ཁ་བའི་རྣམ་ཤེས།
བྱམས་དང་སྙིང་རྗེའི་བདག་ཉིད་བླ་མ་ལགས།།
སྤྲོས་བྲལ་ཟམ་མོ་རྒྱལ་བའི་དགོངས་པ་དེ།།
རིས་མེད་གདུལ་བྱ་ཡོངས་ལ་བགོད་བ་ལས།།
རང་ལུགས་ཟབ་ཚུལ་འཆད་དུས་སེམས་པ་སྐྱོ།།
མཐོ་པོའི་ཁྲི་ལ་འགྱིང་བའི་དཔོན་པོ་ལགས།།
གཞན་ཐག་རང་གིས་ཆོད་པའི་དབང་ཚད་དེ།།
ཀུན་སྙོམས་ཉི་ཟེར་བཞིན་དུ་ཁྱབ་པ་ལས།།
རང་ཕྱོགས་ཁོ་ན་སྐྱོང་དུས་སེམས་པ་སྐྱོ།།
མཁྱེན་རྒྱ་མཁའ་ལྟར་ཡངས་པའི་དགེ་བཤེས་ལགས།།
ལུང་རིགས་གནམ་ལྕགས་འབར་བའི་འཕྲུལ་འཁོར་དེ།།
བདག་འཛིན་གདོན་གྱི་ཐོག་ཏུ་འབེབས་པ་ལས།།
སྔ་རྒོལ་ཚར་གཅོད་བྱེད་དུས་སེམས་པ་སྐྱོ།།
ཤེས་རིག་ནོར་གྱི་བང་མཛོད་མཁས་དབང་ལགས།།
གློག་ལྟར་འཁྱུག་པའི་སྨྱུ་གུའི་ཁ་སོ་དེ།།
རིག་གཞུང་གཅེས་འཛིན་ཆེད་དུ་རྡར་བ་ལས།།
གཞན་སྐྱོན་སྔོག་འདོན་བྱེད་དུས་སེམས་པ་སྐྱོ།།
གདོང་དམར་མེས་པོའི་རིགས་རྒྱུད་དཔའ་བོ་ལགས།།
སྟོབས་ཤུགས་ཅན་གྱི་དཔུང་པའི་ཤ་རྒོད་དེ།།
ནག་པོ་དགྲ་ཡི་ཕྱོགས་སུ་ངོམ་པ་ལས།།
ཕུ་ནུ་ནང་དམེ་བྱེད་དུས་སེམས་པ་སྐྱོ།།
ལང་ཚོ་དར་བའི་བོད་པའི་བུ་མོ་ལགས།།
ཟབ་གསལ་མྱུར་བའི་ཀླད་པ་གྲུང་མོ་དེ།།
རང་ལ་མཁོ་བའི་ཤེས་ཡོན་སྦྱོང་བ་ལས།།
གཞན་གྱི་ལད་མོ་བྱེད་དུས་སེམས་པ་སྐྱོ།།
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ལགས།།
༧རྒྱལ་བའི་བཀའ་སློབ་ཡིད་བཞིན་ནོར་བུ་དེ།།
གུས་བཀུར་སྙིང་གི་དཀྱིལ་ནས་ཞུ་བ་ལས།།
ཆོལ་ཁ་ཆོས་ལུགས་རྩོད་དུས་སེམས་པ་སྐྱོ།།