ཐེ་འོད་ཟེར།
ཀ་ཁ་ཙམ་ཞིག་ཁ་ན་མེད་ལ་ཁ་བའི་རིག་གཞུང་གླེང་དང་གཅིག།
ཁ་བ་ཆོལ་གསུམ་སྐད་བརྡ་མི་འཕྲོད་ཁ་བའི་ལ་རྒྱ་བཤད་པ་གཉིས།།
ག་ནས་བལྟས་ཀྱང་རང་གི་རིཊ་ལ་ཕན་པ་མེད་པའི་སྨྱོ་གཏམ་གསུམ།།
ང་ཡིས་བལྟས་ན་མི་བུ་དེ་རིགས་རང་ངོ་མི་ཤེས་གླེན་པ་ཉིད།།
ཅ་ཅོའི་འུར་ཟིང་ཅི་བས་ཆེ་བའི་དྲྭ་ཚོམས་ཉུལ་བའི་སློབ་མ་གཅིག།
ཆ་ལུགས་ར་མ་ལུག་བསྲེས་ཅན་གྱི་དགེ་རྒན་ར་བཟི་དུད་འཐེན་གཉིས།།
ཇ་ནེ་ཕོར་ཁ་མཐོ་དམན་འགྲན་པའི་དེང་གི་དུས་ཀྱི་གཞུང་ཞབས་གསུམ།།
ཉ་པ་རྒད་པོ་ལས་ཀྱང་བཙོག་པའི་རད་ཚོད་མེད་པའི་གློའུ་རྒན་ཡིན།།
ཏ་ཐཱ་ག་ཏའི་བསྟན་ལ་བཞུགས་ནས་ཆོལ་ཁ་ཆོས་ལུགས་རྩོད་དང་གཅིག།
ཐ་གྲུ་ཡངས་པའི་རྒྱལ་ཁབ་བསྐོར་ནས་མི་ཆོས་བླ་མའི་རྫུན་ཆོས་གཉིས།།
ད་ཚོད་མེད་པའི་སྒོར་གྱིས་བསླུས་པའི་དམར་སེར་ཅན་གྱི་བླ་གྲྭ་གསུམ།།
ན་རག་དམྱལ་བའི་ལས་མཁན་ལས་ཀྱང་ཐུ་ཞིང་བཙོག་པའི་བསྟན་དགྲ་ཉིད།།
པ་ཎི་པ་སོགས་གཞུང་ལ་མཁས་ཀྱང་ཉམས་ལེན་བྲལ་བའི་དགེ་བཤེས་གཅིག།
ཕ་མ་སེམས་ཅན་ཁ་ནས་གླེང་ཡང་ནང་སེམས་དུག་ཅན་འཚམ་པ་གཉིས།།
བ་གླང་ར་ལུག་ཤ་ཁྲག་རོལ་ཞོར་མ་ཎི་འདོན་པའི་གྲོང་རྒན་གསུམ།།
མ་དག་སེམས་ཅན་སྣང་ངོར་ཁྱད་ཀྱང་གཟུར་གནས་བློ་ལྡན་ཁྲེལ་བའི་གནས།།
ཙ་རིར་སྐོར་བཞིན་ཡར་ཁོག་ནང་ལ་གནག་སེམས་གནོད་སེམས་འཆང་དང་གཅིག།
ཚ་གྲང་ལྟོ་སྐོམ་དཀའ་སྡུག་མ་མྱོང་མཁས་པའི་གྲལ་ན་འགྱིང་བ་གཉིས།།
ཛ་རེ་ཛོ་རེའི་ཉི་མ་འཁྱོལ་ཐབས་ལ་ལུང་རྒྱལ་ཁམས་ཉུལ་བ་གསུམ།།
ཝ་ལེར་བསམ་ན་ཧེབ་རྒན་དེ་ཚོ་མིང་ལ་རེ་བའི་བསམ་མེད་ཅིག།
ཞྭ་གོས་འདྲ་མིན་སྣ་ཆོགས་གྱོན་པ་དེང་རབས་ཅན་དུ་རློམ་དང་གཅིག།
ཟ་མ་འབུ་སྲིན་སྔོ་ཚལ་ཟ་བ་ཡར་ཐོན་ཡིན་མདོག་སེམས་པ་གཉིས།།
འ་འུར་སྐད་རིགས་འདྲ་མིན་བསྲེས་པ་འཇོན་ཐང་ཅན་ལ་བལྟ་བ་གསུམ།།
ཡ་ཁོག་གློ་སྙིང་མཆིན་གསུམ་དག་ལ་རང་ཚུགས་བོར་བའི་སྤྲེའུ་རྒན་ཡིན།།
ར་ལུག་རྟ་ནོར་འཚོ་སྐྱོང་བསྐྱུར་ནས་ཚོང་གི་ཁེ་བཟང་ལེན་འདོད་གཅིག།
ལ་ལུང་ཡུལ་གྲུར་གོམ་གང་མ་ཕྱིན་འཚོ་བའི་ཉམས་མྱོང་ཆེ་མདོག་གཉིས།།
ཤ་ཁྲག་སྣུམ་པོ་རང་གིས་ཟ་ཡང་གཞན་ལ་ཤ་ཟོས་ཉེས་བཤད་གསུམ།།
ས་སྟེང་མི་རྣམས་དགོད་བྱེད་ཉིད་ལས་བཟང་བསྟོད་བྱེད་མཁན་ཡོད་དམ་ཅི།།
ཧ་ཤང་ལྟ་བུའི་གྲོད་ཁོག་འབུར་བའི་མི་བུ་ཚོ་ལ་མི་འཕྲོད་ན།།
ཨ་ཕ་རྒད་པོ་མྱི་ལྡོམ་ཞིག་གི་བྱབ་ཆུང་གཏམ་དུ་གོ་ཡང་ཆོག།