ཁ་བའི་རྣམ་ཤེས།
༄༅།། ན་མོ་ཨརྱ་ལོ་ཀེ་ཤྭ་ར་ཡ།།
ཟག་མེད་ཆོས་སྐུ་ལྷ་ཡི་ལམ་དུ་འོད་གསལ་བཻ་ཌཱུར་ཞུན་མས་རྩེན།།
བརྩེ་ཆེན་ཆུ་ཤེལ་ཁམས་ཀྱི་དྭངས་མར་མཚན་དཔེ་འོད་དཀར་ཕྲེང་བས་འཁྱུད།།
སྣ་ཚོགས་འགྲོ་ཁམས་མོས་པའི་རྒྱ་མཚོར་འཕྲིན་ལས་སྒྱུ་མའི་རྩེ་འཇོ་ཅན།།
གངས་ཅན་ལྷ་གཅིག་ཉ་གང་ཟླ་བ་དད་པའི་མཁའ་རུ་ལྷམ་མེར་གསལ།།
འོ་མའི་མཚོ་ལ་ཉི་མའི་ཟེར་གྱིས་ལན་བརྒྱར་བྲན་པ་ལས་ཀྱང་དཀར།།
ཁ་བའི་ལྷུན་པོར་དབང་པོའི་གཞུ་རིས་ཀུན་ནས་བཀྲ་བ་ལས་ཀྱང་མཛེས།།
ཕྱོགས་བཅུའི་ཞིང་གི་རིན་ཆེན་དངོས་པོ་གཅིག་ཏུ་སྤུངས་པ་ལས་ཀྱང་ལྷག།།
དགེ་ལེགས་བྱེ་བ་འབུམ་གྱིས་བསྐྲུན་པའི་རྨད་བྱུང་ལྟ་ན་སྡུག་པའི་སྐུ།།
འོད་དཔག་མེད་སོགས་ཡིད་དུ་འོང་བའི་མཐོང་གྲོལ་བཅུ་གཅིག་ཞལ་བཟང་སྟོན།།
སྟོང་ཕྲག་ཕྱག་གིས་འགྲོ་བ་སྣ་ཚོགས་ཡོངས་སུ་འདུལ་བའི་ཕྱག་རྒྱ་འབར།།
ནམ་ཡང་མི་འཛུམ་སྤྱན་སྟོང་མངའ་བས་རིགས་དྲུག་ཀུན་ལ་ཅེ་རེར་གཟིགས།།
ཡིད་འོང་ལྷ་རྫས་དར་གྱིས་སྤུད་དེ་མཛེས་པའི་ཞབས་ཟུང་མངོན་པར་བཞུགས།།
མ་རིག་འདམ་གྱིས་དྲི་མས་མ་གོས་ཆུ་སྐྱེས་གཞོན་ནུ་རྒྱས་པའི་དབུས།།
ལྷག་པའི་བསམ་པ་དུང་ལྟར་དཀར་བའི་བསིལ་ཟེར་རྒྱས་པའི་དཀྱིལ་འཁོར་སྟེང་།།
རྒྱལ་ཀུན་བརྩེ་ཆེན་ག་བུར་ཞུན་མའི་ཕན་བདེའི་རླབས་ཕྲེང་གཡོ་བ་ལས།།
འགྲོ་རྣམས་ཀུ་དའི་དགའ་ཚལ་སྐྱོང་བའི་སྙིང་རྗེའི་ལྷ་མཆོག་འདི་ན་བསྔགས།།
ཟབ་མོ་ལྟ་བརྒྱུད་འཆི་མེད་ལམ་དུ་རྒྱ་ཆེན་སྤྱོད་པའི་ཆུ་ཁུར་བརྩེགས།།
ཉམས་ལེན་བྱིན་རླབས་ཆར་དུ་སྙིལ་བས་དོན་གཉིས་ཕན་བདེའི་འབྲས་བཟང་སྨིན།།
འདི་ཕྱིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་མ་ནོར་ལམ་སྟོན་དགེ་བའི་བཤེས།།
ཕྱོགས་བཅུའི་དུས་གསུམ་རྩ་བརྒྱུད་བླ་མ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
ཀུན་བཟང་ཆོས་དབྱིངས་གདོད་མའི་གྲོང་དུ་བདེ་ཆེན་དགའ་བའི་གར་ལ་རོལ།།
ཨེ་ཝམ་ཟུང་འཇུག་སྒྱུ་མའི་ལང་ཚོ་ཞི་རྒྱས་དབང་དང་དྲག་པོའི་ཚུལ།།
སྣ་ཚོགས་ཁམས་དང་མོས་པའི་རྗེས་འགྲོ་འཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཅན།།
དངོས་གྲུབ་མཆོག་སྩོལ་ཡིད་དམ་ལྷ་ཚོགས་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
སྐུ་གསུམ་འབྲས་བུའི་ཁུར་གྱིས་ལྕི་བའི་མཚན་དཔེའི་ཡར་འདབ་ཕྱོགས་སུ་རྒྱས།།
འབད་མེད་འཕྲིན་ལས་གྲིབ་བསིལ་སྣུམ་པོ་སྲིད་པ་གསུམ་གྱི་ངལ་གསོའི་གནས།།
ཐབས་ཤེས་ཟུང་འཇུག་འགྱུར་མེད་སྡོང་པོ་ཚོགས་གཉིས་ནོར་འཛིན་སྤུངས་པའི་དབུས།།
ཕྱོགས་བཅུའི་རྒྱལ་བ་ཡོངས་འདུས་ལྗོན་པ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
མ་རིག་མུན་པ་ཀུན་ནས་འཇོམས་པས་སྲིད་པ་གསུམ་གྱི་སྒྲོན་མེ་དངོས།།
སྡུག་བསྔལ་རྩ་བ་དྲུང་ནས་འབྱིན་པས་བླ་ན་མེད་པའི་སྨན་གྱི་མཆོག།
འཆི་མེད་གྲོང་དུ་བདེ་བར་འདྲེན་པས་སྔོན་མེད་འཕྲུལ་གྱི་ཤིང་རྟ་ཆེ།།
ལུང་དང་རྟོགས་པའི་དམ་ཆོས་མ་ལུས་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
བཟོད་པའི་གོ་ཁྲབ་སྐུ་ལ་གསོལ་ཞིང་ཤེས་རབ་རལ་གྲི་གླད་ལ་སྐོར།།
ཉོན་མོངས་གཡུལ་ལས་རྣམ་པར་རྒྱལ་བའི་གཉེན་པོ་དཔུང་གི་ཚོགས་དང་བཅས།།
དགེ་བའི་རྟ་མཆོག་སྨོན་ལམ་སྲབ་ཀྱིས་བྱང་ཆུབ་ལམ་དུ་ཁ་ལོ་སྒྱུར།།
གཞན་གྱིས་མི་ཐུབ་སེམས་དཔའ་ཆེ་རྣམས་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
བདེན་དོན་མངོན་གསུམ་འཇལ་བའི་སྟོབས་ཀྱིས་འཁོར་བའི་སྲོག་ཤིང་རྩད་ནས་གཅོད།།
སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་སྤངས་ཏེ་ཞི་བའི་དབྱིངས་སུ་ངལ་གསོ་ཐོབ།།
རིག་གྲོལ་ཡོན་ཏན་དུ་མའི་མངའ་བདག་ཐར་འདོད་སྐྱེས་བུའི་གྲོགས་ཀྱི་མཆོག།
ཉན་རང་འཕགས་པའི་དགེ་འདུན་རྣམས་ཀྱང་ཉིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
བདེ་བའི་མཆོག་གྱུར་ཟག་མེད་བདེ་བའི་བདེ་ཆེན་ལམ་བཟང་སྒྲུབ་པ་ལ།།
ཚུལ་ཁྲིམས་ལྡན་རྣམས་ཚུལ་བཞིན་སྐྱོང་བའི་སྡུག་པའི་བུ་ལ་མ་ཡི་ཚུལ།།
རྣམ་མང་ཞི་ཁྲོའི་རྣམ་འཕྲུལ་འགྱེད་བཞིན་རྣམ་པར་དགེ་བའི་ལས་ལ་སྦྱོར།།
གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
རྡོ་རྗེ་འཆང་གི་རྡོ་རྗེའི་ཐ་ཚིག་མི་འགྱུར་རྡོ་རྗེའི་མཐིལ་དུ་འཛིན།།
ཆོས་བཞིན་སྒྲུབ་ལ་ཆོས་མིན་བྱ་བ་ཆོས་ཀྱི་དབྱིངས་སུ་ཞི་བར་བྱེད།།
འཇིགས་རུང་སྐུ་ཡིས་བདུད་ཀྱི་སྙིང་ལ་འཇིགས་བྱེད་འཇིག་པར་བྱེད་པ་པོ།།
ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
མདོར་ན་རྩ་བ་བརྒྱུད་པའི་བླ་མ་ཡིད་དམ་དཀྱིལ་འཁོར་ལྷ་ཡི་ཚོགས།།
སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསྟན་པ་སྲུང་ལ་མཐུ་རྩལ་ཅན།།
དག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ནམ་མཁའི་ཁམས་ཀྱི་རྗེས་འགྲོ་བ།།
སྲིད་དང་ཞི་བའི་དགེ་ལེགས་མ་ལུས་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
སྐད་ཅིག་སྲེག་པའི་ཚ་མྱལ་རྣམས་ལ་བསིལ་བའི་སྤྱན་ཆབ་རྟག་ཏུ་འབེབས།།
བཟོད་མེད་གྲང་བའི་སྡུག་བསྔལ་མྱོང་ལ་ཐུགས་ནས་བརྩེ་བའི་དྲོ་སྐྱིད་འབར།།
བཀྲེས་སྐོམ་མནར་བའི་ཡི་དྭགས་ཚོགས་ལ་ཕྱག་ནས་འོ་མའི་ཆུ་རྒྱུན་བཞུར།།
སྙིང་རྗེའི་བདག་ཉིད་སྙིང་རྗེའི་ལྷ་མཆོག་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
འཆི་འཕོ་ལྟུང་བའི་སྡུག་བསྔལ་ཅན་ལ་འཆི་མེད་དངོས་གྲུབ་སྩོལ་བའི་ལྷ།།
རྩོད་ལྡན་གཡུལ་འགྱེད་ལྷ་མ་ཡིན་ལ་རྩོད་མེད་ཞི་བདེ་སྦྱིན་པའི་ལྷ།།
སྐྱེ་རྒ་ན་འཆིའི་བྲན་དུ་འཁོལ་རྣམས་སྐྱེ་མེད་གླིང་དུ་འདྲེན་པའི་ལྷ།།
སྙིང་རྗེའི་བདག་ཉིད་སྙིང་རྗེའི་ལྷ་མཆོག་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
ཁ་བའི་འདབ་ལྡན་ཁ་བའི་ལྗོངས་སུ་ཁ་བ་རི་པའི་སྐྱེ་འགྲོ་རྣམས།།
བདེ་བའི་ལམ་དུ་བདེ་བར་འདྲེན་བྱེད་བདེ་བའི་རྩ་ལག་དམ་པའི་ཆོས།།
རྣམ་པ་དུ་མས་རྣམ་པར་འདོམས་ཕྱིར་རྣམ་འཕྲུལ་སྤྲུལ་སྐུ་ཚར་དུ་དངར།།
སྙིང་རྗེའི་བདག་ཉིད་སྙིང་རྗེའི་ལྷ་མཆོག་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
དགེ་འདུན་མཁས་དང་གྲུབ་པའི་དབང་པོ་དགེ་འདུན་འདུས་པ་རྒྱ་མཚོའི་དཔལ།།
ལེགས་བྱས་བསོད་ནམས་རྒྱ་མཚོའི་གོས་ཅན་ཡོན་ཏན་རྒྱ་མཚོ་བཞིན་དུ་ཟབ།།
བློ་བཟང་རྒྱལ་བསྟན་རྒྱ་མཚོའི་དབུས་སུ་གདེངས་ཅན་བདག་པོའི་དཔལ་ལ་འགྲན།།
ཆོས་ཀྱི་རྒྱལ་པོ་༧རྒྱལ་བ་ལྔ་པ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དུ་ཞིང་གི་བདག་པོ་དངོས་སུ་བྱོན།།
ཚངས་དབྱངས་སྙན་མོའི་གདངས་ལ་འགྲན་པའི་ལེགས་བཤད་རྒྱ་མཚོའི་རླབས་ཕྲེང་གཡོ།།
ཆབ་དཔལ་རིག་གནས་འོད་དཀར་ཕྲེང་བས་ཁ་བའི་ལྷུན་པོར་མཛེས་པར་བྱས།།
གྲུབ་པའི་དབང་ཕྱུག་༧སྐལ་བཟང་རྒྱ་མཚོ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
འཇམ་དཔལ་མཁྱེན་པའི་རྒྱ་མཚོ་བསྲུབས་ལས་ལུང་རྟོགས་རྒྱ་མཚོའི་རྦ་རླབས་འཕྱུར།།
རྣམ་དག་ཚུལ་ཁྲིམས་རྒྱ་མཚོ་ལས་བྱུང་རྣམ་མང་མཁས་གྲུབ་རྒྱ་མཚོ་བཞིན།།
བསྟན་དང་འགྲོ་ལ་གཅིག་ཏུ་སྨན་པའི་འཕྲིས་ལས་རྒྱ་མཚོའི་གོས་ཅན་ཁྱབ།།
བཀའ་དྲིན་ཟླ་མེད་༧ཐུབ་བསྟན་རྒྱ་མཚོ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ་ཆེན་སྲིད་གསུམ་བདེ་བའི་གསོས་སུ་སྨན།།
འཇིག་རྟེན་སྤྱི་དང་ཁྱད་པར་གངས་ལྗོངས་ཆོལ་ཁ་གསུམ་གྱི་སྐྱབས་དང་མགོན།།
༧ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་རིགས་གསུམ་གཅིག་ཏུ་བསྡུས་པའི་སྐུ།།
སྟོང་གསུམ་འགྲོ་བའི་འདི་མགོན་པོ་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
རྣམ་འདྲེན་བཞི་པའི་ལུང་རྟོགས་དམ་ཆོས་རྣམ་དཔྱོད་རལ་པའི་ཀློང་དུ་བསྐྱིལ།།
སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་བཞིར་འཆད་རྩོད་རྩོམ་ལ་འགྲན་ཟླ་བྲལ།།
ས་ཆེན་འདི་ཡི་མདོ་སྔགས་ཡོངས་རྫོགས་བསྟན་པའི་བདག་པོའི་སྐུར་བཞེངས་པ།།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
ཟབ་ཡངས་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་བརྩེ་ཆེན་རླབས་ཀྱིས་བསྲུབས་པ་ལས།།
སྔོན་མེད་ལེགས་བཤད་འོད་དཀར་ཕྲེང་བ་ཕན་དང་བདེ་བའི་ཟེགས་མ་ཅན།།
སྐྱེ་རྒུའི་སྙིང་གི་མུན་པ་འཇོམས་བཞིན་བློ་གྲོས་ཀུ་དའི་དགའ་ཚལ་སྐྱོང་།།
སྨྲ་བའི་དབང་པོ་བསིལ་ཟེར་ཅན་འདི་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
ཐུབ་བསྟན་ཟླ་ཤེལ་གངས་ཀྱི་ལྷུན་པོར་མི་འཇིགས་སྤོབས་པའི་སྡེར་མོ་བགྲད།།
དཔྱད་གསུམ་རིགས་པའི་གཡུ་རལ་ངོམ་བཞིན་ལུང་རིགས་གད་རྒྱངས་མཐོ་པོར་སྒྲོག།
ལྟར་སྣང་བཤེས་གཉེན་ཝ་སྐྱེས་ཚོགས་ཀྱི་སྙིང་ལ་ཞུམ་པ་བརྒྱ་སྟེར་བའི།།
༧སྐྱབས་མགོན་སྨྲ་བའི་སེངྒེ་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
སོ་ཐར་བྱང་སེེམས་གསང་སྔགས་ཐེགས་པའི་རྣམ་དག་ཁྲིམས་ཀྱི་མུ་ཁྱུད་མཛེས།།
རྣམ་རྟོག་རླུང་གིས་གཡོ་བར་མི་ནུས་ཏིང་འཛིན་རྡོ་རྗེའི་སྲོག་ཤིང་བརྟན།།
དེ་ཉིད་སོ་སོར་རྟོག་པའི་ཤེས་རབ་རྣམ་དཔྱོད་རྩིབས་སྟོང་ཡངས་པོར་བཀྲ།།
༧སྐྱབས་མགོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
རྒྱལ་པོའི་ཁབ་ཏུ་རིགས་ཅན་གསུམ་གྱི་གདུལ་བྱའི་དབུས་སུ་མངོན་པར་མཐོ།།
རི་དྭགས་ཚལ་དུ་བདེན་པ་བཞི་ཡི་ཆོས་ཀྱི་འཁོར་སླར་ཡང་སྐོར།།
ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས།།
༧སྐྱབས་མགོན་སྟོན་མཆོག་སངས་རྒྱས་གཉིས་པ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
དུས་གསུམ་རྒྱལ་བའི་དགོངས་པ་ཟབ་མོ་ཆོས་དབྱིངས་རྒྱ་མཚོའི་ཀློང་དུ་སིམ།།
མཐའ་བཞི་ཀུན་བྲལ་འགྱུར་མེད་གདན་ལ་རིགས་ཚོགས་དྲུག་གི་གདེངས་ཀ་གཡོ།།
ལྟོས་གྲུབ་རིག་པའི་རྦ་རླབས་འཕྱུར་བས་ལེགས་བཤད་གསེར་གྱི་ཕྱེ་མ་འདྲེན།།
ཁ་བའི་༧སྐྱབས་མགོན་ཀླུ་གྲུབ་གཉིས་པ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
བསྟན་པ་རིན་ཆེན་མཐའ་ཁོབ་ཡུལ་དུ་སྤེལ་ལ་མཁན་ཆེན་ཞི་བ་མཚོ།།
བསྟན་འགྲོར་འཚེ་བའི་ནག་པོའི་ཕྱོགས་ལ་འཚོ་སྐྱེས་རྡོ་རྗེ་ཁྲོས་པའི་སྐུ།།
རྒྱལ་བའི་བསྟན་པ་སྟོབས་ཀྱིས་སྐྱོང་ལ་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་བཞིན།།
༧སྐྱབས་མགོན་མཁྱེན་བརྩེ་ནུས་པའི་བདག་ཉིད་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
གསང་བའི་གནད་ཀུན་གཏན་ལ་འབེབས་མཁན་སྒྲ་སྒྱུར་མར་པ་ལོ་ཙཱ་བ།།
ཚེ་གཅིག་ཟུང་འཇུག་སྒྲུབ་ལ་རྩོན་པས་སྙིང་རུས་བཞད་པའི་རྡོ་རྗེ་དང་།།
ཉམས་ལེན་སྙིང་པོ་མཐིལ་དུ་འཛིན་པས་མཉམ་མེད་དྭགས་པོ་ལྷ་རྗེ་བཞིན།།
༧སྐྱབས་མགོན་གྲུབ་པའི་དབང་ཕྱུག་ཆེན་པོ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
གསལ་སྟོང་འཛིན་མེད་ལྷ་ཡི་ལམ་དུ་མཁྱེན་རབ་ཉིན་གཞོན་འབར་བའི་གཟིས།།
ལྔ་རིག་པདྨོའི་དགའ་ཚལ་རྒྱས་པས་ལེགས་བཤད་སྦྲང་རྩིའི་དོག་པ་ཅན།།
བློ་གྲོས་སྟོབས་ལྡན་བུང་བའི་ཁྱུ་ཚོགས་འཁོན་རིགས་བསྟན་པའི་བདག་པོ་བཞིན།།
༧སྐྱབས་མགོན་མཁས་པའི་དབང་པོ་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་རྩེད་འཇོ་ངུར་སྨྲིག་མཚམས་སྤྲིན་གཡོ་བའི་དབུས།།
རྣམ་དཔྱོད་རལ་གྲིིའི་འཁྲུལ་འཁོར་རྣོན་པོ་ཉི་མ་སྟོང་ཕྲག་འབར་བའི་གཟིས།།
ལོག་རྟོག་སྙིང་གི་མུན་པ་མཐར་བྱེད་འཇམ་མགོན་རྒྱལ་བ་གཉིས་པ་བཞིན།།
༧སྐྱབས་མགོན་མཁས་གྲུབ་གཉིས་ལྡན་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
བརྟན་པའི་འཁོར་ལོ་མི་ཡི་རྣམ་རོལ་རྒྱལ་བ་བློ་བཟང་གྲགས་པའི་དཔལ།།
རིགས་པའི་དབང་ཕྱུག་དར་མ་རིན་ཆེན་ལོག་སྨྲ་ཚར་གཅོད་མཁས་གྲུབ་རྗེ།།
ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་པན་ཆེན་ཆོས་ཀྱི་རྒྱལ་པོ་བཞིན།།
ཞྭ་སེར་བསྟན་པའི་གཙུག་རྒྱན་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
དགེ་ལྡན་སྙན་བརྒྱུད་གདམས་པའི་མཛོད་འཛིན་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་།།
ལམ་རིམ་བློ་སྦྱོང་བསྟན་པའི་མངའ་བདག་ཁྲི་བྱང་མར་མེ་འཛིན་པའི་དཔལ།།
འོད་གསལ་དཀར་ནག་མངོན་དུ་གྱུར་པའི་གྲུབ་ཆེན་དིལ་མགོ་མཁྱེན་བརྩེ་བཞིན།།
ཕ་བཟང་བླ་མའི་བུ་རྒོད་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
སྙིགས་མའི་ཁུར་གྱིས་ཤིན་ཏུ་ལྕི་བའི་རྒྱལ་བའི་བསྟན་པ་ནོར་འཛིན་མ།།
དུས་ངན་རྒྱ་མཚོའི་ཀློང་དུ་བྱིང་བས་རྒྱལ་རྣམས་བཏང་སྙོམས་མཛད་པའི་ཚེ།།
རྣམ་དཔྱོད་སྙིང་སྟོབས་དཔུང་པ་ཟུང་གིས་གྱེན་དུ་འདེགས་ལ་མི་ངལ་བ།།
བསྟན་འགྲོའི་དཔལ་མགོན་མིའུ་ཐུང་གཉིས་པ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
གངས་ལྗོངས་རྒྱལ་བསྟན་རྣམ་འདྲེན་བཞི་པའི་རིང་ལུགས་དྲི་མ་མེད་པར་བསྒྲུབས།།
ཆོས་དང་ཚན་རིག་ཟུང་དུ་འབྲེལ་བས་ཐུབ་བསྟན་ཡུན་དུ་གནས་པར་མཛད།།
ས་དགེ་བཀའ་རྙིང་བོན་དང་བཅས་པར་བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན།།
བླ་ན་མེད་པའི་བླ་མ་འདི་ཡང་སྙིང་རྗེའི་ས་བོན་ཉིིད་ལས་འཁྲུངས།།
ཐེར་འབུམ་བདུན་གྱི་རྐང་གཉིས་པ་ལ་བྱམས་བརྩེའི་མདུན་ལམ་འོད་སྟོང་འཕྲོ།།
འཇིག་རྟེན་ཆོས་ལུགས་ལྟ་གྲུབ་ཀུན་ལ་སྔོན་མེད་མཐུན་འབྲེལ་འདབ་སྟོང་བཞད།།
གཉིས་ཕན་དབུས་མའི་ལམ་བཟང་འདི་ཉིད་མི་རབས་གསར་པའི་རེ་བ་དངོས།།
འཛམ་གླིང་ཞི་བདེའི་ཉི་མ་འདི་ཡང་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།།
བདག་ཉིད་ཆེན་པོ་གནྡི་རྗེ་དང་ཉམ་ཐག་ཨ་མ་ཏྲི་རི་ས།།
འདྲ་མཉམ་རྩོན་ལེན་ལཱུ་ཐཱ་ཀིང་དང་མང་གཙོའི་དཔའ་མོ་སཱུ་ཀྱི་མ།།
སྲིད་ན་གྲགས་ཅན་མི་སྣ་དག་གིས་གང་གི་ཡོན་ཏན་མཚོན་ནུས་མིན།།
༧སྐྱབས་མགོན་ཞི་བའི་དེད་པོ་ཆེན་མོ་སྙིང་རྗེའི་ས་བོན་ཉིད་ལས་འཁྲུངས།
སྙིང་རྗེའི་ས་བོན་བདེ་གཤེགས་སྙིང་པོར་འགྲོ་བ་ཀུན་གྱི་སྙིང་ལ་གནས།།
སྙིང་རྗེའི་ལོ་ཏོག་ཕུན་ཚོགས་སྐྱེད་ལ་སྟོང་ཉིད་སྙིང་རྗེས་དྲོད་ཀྱིས་བརླན།།
སྙིང་རྗེའི་གཞན་དོན་འབད་མེད་ལྷུན་གྲུབ་བྱང་ཆུབ་སྙིང་པོ་སྒྲུབ་པ་ལ།།
སྙིང་རྗེའི་ལྷ་མཆོག་སྙིང་རྗེའི་བྱིན་རླབས་འགྲོ་བ་ཀུན་གྱི་སྙིང་ལ་སྩོལ།།
གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཙམ།།
མ་བཅོས་དད་པའི་སྙིང་ལ་བསྐྱིལ་བས་སྨྲ་བའི་ལམ་ནས་ཟེགས་མ་འཐོར།།
མི་ཟད་རྣམ་དཀར་དགེ་བའི་ཕུང་པོ་ནམ་མཁའི་མཛོད་ལྟར་ཡངས་པ་འདི།།
མ་གྱུར་འགྲོ་བའི་སྙིང་རྗེའི་ས་བོན་སྨིན་ཞིང་འགྲོལ་བའི་རྒྱུ་རུ་བསྔོ།།
མདོར་ན་མགོན་པོ་ཁྱོད་ཀྱི་སྐུ་སྲོག་འཆི་མེད་ཆུ་ཤེལ་ཁམས་སུ་བརྟན།།
ཞི་བསིལ་ཕན་བདེའི་འཕྲིན་ལས་འོད་དཀར་ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ།།
རྒྱལ་བསྟན་ཁ་བའི་ལྷུན་པོའི་མཛེས་སྡུག་སྔར་ལས་ཆེས་ཆེར་རྒྱས་པའི་མཐུས།།
ཀླ་ཀློའི་ཡུལ་གྱི་སྨག་རུབ་སྟུག་པོ་གཏན་དུ་འཇོམས་པའི་བཀྲ་ཤིས་ཤོག།
བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་མགོན་པོ་ཁྱེད་དང་མི་འབྲལ་ཞིང་།།
བྱང་ཆུབ་དོན་གཉེར་འདུན་པ་དྲག་པོས་ལོག་པའི་འཚོ་བ་ཡོངས་སུ་སྤོང་།།
ཡང་དག་ཤེས་རབ་མེ་ཆེན་འབར་བས་ཉོན་མོངས་བུད་ཤིང་མ་ལུས་སྲེག།
འཇིགས་རུང་འཁོར་བའི་རྒྱ་མཚོ་འདི་ལས་མྱུར་དུ་ཐར་བར་བྱིན་གྱིས་རློབས།།
གང་གི་ཡོན་ཏན་ཆ་ཙམ་མཐོང་བས་སྤྱི་བོའི་རལ་པ་ས་ལ་བསྙིལ།།
གདོང་དམར་བོད་ལ་དཀའ་དྲིན་ཆེ་བས་ལག་ཟུང་སྙིང་གའི་དཀྱིལ་དུ་ཟུམ།།
བདག་མགྲིན་ཡངས་པོའི་སྦུགས་ནས་ཐོན་པའི་དད་པའི་གླུ་ཆུང་སྙན་མོ་འདི།།
ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ནིའུ་ཛི་ལེན་ཌའི་ཡུལ་ནས་ཕུལ།།
འོན་ཀྱང་བདག་གི་སྐྱེས་ཐོབ་ཤེས་རབ་སྐྲ་ཡི་ཉག་མ་ལས་ཀྱང་ཕྲ།།
སྦྱང་པའི་ཡོན་ཏན་ཅི་ཡང་མི་མངའ་མངོན་པར་རྟོགས་པ་ཡེ་ནས་དབེན།།
དད་པ་ཙམ་གྱིས་ཁྱེད་ལ་བསྟོད་པའི་ཚིག་སྦྱོར་མེ་ཏོག་ཕྲེང་བ་སྤེལ།།
ནོངས་པ་མཆིས་ན་ཐུགས་རྗེའི་བདག་ཉིད་བླ་མ་རྣམས་ཀྱི་སྤྱན་སྔར་འཆགས།།