་པའི་རྣམ་འགྱུར་ཙམ་ཅིས་ཀྱང་བསྟན་འོས་པ་ལ་དེ་ལས་ལྡོག་སྟེ། བསྔགས་བརྗོད་ཀྱི་རྩོམ་ཡིག་འགྲེམས་སྤེལ་གནང་བ་ལ་མགོ་ཡུ་མི་འཁོར་རང་འཁོར་རེད།
ཨུ་རྒྱན་སྟོབས་རྒྱལ་གྱིས་ག་རེ་བཤད་ཡོད་པ་བོད་སྐད་ཤེས་མཁན་ཚང་མས་གོ་ཐུབ་པས། ཆོས་རིག་བློན་ཆེན་མཆོག་དེའི་རྒྱབ་དཔུང་དུ་བཞེངས་ཏེ། ཨོ་རྒྱན་སྟོབས་རྒྱལ་གྱི་ཁ་ནས་ཚིག་ངན་ཐལ་བ་ཙམ་ལས་བསམ་བློའི་རྒྱབ་ལྗོངས་ལ་དོགས་གནས་མེད་ལུགས་དང་། ཀུན་སློང་རྣམ་དག་ཡིན་ཚུལ་དྲིལ་བསྒྲགས་བྱ་རྒྱུ་དེ་ཆོས་རིགས་བཀའ་བློན་ལ་འཁྲི་བའི་ལས་འགན་ཡིན་དོགས་མེད། ཡང་ན་སྐུ་ངོ་བཀའ་བློན་མཆོག་ལ་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཡོད་པ་ཡིན་ནམ།
གང་ལྟར་ང་ཚོས་ནན་ཏན་གྱི་སྒོ་ནས་སྐུ་ངོ་ཁྱེད་ལ་འདྲི་རྒྱུ་ནི། ཁྱེད་ཆོས་རིག་བཀའ་བློན་མཆོག་ཨོ་རྒྱན་སྟོབས་རྒྱལ་གྱི་སྐུ་ཁོག་ལ་ཞུགས་ནས་ང་ཚོའི་མདུན་དུ་ལྷ་བ་འཁྲབ་དགོས་དོན་ཅི་ཡིན་ནམ་ཞུ་རྒྱུ་དེ་ཡིན།
བཀའ་བློན་མཆོག་གིས་“སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན།” ཞེས་སོགས་ད་རེས་ཀྱི་སྡིག་སྨོད་དེ་རིགས་ལ་ལེགས་གསོལ་གྱི་གཏང་རག་མཚོན་པའི་ཚིག་སྦྱོར་སྤྱད་དེ་དགོངས་འགྲེལ་བརྩམས་པ་དང་། ཨོ་རྒྱན་སྟོབས་རྒྱལ་གྱི་མི་གཤིས་དང་ཀུན་སྤྱོད་སོགས་ཡ་རབས་དྲང་བདེན་ཡིན་ཚུལ་ང་ཚོར་རྒྱུས་སྟོན་གནང་བ་འོ་བརྒྱལ་ཏེ། གོང་ས་རྒྱལ་དབང་མཆོག་ལ་དད་དམ་གཙང་བའི་མི་དམངས་ཀྱིས་བསམ་འདུན་ལ་སྣང་ཆུང་ཁྱད་གསོད་ཀྱི་རྣམ་པ་བསྟན་ཏེ། “མང་ཚོགས་ཁྲོད་དོན་མེད་བློ་ཕམ་” འབྱུང་དོགས་ཡོད་ཀྱང་དེ་ནི་ཅི་ཡང་མ་ཡིན་པ་ལྟ་བུར་སྒྱུར་ཐབས་བྱས་པ་དེས་ཁྱེད་ཀྱི་ཞལ་གང་ལ་ཕྱོགས་པ་མཐོང་ཐུབ་ཀྱང་། ཁྱོད་ལ་“དོན་མེད་”ཡིན་པའི་དབང་དུ་བཏང་ཡང་ང་ཚོ་ལ་དོན་མེད་གཏན་ནས་མིན།
མ་གཞི་ནས་སྐུ་ངོ་བཀའ་བློན་མཆོག་སྒེར་ངོས་ནས་གོང་ས་རྒྱལ་བའི་དབང་བོ་བཅུ་བཞི་བ་མཆོག་རྩ་བརྒྱུད་ཀྱི་བླ་མར་འཛིན་མིན་དང་། དད་གུས་ཞུ་མིན་སོགས་སྐྱེ་བོ་སྒེར་གྱི་བསམ་འདུན་དང་འབྲེལ་བ་མེད་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་བོའི་ནང་འཁོད་གསལ་ལྟར། “བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན།” ཅེས་སོགས་འཁོད་འདུག་པ་ཡིན་སྟབས། སྒེར་གྱི་ངོས་ནས་གུས་བརྩི་མེད་པའི་དབང་དུ་བཏང་རུང་། ཁྲིམས་ལུགས་ཀྱིས་བསྐུར་བའི་འགན་འཁྲིའི་འདུ་ཤས་ཙམ་ནི་ངེས་པར་དུ་ཡོད་དགོས་པ་མ་ཡིན་ནམ།
དོན་ངོ་མར་དྲ་ལམ་ནས་དབང་ལུང་གི་རྒྱུན་ངོ་མ་འཐོབ་དང་མི་འཐོབ་གསུང་བའི་འོས་བབ་ཡོད་མཁན་དག་ནི། སྐུ་ཚེ་སློབ་གཉེར་ལ་སྟིམ་པ་དང་། མི་ཚེ་འཆད་ཉན་བཤད་སྒྲུབ་ལ་སྟིམ་པའི་དགོན་སྡེ་ཁག་གི་མཁས་དབང་ཉམས་མྱོང་གིས་ཕྱུག་པ་དེ་ཚོ་ཡིན་པ་ལས། ཆབ་སྲིད་ཀྱི་གར་སྟེགས་སྟེང་ན་རས་དམར་བོ་གྱོན་མཁན་སྐུ་ངོ་རྣམ་པ་ལ་འོས་བབ་ག་ནས་ཆེ། དོན་གནད་འདི་རིགས་བཤད་པ་ལ་གཅིག་ནས་མདོ་སྔགས་གཉིས་ཀྱིས་བསྡུས་པའི་གསུང་རབ་སྤྱི་དང་བྱེ་བྲག་ལ་སྦྱངས་ཡོན་དང་རྒྱུས་མངའ་ཟབ་མོ་དགོས་པ་དང་། གཉིས་ནས་འདས་པའི་ལོ་ངོ་༢༥༠༠ ལྷག་གི་རིང་ལ་ནང་བའི་བསྟན་པ་ཇི་ལྟར་འཕེལ་རྒྱས་སུ་སོང་བའི་བྱུང་རབས་ལ་གཟིགས་རྒྱ་ཡངས་པ། གསུམ་ནས་ཀླུ་སྒྲུབ་ཡབ་སྲས་ནས་བཟུང་སྟེ་རྒྱལ་བའི་གསུང་རབ་ལ་དྲང་ངེས་ཀྱི་དབྱེ་བ་ཕྱེས་ཏེ་གཏན་ལ་དབབ་པའི་རིགས་པའི་ལམ་སྲོལ་ལ་གཞིགས་ཏེ། སངས་རྒྱས་ཀྱི་ཆོས་ཚན་རེ་རེ་འགྲོ་བ་མིའི་རིགས་ཀྱི་ཁམས་དང་བསམ་པ། དབང་བོ་བག་ལ་ཉལ་སོགས་བསམ་པ་དང་མོས་པ་ཐ་དད་པའི་སྐྱེ་བོ་སྣ་ཚོགས་པ་རྣམས་དབུགས་དབྱུང་བའི་ཕྱིར་དུ་གསུངས་པ་ཤ་སྟག་ཡིན་སྟབས། བསྟན་པ་སྤྱིའི་དབང་དུ་བྱས་པ་དང་། གང་ཟག་སྒེར་གྱི་བསམ་ངོ་ལ་བསྟུན་ནས་གསུངས་པར་མཛད་པ་སོགས་སྤྱི་བྱེའི་གནས་ཚུལ་ལ་རྒྱུས་མངའ་མེད་པར། དངུལ་སྟོབས་ཀྱིས་ཅི་ཡང་བཤད་ཕོད་པ་དང་། དབང་སྟོབས་ཀྱིས་ཅི་ཡང་བསྒྲུབ་ཆོག་པར་འདོད་པའི་ང་རྒྱལ་གྱི་ལྟ་སྤྱོད་དེ་རིགས་ཀྱིས་ཐག་ཆོད་པ་ཞིག་ག་ལ་ཡིན།
ཉི་མ་འདི་དག་གི་རིང་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ལྷ་རམས་པ་འཇམ་དབྱངས་ནོར་བུ་(དྲ་མིང་ངམ་སྨྱུག་མིང་ལ་ལོག་སྨྲ་ཚར་གཅོད།)ལགས་དང་། སེ་ར་བྱེས་པ་གྲྭ་ཚང་གི་དགེ་བཤེས་དྲ་མིང་ལ་གསེར་མདོག་ལྷ་སྲས་སུ་འབོད་པ་དང་། རྣམ་རྒྱལ་གྲྭ་ཚང་གི་དགེ་རྒན་ཟུར་བ་ངག་དབང་སྟོབས་ལྡན་ལགས་སོགས་ལོ་མང་ཐོས་པ་བསྐྱལ་བའི་མཁས་པ་དེ་དག་ནི། རྒྱལ་བའི་གསུང་རབ་སྤྱིའི་ཐུན་མོང་ལམ་སྦྱང་གི་རིམ་པ་ལ་མྱོང་བྱང་ཟབ་པ་དང་། རྒྱུད་དང་རྒྱ་གཞུང་གི་གདམས་པ་མན་ངག་ལ་རྒྱུས་མངའ་ཡོད་པ། དུས་ཡུན་རིང་མོའི་བསྟན་པའི་བྱུང་རབས་ལོ་རྒྱུས་ལ་གཟིགས་རྒྱ་ཡངས་པའི་མཁས་པ་གཟུར་བོར་གནས་པ་མང་དག་གིས་ལུང་དང་རིགས་པ། རྟགས་དང་གཏན་ཚིགས་ལ་བརྟེན་ནས་འགྲེལ་བ་ལེགས་སྤེལ་ཉེས་འགོག་གི་དཔྱད་པ་ཞིབ་ཚགས་སྐྱོན་འདུག་པ་ལ་ཡི་རང་ཞུ་བཞིན་ཡོད།
༡། མི་འབོར་མང་བོ་ལ་གསང་སྔགས་གྱི་དབང་སྐུར་ན། གསང་སྔགས་ཁྲོམ་བསྒྲགས་ཀྱི་ཉེས་ལྟུང་མི་འབྱུང་བ་དང་བསྟན་པ་བཤིག་པའི་ཉེས་པ་མི་འབབ་པའི་ཚུལ་བཀོད་པ་ནི། རི་བོ་དགེ་ལུགས་པའི་ཟབ་ཆོས་གོང་ན་མེད་པ་དཔལ་གསང་བ་འདུས་པའི་རྒྱུད་དེ་ཉིད། ཨུ་རྒྱན་གྱི་ཡུལ་དུ་རྒྱལ་བོ་ཨིནྡྲ་བོ་དྷི་འཁོར་དང་བཅས་པ་མི་འབོར་ལྟོས་ཆེ་བ་ལ་གསུངས་ཏེ། མི་ཚོགས་རྒྱས་ཆེས་ནས་གྲོང་ཁྱེར་ལ་མ་ཤོང་བ་ལྟ་བུའི་སྔོན་གྱི་བྱུང་རབས་དང་སྦྱར་ནས་གསུངས་འདུག་པ་དང་།
༢། རྒྱང་ཐག་རིང་བོར་གནས་པ་དང་། དྲ་ལམ་བརྒྱུད་ནས་དབང་ལུང་གི་རྒྱུན་འཐོབ་རྒྱུ་ཡོད་མེད་སོགས་ལ། ཕྱི་ལོ་༢༠༡༧ ལོའི་ཟླ་༡ ཚེས་༢ -༡༤ བར་སྔོན་འགྲོའི་གསུང་ཆོས་དང་བཅས་ཏེ་དུས་འཁོར་དབང་ཆེན་ཐེངས་༣༤ བ་གནང་ལ་ཉེ་བའི་སྐབས་ཏེ། ༢༠༡༦ ལོའི་ཕྱི་ཟླ་༡༢ ཚེས་༡༩ ཉིན་བོད་ལ་ཕྱིར་ལོག་བྱ་དགོས་པའི་གནས་སྐོར་བ་ཁག་ཅིག་ལ། ༢༠༡༧ ལོའི་བོད་ཟླ་༡༡ ཚེས་༡༣-༡༥ བར་དང་། ཕྱི་ཟླ་༡ ཚེས་༡༠-༡༣ བར་གྱི་ཉིན་གསུམ་ནི་དབང་ཆེན་དངོས་གཞི་ཡིན་པས། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཏན་ཏན་དབང་ཐོབ་ཀྱི་རེད། ཅེས་ཞལ་བཞེས་མཛད་པ་དང་།
ཡང་ཟླ་དེའི་ཚེ་༢༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡིར་ལིར། ཨུ་རུ་སུའི་ནང་བའི་ཡུལ་ཁམས་ཏེ། ཐུའུ་ཝ་དང་། ཁལ་མུག བྷུ་རི་ཡ་ཐི་སོགས་ཀྱི་ཆོས་ཞུ་བ་མང་བོ་ཞིག་སྐབས་དེའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་གྲུབ་མཚམས་ཕྱིར་སྐྱོད་བྱ་དགོས་པས་དུས་འཁོར་དབང་ཆེན་ལ་སྡོད་ལོངས་མ་བྱུང་བ་དེ་རྣམས་ལའང་གྱེས་མཇལ་སྐབས་ཞལ་བཞེས་སྔར་བཞིན་མཛད་པ་དང་།
ཟླ་དེའི་ཚེས་༢༨ ཉིན་བྷི་ཧར་པར་ཎ་གྲོང་ཁྱེར་དུ་བོད་ནས་གནས་སྐོར་ལ་འབྱོར་བ་ཁག་ཅིག་དབང་ཆེན་ལ་སྡོད་སྟབས་མ་འགྲིག་ནས་ཕྱིར་ལོག་གྱེས་མཇལ་གྱི་སྐབས་སུ་ཞལ་བཞེས་མཛད་པའང་། ངོས་ནས་བོད་ནང་གི་བོད་མི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པ་རྣམས་ངོས་ཀྱིས་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོར་དབང་ཐོབ་ཀྱི་རེད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་བོ་བྱས་ནས་སྡོད། ཅེས་སོགས་བོད་ནང་ནས་རྐྱེན་དབང་གིས་དབང་ཆེན་ལ་བཅར་མ་ཐུབ་པའི་མི་གྲངས་ཧ་ཅང་མང་བོ་དང་། དེ་མིན་འཛམ་གླིང་གི་ཡུལ་ཕྱོགས་སོ་སོར་གནས་པའི་སྐྱེ་བོ་འབོར་ཆེན་ཡུལ་དུས་ཀྱིས་བསྐལ་བའི་མོས་འདུན་ཅན་རྣམས་ལ་བླ་སློབ་གཉིས་ཀྱི་དད་དམ་གྱི་ཤུགས་ལ་བརྟེན་ནས་དབང་ཐོབ་ཐུབ་པའི་ཞལ་བཞེས་མཛད་འདུག་པ་ལ་དད་ལྡན་གྱི་སྐྱེ་བོ་ཕལ་མོ་ཆེས་ཚད་མར་འཛིན་བཞིན་ཡོད།
འོན་ཀྱང་ཨོ་རྒྱན་སྟོབས་རྒྱལ་གྱིས་གཏམ་བཤད་སྔོན་མ་ལ་གསལ་བཤད་བྱས་པའི་ནང་དུ། “ཏཱ་ལའི་བླ་མ་ཁོ་རང་དབང་ཆེན་པོ་རེད། ག་རེ་བཤད་འདོད་ན་དེ་རེད་ཟེར་དགོས་ཀྱི་རེད་པ།” སོགས་ཧ་ཅང་མ་རངས་པའི་སྒོ་ནས་བཤད་འདུག་པ་ལྟར་ན། རྒྱལ་བ་རིན་པོ་ཆེས་གོང་གི་བོད་སོག་མི་དམངས་དེ་དག་ལ་ཡུལ་གྱིས་བསྐལ་མིན་ལ་མ་ལྟོས་པར་དབང་ཐོབ་པའི་ཞལ་བཞེས་གནང་བ་དེ་ཡང་“དབང་ཡོད་བཤད་པ་”ལ་ངོས་འཛིན་བྱས་པ་ཡིན་ན་བརྗོད་གཞི་འདི་དག་ལ་གཞི་རྟེན་མེད་པར་གྱུར་པ་ཞིག་ཡིན།
མཁས་པ་དུ་མ་ཞིག་གིས་ལུང་ཚད་མ་ལ་གཏུགས་ནས་སྒྲུབ་བྱེད་གནང་འདུག་པ་ནི། དབང་གི་བླ་མ་ཚད་ལྡན་གྱི་ནུས་པའི་སྟོབས་ཀྱིས། དབང་གནང་ཡུལ་གྱི་ས་ཐག་རིང་ཐུང་ལ་ཁྱད་པར་མེད་པ་དང་། དབང་གནང་ཡུལ་དེ་ཉིད་འགྲོ་བ་རིགས་དྲུག་གང་ཞིག་ལ་གཏོགས་པ་ལའང་ཁྱད་པར་མེད་པར་མ་ཟད། སེམས་མེད་པའི་ས་དང་རྡོ་ལ་སོགས་པའི་བེམ་པོར་གྱུར་པའི་དངོས་པོ་ལའང་དབང་གི་ནུས་མཐུ་སྨིན་ཐུབ་ཚུལ་སོགས་ར་ལོ་ཙཱ་བའི་རྣམ་ཐར་དང་། དུས་འཁོར་གྱི་རྒྱུད་ལ་གཏུགས་ནས་འགྲེལ་བཤད་སྐྱོན་འདུག་པ་ལྟ་བུ་དཔེ་དང་ཁུངས་ཀྱིས་ཕྱུག་ཅིང་། ལུང་དང་རིགས་པ་སྣོལ་རྩེག་ཏུ་སྦྲེལ་ནས་ནམ་ལངས་ལངས་དང་ཉི་མ་ཤར་ཤར་གནང་འདུག་པས། རས་དམར་བོའི་འོག་གི་ཁྱིམ་པ་ཚོས་སྐུ་ངལ་འོ་བརྒྱལ་གནང་གལ་མ་ཆེ་འདུག
ལར་ནས་ཆོས་རིག་བཀའ་བློན་གྱིས། གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་ཞིག་གིས་ཀྱང་དྲ་བརྙན་བརྒྱུད་ནས་དབང་ལུང་གནང་ན་ཞུ་མཁན་སུ་ལའང་དབང་དང་བྱིན་རླབས་ངོ་མ་ཐོབ་མེད་པར་ཐག་བཅད་ནས་བཤད་པའི་གོ་དོན་ངོ་མ་ནི། ད་རེས་སྤྱན་རས་གཟིགས་ཀྱི་དབང་ཆེན་གནང་རྩིས་མཛད་ཀྱིན་ཡོད་པ་དེ། ཞུ་མཁན་ཚོར་དབང་ལུང་དངོས་སུ་མི་ཐོབ་པ་མཁྱེན་བཞིན་དུ་མ་མཁྱེན་པའི་ཟོལ་གྱིས་གནང་རྒྱུ་ཡིན་ཚུལ་བཤད་ནས་ཟུར་ཟ་ཞུས་པ་ཞིག་ཡིན་ནའང་། མགོན་པོ་མཆོག་གིས་ཆེས་ཉེ་ཆར་དྲ་ལམ་བརྒྱུད་ནས་གསུང་ཆོས་གནང་བའི་སྐབས་སུ་གསལ་བོར་གསུངས་པ་འདུག་པ་ནི།
དབང་དང་རྗེས་གནང་བྱེད་པའི་སྐབས་སུ་དྲ་རྒྱའི་ནང་ནས་ཡུལ་ལུང་མི་འདྲ་བ་མང་བོ་ལ་འགྲོ་བཞིན་ཡོད་པ་དང་། ད་རེས་ཀྱང་དྲ་རྒྱའི་ཐོག་ཏུ་དོ་སྣང་བྱས་ནས་ཉན་སྡོད་མཁན་མང་བོ་ཞིག་ཡོད་པ་ཡིན་དུས། བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་སེམས་ཀྱི་འདུན་པའི་ཤུགས་དང་། འཇིག་རྟེན་གྱི་ས་ཕྱོགས་དང་ཡུལ་ལུང་མི་འདྲ་བར་གནས་པའི་སྐད་དང་ཡི་གེ་མི་གཅིག་པའི་དད་ལྡན་དོན་གཉེར་བ་རྣམས་ཀྱིས་ཀྱང་འདུན་པ་རྩེ་གཅིག་ཏུ་མཉན་པ་ཡིན་ན་དབང་དང་རྗེས་གནང་སོགས་ཐོབ་ངེས་ཡིན་ཏེ། དཔེར་ན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུའང་འགལ་རྐྱེན་ཡོད་པའི་ཡུལ་ལུང་ན་གནས་པའི་བསྙེན་པར་རྫོགས་འདུན་ཡོད་ཀྱང་། དངོས་སུ་སངས་རྒྱས་ཀྱི་དྲུང་དུ་བཅར་མི་མཁན་དེ་ཚོར་ཕྲིན་ཡིག་གི་ལམ་ནས་བསྙེན་པར་རྫོགས་སྲོལ་བྱུང་ཡོད། སྐབས་དེའི་ཕྲིན་ཡིག་གཏོང་རྒྱུ་དེར་དུས་ཚོད་འགོར་གཞི་ཆེན་པོ་འབྱུང་གིན་ཡོད་ཤག་ཀྱང་ལམ་སྲོལ་དེ་བྱུང་ཡོད། ད་ལྟ་ང་ཚོར་གློག་ཕྲིན་གྱི་ཐོག་ནས་ས་ཁད་ཉེ་འགྱང་ལ་ཁྱད་པར་མེད་པར་ཁྱབ་ནས་ཡོད་དུས། ཕྱོགས་དང་མཚམས་སུ་འཁོད་པའི་དད་པ་དག་སྣང་ཅན་དག་ལ་དབང་དང་བྱིན་རླབས་དེ་དག་འཐོབ་ཀྱི་རེད། དེའི་རྒྱུ་མཚན་ནི། སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་འདུལ་བའི་ལག་ལེན་ཞིབ་ཚགས་པོ་ཡོད་ཀྱང་། སྐབས་དེར་ཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་ན། ད་རེས་འདིར་སྔགས་བླ་མེད་དང་འབྲེལ་བའི་དག་སྣང་གི་ཆོས་སྐོར་དུ་གཏོགས་པ་ཞིག་ཡིན་ལ། ཁྱེད་རང་ཚོ་ལ་དབང་དང་བྱིན་རླབས་དེ་ཚོ་ངེས་པར་དུ་འཐོབ་ཀྱི་རེད། དེ་ལུགས་ཀྱི་བསམ་བློ་ཐོངས་ཤོག་ཨང་། ཞེས་ཧ་ཅང་གསལ་བོར་གསུངས་འདུག་པ་དེ་ཡང་རྒྱལ་བ་རིན་པོ་ཆེ་ལ་དབང་ཆེ་དྲགས་ནས་“དབང་ཡོད་གནང་བ་”ལ་ངོས་འཛིན་བྱ་རྩིས་ཡིན་ནམ།
དབང་གནང་མཁན་གྱི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་ཚིག་ཐག་ཆོད་པོའི་སྒོ་ནས་གསུངས་པ་དེ་རིགས་མ་གསན་པའི་ཚུལ་གྱིས། ཆོས་རིག་བཀའ་བློན་གྱིས་ཞིབ་ཆ་ཆེ་མདོག་གནང་སྟེ། “དྲ་ལམ་ནས་ཆོས་ཞུ་མཁན་ཚོར་དབང་ངོ་མ་མི་ཐོབ་ཀྱང་བྱིན་རླབས་ཁྱད་པར་ཅན་རེ་འཇུག་ཐུབ་པར་ཐེ་ཚོམ་མེད།” ཅེས་སོགས་ཡང་བསྐྱར་ཚིག་ཐག་བཅད་འདུག་པའི་སྙིང་བོར། དབང་ཞུ་མཁན་ཚོ་ལ་ཞུ་རྒྱུའི་དབང་མི་ཐོབ་པར་བྱིན་རླབས་སུ་བཏགས་པའི་དངོས་པོ་ཁྱད་པར་བ་གཞན་གང་ཞིག་ཐོབ་རྒྱུ་ཡོད་དམ། དངོས་པོ་གང་ཞིག་རེད་དམ།
ད་དུང་ཆོས་རིག་བཀའ་བློན་གྱིས་དམའ་རླབས་ཆེན་ཞིག་ཕབ་འདུག་པ་ནི། “དབང་ཆེན་གྱི་མཚན་གྲགས་ལ་བརྟེན་ནས་སློབ་མ་མང་བོ་འདུ་བ་དང་། དེའི་གོ་སྐབས་བཟུང་སྟེ་ཆོས་ཀྱི་གཞི་རིམ་གནས་ལུགས་དང་བསླབ་བྱ་རྣམས་ངོ་སྤྲོད་མཛད་ཀྱི་ཡོད་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཀྱང་ཕེབས་མྱོང་ཡོད།” ཅེས་པ་འདི་རེད། འདིའི་གོ་དོན་ནི་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གདུལ་བྱའི་མོས་ངོ་དང་བསྟུན་ཏེ་དུས་འཁོར་དབང་ཆེན་ལན་མང་བསྐུར་བ་ནི། དོན་གྱིས་གསང་སྔགས་ཀྱི་སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་ལ་བརྟེན་ནས་གདུལ་བྱ་ལས་དག་རྣམས་ཀྱི་སེམས་རྣམ་པར་གྲོལ་བའི་ཆེད་དུ་སྐུ་ངལ་འོ་བརྒྱལ་མང་བོ་སྐྱོན་པ་ཞིག་མིན་པར། མི་ཚོགས་འདུ་བའི་ཕྱིར་དུ་དབང་སྐུར་མཛད་ཀྱིན་ཡོད་པའི་ཞྭ་མོ་གཡོགས་པ་དེ་ཡིན་ལ། བཤད་སྟངས་འདི་ནི་ཆེས་མ་གུས་པའི་རྣམ་འགྱུར་ཐབས་རྡུགས་ཤིག་རེད།
འོན་ཀྱང་རྒྱལ་བ་དོན་གྱི་བདག་པོས་གསུང་ཆོས་གང་ཞིག་གནང་ཡང་མི་ཚཽགས་རྒྱས་དྲགས་ནས་བཀོད་སྒྲིག་བྱེད་དཀའ་བ་ཆགས་ཀྱིན་ཡོད་པ་ལས། གསུང་ཆོས་ལ་ཉན་མཁན་མ་རག་ནས་དབང་སྐུར་ལ་ཁ་གཡར་ཏེ་མི་ཚོགས་བསླུ་འགུག་བྱེད་ཐབས་གནང་དགོས་པའི་འུ་ཐུག་ཐབས་ཟད་ཀྱི་ལས་ལ་འབད་བརྩོན་གནང་མི་དགོས་པ་སུས་མི་ཤེས།
ད་དུང་ཆོས་རིག་བཀའ་བློན་གྱིས་སྔར་བྱུང་ལོ་རྒྱུས་ཐོག་གསང་སྔགས་ཁྲོམ་བསྒྲགས་བྱས་པས་བསྟན་པ་ལ་ཉམ་ཆག་ཆེན་པོ་སོང་ཟིན་རབས་སོགས་བཤད་པའི་གོ་དོན་ངོ་མ་ནི། ད་ལྟ་མི་ཚོགས་མང་བོ་ལ་གསང་སྔགས་ཀྱི་དབང་བསྐུར་གནང་གིན་ཡོད་པའང་སྔར་གྱི་གནས་སྟངས་ལས་མ་འདས་པས། གོང་ས་རྒྱལ་དབང་མཆོག་འདི་བའང་གསང་སྔགས་ཁྲོམ་བསྒྲགས་གནང་ནས་བསྟན་པ་ལ་གནོད་སྐྱོན་གཏོང་མཁན་གྱི་ཆ་ཤས་ཤིག་ཡིན་པ་ལས། ཉམ་ཆག་གནོད་སྐྱོན་བཟོ་མཁན་གྱི་སྒོ་མོ་ཐོག་མར་བཏོད་མཁན་དེ་མིན་པས། ལོ་རྒྱུས་ཀྱི་ནག་ཉེས་ཆ་ཚང་བཀལ་ན་འོས་འཚམ་མིན་པ་སོགས་བློ་གཟུ་བོར་གནས་ཁུལ་གྱིས་འཁྱོག་བཤད་བྱས་འདུག་པ་དེ་ནི་མཚན་སྨོད་ཧ་ཅང་རླབས་ཆེན་ཞིག་ཡིན།
ད་རེས་སྐུ་ངོ་བཀའ་བློན་མཆོག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་བོར་མཚོན་ཕྱིར། ཐལ་ཆ་ཅན་གྱི་ཐག་གཅོད་གནང་འདུག་པ་དེར་བོད་རྒྱ་ཆེའི་མི་དམངས་ཀྱིས་དགའ་མོས་བྱེད་མི་སྲིད་ཀྱང་། ཨོ་རྒྱན་སྟོབས་རྒྱལ་གྱིས་ཁྱེད་ཀྱི་བྱས་པ་ལ་དྲིན་བཟོའི་ཚུལ་དུ། “སྐུ་ཉིད་ཀྱིས་བཀའ་སློབ་ལམ་སྟོན་གང་ཕེབས་པ་ཚང་མར་མོས་མཐུན་དང་ལེན་ཞུ་ངེས་ཡིན་” ཞེས་སོགས་བཤད་འདུག་པ་དེ་བཀའ་བློན་མཆོག་ལ་ཐོབ་པའི་དཔའ་དར་ངོ་མ་དེ་ཡིན་འདུག
མདོ་དོན་ང་ཚོས་གསལ་བོར་བསྒྲག་འདོད་པའི་ཐ་ཚིག་དེ་ནི། ཁྱེད་ཅག་གིས་རྒྱལ་བ་དོན་གྱི་བདག་པོ་ལ་མོས་གུས་ཞུ་དགོས་པ་རེད། དད་པ་བྱེད་དགོས་པ་རེད། གུས་བརྩི་ཞུ་དགོས་པ་རེད་སོགས་ནམ་ཡང་ཞུ་བཞིན་མེད་ལ། བོད་མི་ས་ཡ་དྲུག་གི་ངོས་ནས་རྒྱུ་མཚན་ཅི་ཡང་མེད་པར་རྒྱལ་བ་རིན་པོ་ཆེ་ལ་དད་པ་དང་ཡིད་ཆེས་བྱ་དགོས་པའི་འབོད་སྐུལ་སྦྲང་སྒྲ་ཙམ་ཡང་ཞུ་མི་སྲིད།
འོན་ཀྱང་ལྷན་རྒྱས་ཀྱིས་བསྟན་པ་སྐྱོང་མཁན་དང་བཤིག་མཁན་གཉིས་ཨ་མ་དང་རྐུན་མ་ནོར་བའི་བརྟུལ་ཞུགས་བཟུང་སྟེ། དཀར་ནག་གོ་ལྡོག་གི་བཙན་གཏམ་བསྒྲགས་པ་དེ་རིགས་ལ་ང་ཚོ་མི་དམངས་ཉམ་ཆུང་ཚོར་ནུས་པ་མེད་ཀྱང་ཡི་རང་བྱེད་མི་སྲིད་པ་དང་། མོས་མཐུན་དེ་བས་ཀྱང་མེད་པའི་མངོན་འདོད་གསལ་བོར་སྟོན་གྱིན་ཡོད།།
ཞེས་བྱང་ཨ་མི་རི་ཁའི་ནགས་ཁྲོད་དུ་འཚོ་བའི་རྒྱལ་ཁམས་པ་ཧོར་གཙང་འཇིགས་མེད་དུ་འབོད་པས་སྤྱི་ལོ་༢༠༢༠ ལོའི་ཟླ་༥ ཚེས་༢༧ གྱི་མཚན་མོར་བྲིས་ཏེ་ཕུལ།།
གཡུ་ཐོག་ཀརྨ་དགེ་ལེགས་ཀྱི་བྱས་ཉེས་དང་འབྲེལ་བའི་དགག་བཞག་གི་ཡི་གེ་འབྲི་མཁན་རྣམས་ཀྱིས་ངེས་དགོས་པ་ནི། ཨོ་སྟོབས་འགེབས་སྲུང་གི་ཡེ་གེ་ཆོས་རིག་བཀའ་བློན་གྱི་མིང་ཐོག་གཏོང་འཇུག་མཁན་བཀའ་ཤག་རེད། ཡི་གེའི་ནང་དོན་ཡང་བཀའ་ཤག་གོ་བསྡུར་གྱིས་བྲིས་ཡོད། དེ་ཡང་བློ་སེང་གི་དྲན་འཕྲུལ་རེད། གལ་ཏེ་རྙོག་དྲྭ་ལྷགས་ན་གཡུ་ཐོག་གི་མགོ་ཐོག་འཇོག་རྒྱུའི་བྱུས་ངན་དང་པོ་ནས་བསྒྲིགས་ཡོད། བཀའ་ཤག་གིས་ད་རེས་ཨོ་སྟོབས་འགེབས་སྲུང་བྱེད་དགོས་པའི་རྒྱུ་མཚན་ནི། བློ་སེང་གི་འོས་བསྡུ་སྔ་ཕྱི་ཚང་མར་ཨོ་སྟོབས་ཀྱིས་མི་རྒྱུ་གཉིས་ཐད་ནས་རྒྱབ་སྐྱོར་གཟེངས་སུ་ཐོན་པ་བྱེད་ཐུབ་ཡོད་པ་ལ་བརྟེན་ནས་ཡིན་པ་སྤྱི་འཐུས་དང་། གཞུང་ཞབས་སོགས་མཐོ་རིམ་མི་སྣ་མང་པོས་ཤེས་ཀྱི་ཡོད་ཀྱང་ཁ་གྲགས་མ་ཐུབ་ནས་བསྡད་ཡོད། སྨྱུག་ཐོགས་པ་ཚོས་དཔྱད་པ་བྱས་ཏེ་དམིགས་འབེན་བཟུང་ས་མ་ནོར་བ་བྱེད་དགོས།
ཨ་ཁུ་འབྲོག་པ་ལགས། བསྟན་པའི་དགྲ་བོ་དམ་ཉམས་སྨོན་ལོག་ཨོ་རྒྱན་སྟོབས་རྒྱལ་ལོག་གཡེམ་རྒྱལ་པོ་དང་། ཆོས་རིག་བཀའ་བློན་གར་མ་དགེ་ལོག་གཉིས་ཀྱི་སྐོར་བྲིས་ཤོག འོས་ཤོག་མ་ཤོག་སོགས་འདིར་བཤད་མ་ཡོང་། སྐབས་འདི་དང་འབྲེལ་བ་མི་འདུག
སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ནས་དཔེ་ཡག་པོ་བྲིས་གནང་འདུག་པ་།
ཐུགས་རྗེ་ཆེ། བཀྲིས་བདེ་ལེགས་ཡོད།
རྒྱལ་བ་དོན་གྱི་བདག་པོ་སྐུ་ཚེ་ཞབས་པད་བརྟན་པར་ཞུ།
བཀྲིན་ལ་བསམ་ཤེས་མེད་པར།
དྲིན་ལན་ལ་ལོག་འཇལ་བྱེད་མཁན་ཚོ་གཟབ་གཟབ་བྱེད།
ཨ་ཞང་མདུན་ལ་སྐད་མགྱོགས་པ་གཏོང་ཡོང།
གུས་པ་ཆེན་པོས། སྐུ་ངོ་ཧོར་གཙང་འཇིགས་མེད་མཆོག་ལ་བཀའ་དྲིན་ཆེ་ཞུ།
རང་གི་མིང་དང་དད་པ། སྨྱུ་གུ་དང་མཁྱེན་རྒྱ། གཏེ་དཔོན་འཁོར་ཚོགས་ཀྱི་ཁ་དམ་ལ་སྤེལ་བའི་ཡིག་འབྲི་རེ་རེ་ལ་ཡང་བཀའ་དྲིན་ཆེ།
ཡོང་དགོས་ས་དེར་བསླེབས་སོང་། ཁ་དགོས་ས་དེར་གྲགས་སོང་། ལག་དགོས་ས་དེར་བྲིས་སོང་བས། བཀའ་དྲིན་ཆེ།
ཆོས་དོན་རྐུབ་སྟེགས་ན། མི་དགེ་ཀར་མ། མི་ལེགས་ཀར་མ། ལས་དང་སྨོན་ལམ་མ་ཐོབ་པའི་འདྲེ་དམར་རྗེན་པ་ཞིག་ཡོད་པ་དེ། མྱུར་བ་མྱུར་དུ་བྱ་སྤུ་གནོན་གྱི་ཁྲིམས་ལུགས་ལ་སྦྱར་ཏེ་རྒྱང་ཕུད་དུ་གཏོང་དགོས་སོ།
ངས་སྨྱུག་ཐོགས་པ་རང་མིང་དངོས་སུ་བེད་སྤྱད་དེ་ལུང་རིགས་ཀྱི་དགག་བཞག་གནང་མཁན་རྣམས་ལ་ཞུས་པ་ལས། དྲྭ་འབུ་མིང་རྫུན་ཚོར་གང་ཡང་བརྗོད་མེད། ང་ག་རེ་བཤད་ཡོང་མིན་ང་རང་ལ་རང་དབང་ཡོད། ཅེས་བརྗོད་ནས། དོན་གྱི་སྙིང་པོར་གནད་དོན་གལ་ཆེ་འདི་ལྟ་བུ་བཀའ་ཤག་ལ་དགོངས་བསྐོར་མ་ཞུས་པར་ཆོས་རིག་བཀའ་བློན་གྱིས་ཐག་གཅོད་བྱེད་པའི་དབང་ཆ་མེད། གལ་ཏེ་བྱས་ཡོད་ན་རང་གི་ཞལ་ནས་གསུངས་པའི་བྱ་སྤུ་གནོན་ཟེར་བ་དེ་བྱུང་མེད་པས་སྤེན་པ་ཚེ་རིང་ལ་བྱས་པ་ལྟར་གནས་དབྱུང་གཏོང་དགོས།
ནམ་རྒྱུན་གནད་དོན་གལ་ཆེའི་རིགས་ཅི་འདྲ་ཞིག་ཡིན་ན་ཡང་། བཀའ་ཤག་ལ་དགོངས་བསྐོར་ཞུས་ཏེ་ཐག་གཅོད་བྱེད་པའམ། ཡང་ན་བཀའ་ཤག་ནས་བཀའ་དྲུང་ཡིག་ཚང་བརྒྱུད་བཀོད་ཁྱབ་མེད་པར་བཀའ་བློན་ཞིག་གིས་རང་གནང་གང་དྲན་བྱ་སྤྱོད་སྤེལ་བའི་ལམ་དང་ལུགས་སྲོལ་ཡོད་པ་མ་རེད། རྒྱུ་མཚན་དེའི་ཕྱིར་ཨོ་སྟོབས་འགེབས་སྲུང་གི་ཡི་གེའི་རྒྱབ་ལ་བཀའ་ཤག་མེད་མདོག་སྟོན་པའི་ཁྲབ་སྟོན་འདི་ནི་ལྐུག་པས་ཁྲབ་པའི་ཟློས་གར་ཞིག་རང་རེད།
ཨ་ཁུ་འབྲོག་པ་ལགས། སྤྱིར་མིང་ཡིན་ན་རྫུན་མ་ཡིན་པས་ཁྱབ་ནི་རེད། འོན་ཀྱང་ཁྱོད་ཀྱི་བཤད་སྟངས་ལྟར་ན་ཨ་ཁུ་འབྲོག་པ་ཟེར་བ་འདི་ཡང་མིང་རྫུན་མ་ཞིག་ཡིན་རྒྱུ་རེད། སྤེན་པ་ཚེ་རིང་ཅན་པོ་དྲུད་མ་ཡོང་། དེའི་སྐོར་ནས་བཤད་ན། གཤིས་བརྗོད་དོན་ནས་ལྷ་གཤེགས་གསོལ་བྱས་ཚར་བ་རེད། གནའ་གནའ་ཟིག་ནས་ཅན་པོ་དེ་ཚོ་དྲུད་ཡོང་ནས་ལས་རྒྱུ་ཅང་ཡོད་ནི་རེད། བསྟན་པའི་དགྲ་བོ་ལྷས་སྦྱིན་གཉིས་པ་ཨོ་རྒྱན་སྟོབས་རྒྱལ་དང་། བཀའ་བློན་བྱ་སྤུན་གནོན་གཉིས་ཀྱི་སྐོར་ནས་བཤད་ཤོག དྲ་འབུ་དེ་དག་ནི་སྙིང་རྗེ། མི་ཡི་མཐའ་མ་ཡིན་པས་འདི་ན་བཤད་ཡ་རིན་ཐང་མེད། ངའི་བསམ་ཚུལ་ཙམ་ཡིན་ལགས།
མི་རིགས་གང་དང་གང་ཡིན་ན་མང་ཚོགས་བཅོས་མ་རུལ་སུངས་ཆགས་ན་ཉེན་ཁ་ཆེན་པོ་མིན་ཡང་། ཤེས་ཡོན་པ་རུལ་སུངས་སུ་གྱུར་ན། མི་རིགས་དེ་ལ་རེ་བ་མེད་པར་ཆགས་ཚར་བ་རེད་ཟེར་ནས་ཤར་ནུབ་མཁས་དབང་བསམ་བློ་བ་ཚོས་ཤོད་བཞིན་ཡོད། དེ་བཞིན་བོད་ཀྱི་ཤེས་ཡོན་པ་དང་ཡིག་འབྲི་བའི་སྡེ་ཁག་ཕལ་ཆེར་རུལ་སུངས་སུ་གྱུར་པ་འདི་མི་རིགས་འདི་ལ་རེ་བ་མེད་པའི་རྟགས་མངོན་གསལ་དོད་ཤོས་དེ་རེད། ཧོར་གཙང་འཇིགས་མེད་ཟེར་བ་འདིས། དྲང་བདེན་ཤོད་མཁན་དང་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་སེང་རྡོར་ལ་མི་དགའ་ཕྲག་དོག་གིས་མི་དཀར་པོ་ལ་ཞྭ་ནག་པོ་གཡོག་པ་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་བཞིན་བཙན་བྱོལ་ནང་ལ་སྤྲང་རྒན་ཀླུ་མཁར་བྱམས་ལྟ་བུ་ནུས་མེད་ཉམ་ཆུང་ཞིག་གི་སྟེང་དུ་སོ་སོའི་ལྟོ་གོས་ཉི་ཚ་ེབ་ཞིག་གི་ཆེད་དུ་སྟག་ངར་ངར་བྱས་ཏེ། ཁོང་གཉིས་ནང་མོལ་ཡོད་ཚད་ཕྱིར་ལུད་པའི་མི་གཞི་བོར་བའི་ཁ་ལག་འགུལ་ཡོད་པ་རེད། དེ་བོད་ཀྱི་ཤེས་ཡོན་པ་རུལ་སུངས་སུ་ཆགས་སྟངས་ཤིག་རེད། སྐབས་འདི་ཡང་ཆོས་རིག་བཀའ་བློན་གྱིས་གུ་ཡངས་སྒམ་ཚུགས་ལྡན་པའི་བཀའ་མོལ་གནང་བ་ལ་འོས་བསྡུ་སྐབས་ཀྱི་སྒེར་འཁོན་དེ་གོ་སྐབས་བཟུང་སྟེ་ཁོང་ལ་སྨད་ར་ཡི་གེ་རིང་པོ་དེ་འདྲ་ཞིག་འབྲི་དོན་ཡང་ཧོ་འཇིགས་ཀྱི་ལྟོ་གོས་ཉོ་ཆེད་དུ་མི་གཞི་བཙོང་སྟངས་ཤིག་རེད།
ཆོས་རིག་བཀའ་བློན་གྱི་བཀའ་སློབ་དེ་ནི། གོང་ས་མཆོག་གིས་གུ་ཡངས་བཟོད་སྒོམ་དགོས་ཟེར་བ་དང་། ཁོང་ཁྲོ་ཟ་སྐབས་ཁོང་གི་གདོང་པ་དྲན་དགོས་ཟེར་བ་དེ་ཚོ་དང་འགལ་བ་སྤུ་ཙམ་ཡང་སོང་མེད་པར་མ་ཟད། དེའི་དགོངས་དོན་ལ་ཏག་ཏག་ལ་སོང་ཡོད་པར་བཤད་མ་དགོས་པར་བཤམ་བཞག་པ་ལྟར་རེད།
གལ་སྲིད་སྐབས་འཚོལ་བ་དང་དད་པ་ལོག་སྤྱོད་པ་དག་གིས་བྱེད་སྟངས་དང་བཤད་སྟངས་བཞིན་དུ་ཆོས་རིག་བཀའ་བློན་གྱིས་གནང་ཡོད་ན།
དུས་དེ་ནས་བཟུང་རྙིང་མ་ཡང་ཤུགས་ལྡན་ཚོགས་པ་ལྟ་བུ་བོད་གཞུང་དང་། རྒྱལ་བ་རིན་པོ་ཆེའི་ཁ་གཏད་དུ་ལངས་ཁག་ཐེག་རེད། ད་ལྟར་མངོན་གསལ་དོད་ཤོས་ག་རེ་བྱུང་འདུག་ཟེར་ན་རྙོག་གྲ་འདི་བྱུང་ནས་རྙིང་མའི་དགོན་སྡེ་ཆེ་ཕྲ་གང་གིས་ཀྱང་མ་འགྲིག་པའི་ཚིག་ཟུར་ཙམ་ཡང་མ་བཤད་པ་འདིས་གསལ་སྟོན་བྱས་ཡོད་པ་རེད། དེ་སྔོན་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་ཀྱང་གོང་ས་མཆོག་གིས་ངོས་འཛིན་གནང་བ་དེར་ངོས་ལེན་མ་བྱས་པར་རྙིང་མ་རང་གིས་གཅིག་ངོས་འཛིན་བྱས་པ་དང་། རྙིང་མའི་དབུ་འཛིན་བདུན་པ་ཡང་ཁྱེད་ཚོ་དད་པ་ལོག་སྤྱོད་པ་དག་གིས་བྱས་འབྲས་ལ་གཤེགས་རྐྱེན་མ་ལེགས་པར་བྱུང་བ་དང་། དེས་ན་རྙིང་མའི་དབུ་འཛིན་བསྐོས་མི་དགོས་པ་བཟོས་ཏེ་ཆོས་ལུགས་ཚོགས་ཆེན་སྐབས་ལ་རྙིང་མ་བ་མ་བཅར་བའི་གནས་སྟངས་སོགས་ལ་བལྟས་ན་རྙིང་མ་ལ་སྣ་སུན་མང་པོ་བྱུང་ཡོད་པར་ཤེས་ཐུབ་པས། དེའི་ཐོག་ལ་བོད་གཞུང་ཆོས་རིག་བཀའ་བློན་གྱིས་གཏེར་ཆེན་མཆོག་གྱུར་གླིང་པའི་གདུང་རྒྱུད་དྲི་མ་མེད་པའི་རྙིང་མའི་བླ་ཆེན་ཞིག་ལ་འདྲེ་དང་གདོན་ལབ་ཡོང་ན། དེ་ནས་བཟུང་བོད་མི་རིགས་ཟེར་བ་དེ། དེ་སྔོན་དགྲ་འཛིན་གྱི་ཚོགས་ཁག་གཉིས་ཡིན་ཡང་ད་གསུམ་དུ་གྱེས་པ་ཟུར་བལྟས་ལེབ་མཐོང་རེད།
གྲྭ་ལོག་ཁྱོས་མ་ཤེས་ཤེས་མདོག་གིས་དྲ་ལམ་ནས་དབང་ཐོབ་རབས་བཤད་འདུག་ཀྱང་། གལ་སྲིད་དྲ་ལམ་ནས་དབང་ཐོབ་ཀྱི་ཡོད་ན།
སྔོན་མར་རྡོ་རྗེ་གདན་དེ་ཚོ་ལ་མི་མང་བསྡུ་རུག་བྱས་ཏེ། འགྲོ་གྲོན་འཕྲོ་བརླག། དུས་ཚོད་འཕྲོད་བརླག དཀའ་ལས་འཕྲོ་བརླག་ག་རེ་བྱས་ནས་བཟོ་བཅུག་གི་ཡོད་རེད། ལྷག་པར་དུ་ཕྱི་རྒྱལ་སྡོད་མཁན་ཚོར་རྒྱུ་ཚགས་གཉིས་ལ་དཀའ་ལས་ག་ཚད་ཡོད་རེད། དུས་དབང་རེ་རེ་ཞུ་ལ་འགྲོ་དུས་མི་མང་ལ་འགྲུལ་འཁོར་གྱི་དོན་རྐྱེན་དང་། རྒྱུ་ཚགས་ཀྱི་དཀའ་ལས་ག་ཚད་ཡོང་གི་ཡོད་རེད། དེ་དུས་དྲ་ལམ་ནས་མི་གནང་བ་ཅི་རེད།
རང་གིས་དགེ་བཤེས་ཡ་ཟུང་ཞིག་གི་མིང་སྨྲོས་ཏེ་དེ་ཚོས་ཞེ་བུ་བཤད་འདུག་མདོག་ལབ་འདུག་ཀྱང་། ཁྲོམ་དབང་ཆོག་མིན་ཐོག་ནས་བཤད་ན། གསང་བ་སྤྱི་རྒྱུད་དང་རྒྱུད་སྡེ་འོག་མར་སློབ་མ་གྲངས་ངེས་མཛད་ཡོད་ཀྱང་། དུས་འཁོར་སོགས་རྒྱུད་སྡེ་གོང་མར་གྲངས་ངེས་མི་དགོས་པར་བཤད་པས་དེ་ཆོག་པའི་དབང་དུ་བཏང་། སྔོན་ནས་བླ་མ་མང་པོས་བཟོ་གི་ཡོད་རེད། དྲ་ལམ་ནས་གནང་བ་དེ་ལ་དབང་ཐུབ་མིན་ལ་དོགས་པ་ཧ་ཅང་ཆེ་སྟེ། ཇི་སྐད་དུ། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན།། ཟེར་བ་ལྟར་དབང་གང་ཡིན་ན་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་པ་དང་། ལུས་ལ་ཁྲུས་དང་བགེགས་བསྐྲད། མགོ་ལ་བུམ་པ། ལྕེ་ལ་བདུད་རྩི། སྐུད་པ་སྔོ་དམར་སོགས་ཕོ་མོ་སོ་སོའི་དཔུང་པ་གཡས་གཡོན་དུ་བཅིངས་པ་སོགས་དབང་གི་སྦྱོར་དངོས་རྗེས་གསུམ་མ་ཚང་ན་དབང་ཐོབ་པ་རྒྱུད་སྡེ་གོང་འོག་གང་དུའང་བཤད་མེད། དེ་བཞིན་བླ་མས་དབང་རྫས་དང་བུམ་ཆུ་ལ་དབང་སྒྲུབ་དང་བྱིན་རླབས་གནང་སྟེ་སློབ་མ་ལ་རེ་རེ་བཞིན་འགྲིམ་དགོས་པ་ཡིན། དྲ་ལམ་གྱི་དབང་ལ་དེའི་གོ་སྐབས་ག་བར་འདུག
ཡང་དགེ་བཤེས་དེ་ཚོས། འཕྲིན་གྱི་བསྙེན་རྫོགས་སྐོར་དེ་དྲ་ལམ་དབང་ལུང་ལ་དཔེ་དོན་སྦྱར་མདོག་བྱས་འདུག་ཀྱང་། དེ་ཧ་ཅང་ཐལ་བའི་གཏམ་རེད། སྔོན་ཆོག་དང་ད་ཆོག་གི་ཁྱད་པར་ཕྱེ་དགོས། ད་ལྟ་སྔོན་ཆོག་ལག་བསྟར་བྱ་མི་ཆོག་པའི་རྒྱུ་མཚན་ཅི་རེད། དེ་ཤོད་དང་དེ་ནས་འཕྲིན་གྱི་བསྙེན་པ་རྫོགས་པ་དེ་དྲ་ལམ་གྱི་དབང་ལུང་ལ་དཔེ་དོན་སྦྱར་རུང་མིན་ཧ་གོ་ངེས། གལ་སྲིད་དྲ་ལམ་ནས་དབང་ལུང་ཐོབ་ཀྱི་ཡོད་ན། དེ་སྔོན་དྲ་ལམ་གྱི་ཆ་རྐྱེན་བྱུང་ནས་ལོ་བཅུ་ཕྲག་གཉིས་ལ་ཉེ་ཡོད་པས་འཕྲིན་གྱི་བསྙེན་རྫོགས་ཀྱི་དཔེ་བླངས་ནས་འཕྲིན་ལམ་ནས་དབང་ལུང་མི་གནང་བ་ཅི་རེད་དམ། མི་མང་ལ་རྒྱུ་ཚེགས་གཉིས་ལ་དཀའ་ངལ་དེ་ལྟར་སྤྲད་དོན་གང་རེད་དམ། དྲ་ལམ་གྱི་དབང་ལུང་དག་བསྐལ་པ་ཇི་སྲིད་བར་གནས་སྲིད་པས་དེ་ལ་དབང་རྒྱུན་ལུང་རྒྱུན་ཁྲིད་རྒྱུན་གནས་དགོས། དེ་ཡོད་ན་སངས་རྒྱས་ཀྱི་བསྟན་པ་གནས་པར་ངོས་འཛིན་དགོས། དེ་ཡིན་ན་སངས་རྒྱས་ཀྱིས་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས་མི་གནས་པར་གསུངས་པ་དང་དངོས་སུ་འགལ་ཡོད། ངོ་སྲུང་ཁོ་ནས་བསྟན་པ་འཛིན་ནུས་སམ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན ་ཟེར་བའི་རྟོན་པ་བཞི་ལྡན་གྱི་འགན་ཁུར་དང་གཏམ་བཤད་གནང་རོགས།
ངས་ཐོག་མར་གསལ་བཤད་བྱེད་རྒྱུ་ལ། ཨོ་རྒྱན་སྟོབས་རྒྱས་ཀྱིས་༸གོང་ས་མཆོག་ལ་ཕྲག་དོགས་ཀྱི་བཀུར་འདེབས་ཞུས་འདུག ངས་ཐེངས་མང་པོ་ཉན་པ་ཡིན། སྤྱིར་ཨོ་རྒྱན་སྟོབས་རྒྱས་ངོས་ལེན་རྩ་བ་ནས་མེད་ལ་དགག་པ་མཐར་ཕྱིན་པ་ཡོད། དེ་བཞིན་ཆོས་རིག་བཀའ་བློན་གྱི་གསལ་བཤད་དང་པོར་ཡང་ང་འདོད་པ་རྩ་བ་ནས་ཁེངས་མ་སོང་། ཁོང་ལ་ཁ་པར་བཏང་སྟེ་འགྲེལ་བཤད་བྱེད་ཐབས་བྱས་པ་ཡིན་ལ། འབྲེལ་ཡོད་ཚང་མར་དེ་དོན་བཤད་ཡོད། གནད་དོན་གཙོ་བོ་ནི་བོད་ཀྱི་རྩ་དོན་ལ་ཐུག་ཡོད།
འོན་ཀྱང་ཧོར་གཙང་འཇིགས་མེད་ངར་བྱས་ཇི་ལྟར་བཤད་རུང་ཁྱེད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་བསྔོག་ན་ཆོལ་ནད་ཀྱིས་ཟིན་ཞིང་མིང་གྲགས་དོན་གཉེར་སྐབས་འཚོལ་བ་ཞིག་ཡིན་པ་ཤེས་གསལ་རེད། ཧོར་གཙང་འཇིགས་མེད་ཀྱིས་ད་ལྟའི་རྩོམ་འདི་ལ་ལྟོས་དང་། རྙོག་མ་གཏིང་སློང་བྱེད་ཀྱི་འདུག སྤྱི་མཐུས་ཚོགས་ཟུར་སྤེན་པ་ཚེ་རིང་དོན་གཅོད་ནས་གནས་དབྱུང་བཏང་བའི་སྐབས་ཀྱི་སྙིང་ནད་རྩོད་ཀྱི་འདུག སྐབས་དེར་བློ་བཟང་སེང་གེས་དྲང་བདེན་མ་ཡིན་པའི་ལས་བྱས་པ་རེད། ངས་མཐའ་གཅིག་བློ་སེང་ལ་ངོ་རྒོལ་བྱས་པ་ཡིན།
འོན་ཀྱང་རྟག་པར་གཏིང་རྩ་སྔོག་ཁུལ་དཀྲོག་གཏམ་རྐྱང་བཤད་ན། ང་ཚོ་ཞི་བདེ་ཇི་ལྟར་གནས་ཐུབ། གཡུ་ཐོག་ཀ་རྨ་དགེ་ལེགས་ཀྱིས་ནོར་འཁྲུལ་ཤོར་བར་ངས་ད་ལྟའང་དགག་གི་ཡོད། གཡུ་ཐོག་པར་ལྐོག་གཡོ་ངན་ཇུས་གཏིང་ཟབ་ཡོད་ཚུལ་དཀྲོག་གཏམ་ཧོར་གཙང་འཇིགས་མེད་ཀྱིས་རྩོམ་འདི་ལྟ་བུ་ཐོན་ཚེ། གཡུ་ཐོག་ཀརྨ་དགེ་ལེགས་ནག་པོར་འགྲོ་རྒྱུའི་ཚབ་ཏུ་དབུས་གཙང་པ་རྣམས་གཡུ་ཐོག་པའི་རྒྱབ་ཏུ་ལངས་ངེས་ཡིན། ཧོར་གཙང་འཇིགས་མེད་ཀྱིས་སྤྲེལ་ལད་ཇི་ལྟར་འཁྲབ་རུང་ནོར་གླིང་དུ་ཇི་ལྟར་བྱས་རྒྱལ་དབང་དོན་གྱི་བདག་པོར་སྐུ་ངོ་སྐལ་བཟང་ཡེ་ཤེས་ཀྱིས་སྙན་གསེང་ཞུས་ཡོད། ཁྱོད་ལ་དགའ་ལྡན་ཕོ་བྲང་ནས་གང་ལ་ཐོབ་ཐབས་མེད། རེ་སྟོང་མ་བྱེད།།
རྒན་ཧོར་གཙང་འཇིག་མེད་ལ་སྨོད་པས་ལམ་ནས་ཨོ་སྟོབས་ལ་རྒྱབ་སྐྱོར་བྱ་གིན་འདུག་པ་དེ་ཙམ་སུས་ཧ་མི་གོ ཆ་སྲིད་ཁྲབ་རྒྱུ་ཅང་ཡོད་བ་མ་རེད། བརྡ་འཕྲིན་དུས་རབས་ལ་ཧམ་པ་དང་སྐྱག་བརྫིན་ལ་བེད་སྤྱོད་མེད་པ་རེད།
རྒན་ཧོར་གཙང་འཇིག་མེད་ལགས་སུ་ཡིན་མི་མང་གི་སེམས་ལ་གསལ་ནི་རེད། ཨོ་སྟོབས་ལ་རྒྱབ་སྐྱོར་བྱ་ཚུལ་འདི་ལས་མེད་པ་སུའི་ཧ་མི་གོ ཧམ་པ་དང་སྐྱག་བརྫིན་ཅི་དུས་ཚོད་རྫོག་ཚེར་བ་རེད། བེད་སྤྱོད་མེད་པ་རེད། མི་མང་ལྐུག་པ་མ་རེད་བ།
ཨ་ཁ་ཁ་ས་ག་ཟླ་བ།
བོད་ཟླ་བཞི་པ་ས་ག་ཟླ་བ་ལ་ནང་པ་ཚོའི་དགེ་སྒྲུབ་སྡིག་སྤོང་གི་བྱ་བར་བརྩོན་བཞིན་པ་ནས་ཁ་བརྡ་ལ་བལྟ་རྒྱུ་མ་བྱུང་ཡང་ད་ལྟ་གཞི་ནས་བལྟ་སྐབས་ས་ག་ཟླ་བ་ལ་ཆོས་མ་བྱས་པར་སྡིག་པ་བསགས་རྒྱུའི་གླེང་སྙོགས་མང་པོ་དེ་ཚོ་མཐོང་སྐབས་གནས་སྐབས་ས་ག་ཟླ་བ་མ་རྫོགས་བར་ཁ་བརྡའི་ནང་མི་འཛུལ་རྒྱུར་ཐག་གཅོད་ཟིན་པ་ཡིན།
གང་ལྟར་ཨོ་རྒྱན་སྟོབས་རྒྱལ་དང་ཀརྨ་དགེ་ལེགས་གཉིས་ཀྱིས་ད་ཐེངས་ས་ག་ཟླ་བ་དེ་ཧ་ཅང་དོན་ལ་སྨིན་པའི་དགེ་སྒྲུབ་ཀྱི་ཕྱོགས་ཤིག་ནག་ཕྱོགས་ལྷས་བྱིན་གྱིས་སངས་རྒྱས་ལ་མཐོ་བརྩམས་པའི་ལེའུར་བཟོས་འདུག ཡིན་ཡང་སངས་རྒྱས་ནི་སངས་རྒྱས་སྟེ་ཅི་ནས་ཀྱང་འགྲོ་བར་སྙིང་རྗེ་བའི་ངང་ནས་བཞུགས་ཀྱང་ལྷས་བྱིན་ནི་ལྷས་བྱིན་སྟེ་མཐོ་བརྩམས་པའི་ངང་ནས་ཕེབས་རྒྱུ་དེ་ཡིག་ངང་གང་ལ་བལྟས་ཀྱང་རྟགས་ལ་བསྟེན་ནས་དཔོག་ན་མ་ནི་ཡི་གེ་དྲུག་མ་རེ་འདོན་ན་དེ་གཉིས་ལ་སྙིང་རྗེ་ཚད་མེད་རེ་སྐྱེས་ནས་བཏོན་ན་འདི་ཡང་དགེ་སྒྲུབ་ཀྱི་གོ་སྐབས་ལེགས།
ད་ལམ་དྲྭ་རྒྱ་ནང་གོང་གི་གནད་དོན་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཕར་བཤད་ཚུར་བཤད་གནང་མུས་ཀྱང་རྩ་བ་བརྗེད་ནས་ཡལ་ག་འཁྱོག་པར་འཁྱོག་བཤད་མང་པོ་ཤིག་གནང་གི་འདུག རྩ་བ་རུལ་པོ་ལ་བཅོས་ཡོད་ན་བཅོས་རྒྱུ་དང་མེད་ན་རྩ་བ་རུལ་བ་གཞན་གྱི་ཤེས་ཐབས་མ་བྱས་ན་རྩ་བའི་ནད་དངོས་དང་དེ་མིན་རིམས་གྱིས་ཁྱབ་པའི་ཉེན་ཁ་ཆེ། ཉེན་ཁ་ཆེ་བ་མ་ཟད་དངོས་སུ་ནད་ལོག་རྒྱབ་པ་དཔེ་ན། འོན་ཀྱང་ང་ཚོ་ཧང་སངས་དགོས་པ་དེ་ནི། བྱ་སྤུ་གནོན་གྱི་ཧམ་པ་བཤད་པའི་འབྲས་བུར་ཁྲིམས་ཀྱི་ཉེས་ཆད་ཕོག་མཁན་ཆོས་རིག་བཀའ་བློན་གཡུ་ཐོག་ཀར་མ་དགེ་ལེགས་ཀྱིས་བཀའ་བློན་གྱི་ལས་ཤོག་སྤྱད་དེ། ཅེས་པའི་ཚིག་བརྒྱན་འདི་ད་ལམ་གྱི་གནད་དོན་དང་འབྲེལ་བ་མིན་འདུག སྤྱི་དོན་ཁར་འཁྱེར་རང་དོན་ཁོག་བཅུགས་བྱས་པས་གཟིགས་དང་གོང་གི་ཆན་གཅིག་ནང་དགོས་མེད་ཆོལ་ཁའི་སྐད་ཆ་མང་དག་ཅིག་བཤད་མི་འདུག་གམ། དེ་ལྟར་དགོས་གལ་ཡོད་ན་ལས་དེ་མིན་གཟབ་རོཌ།
རྩ་བ་དེ་ཨུ་རྒྱན་སྟོབས་རྒྱལ་གྱི་བཤད་མ་དེ་རེད། དེ་ཐོག་ལན་འདེབས་ཞུ་རྒྱུ་བྱ་དངོས་དེ་རེད། དེ་མེད་པར་མི་དམངས་གཞུང་དང་དེའི་ལས་བྱ་བར་བརྙད་རྒྱུ་དེ་ལས་བསླ་ཤོས་ཀྱི་བྱ་བ་དེ་རེད། ཆོས་བཀའ་མཆོག་ནས་སྐྱོན་གང་བྱུང་ལ་ངོས་ལེན་གནང་འདུག་པ་མཉམ་སྐབས་དོན་གྱི་གནང་ཕྱོགས་ཀྱི་དགོས་པ་རྒྱུ་མཚན་ཡང་གསལ་བཤད་གནང་འདུག གནང་ལམ་འདི་ཨུ་རྒྱན་སྟོབས་རྒྱལ་གྱིས་བྱ་ངན་ལས་རྡུགས་ནས་ཉེས་སུ་མི་འགྲོ་བའི་དེ་སྔའི་བརྒྱུད་འཛིན་ཞིག་སྤྱད་རེད་བསམ།
ཧོར་གཙང་ནས་། འོན་ཀྱང་ཆོས་རིག་བཀའ་བློན་གྱིས་གོང་ས་རྒྱལ་དབང་མཆོག་གིས་འཁོར་དང་ཟང་ཟིང་ལ་རེ་བའི་འདུ་འདོད་ལྟ་བུར་སྒྱུར་ཐབས་བྱས་འདུག་པ་དེ་ཧ་ཅང་མ་རུང་བའི་བཤད་སྟངས་ཐབས་རྡུགས་ཤིག་ཡིན་ཀྱང་། ཅེས་པ་དེ་ལམ་གང་ནང་གསལ་ཡོད་ངས་བརྙེད་མ་སོང། དེ་ལྟར་ཞུ་མི་སྲིད་པ་ཞིག་རེད། དངོས་སུ་ཞུས་ཡོད་ན་དེ་ནི་མི་ཤེས་པའི་ནོར་བ་ཞིག་མིན་པས་ཁོང་ནས་གསུངས་པ་ལྟར་བཀའ་བློན་ནས་དགོང་ཞུ་གནང་ལ་ལེགས། ཡང་། མ་གཞི་ནས་སྐུ་ངོ་བཀའ་བློན་མཆོག་སྒེར་ངོས་ནས་གོང་ས་རྒྱལ་བའི་དབང་བོ་བཅུ་བཞི་བ་མཆོག་རྩ་བརྒྱུད་ཀྱི་བླ་མར་འཛིན་མིན་དང་། དད་གུས་ཞུ་མིན་སོགས་སྐྱེ་བོ་སྒེར་གྱི་བསམ་འདུན་དང་འབྲེལ་བ་མེད་པར། ཞེས་ཐད་སྒེར་གྱི་གདན་དོན་ཞིག་ཡིན་ན་ཅི་ཕྱིར་གླེང་། གོང་ཞུས་ལྟར་རང་དོན་ཁོག་བཅུགས་ཀྱི་དོག་པ་ཡོང་གཞི་མ་རེད་པས། ཀརྨ་དགེ་ལེགས་ནས་ད་བར་མི་ལོ་བཅུ་ཕྲག་བཞི་ལྷག་བོད་གཞུང་གི་ཞབས་ཞུ་གནང་བ་༸གོང་ས་མཆོག་ལ་དད་གུས་མེད་པ་ཕལ་ཆེར་མ་རེད་ཅེས་ཚོད་དཔག་ཞུ་ཐུབ། རང་གི་བསམ་ཚུལ་ཞུས་པ་ལས་གཞན་དམིགས་ཡུལ་མེད། མི་དམངས་ཞབས་འདེགས་ཡོང་གི་མེད་ན་དགོང་བ་ཞུས་ནས་དེ་མིན་གྱི་ཕན་པའི་བྱ་བ་ཞིག་ལ་བརྩོན་ན་དགའ།
སླར་ཞུ་རྒྱུར། ཉི་མར་མེ་ཚག་གྱི་འགྲན་ཐུབ་རྒྱུ་མེད་ཀྱང་༸གོང་ས་མཆོག་ལ་སྨད་པ་ཞུ་མཁན་ལ་ལན་རྒྱབ་དེ་ང་ཚོའི་ལས་འགན་རེད་ལ་ལོས་ཞུ། ཡོག་པོའི་ལམ་ནས་ངེ་པར་ཞུ་རོགས་གནང་། རྩ་བ་རུལ་པ་གསོ་རྒྱུ་དེ་ལས་ཡལ་ག་བཏུབས་རྒྱུ་གལ་ཆེར་མི་རྩིས་པ་དང་། ཕན་ལས་གནོད་ཆེ་བ་མི་ཡོང་ཞུ།།
འདི་ཏ་ཀླུ་མཁར་བྱམས་ངོ་མ་དེ་རེད།
https://youtu.be/BNf01Y-Hzh0