རྫ་ཚེ་རིང་བཀྲ་ཤིས།
དེ་རིང་ངས་སྙན་ངག་མ་འདྲ་བ་གཉིས་བསྡུར་ནས་ཕྲན་དཔྱད་ཅིག་འབྲི་བཞིན་ཡོད། འདི་ནི་མ་བསྐུལ་དང་བླངས་རང་གིས་བྲིས་པ་ཞིག་ཡིན་ན་ཡང་། འདི་འདྲའི་བསམ་བློ་ཞིག་འཁོར་དོན་ནི་ཉེ་ཆར་སྐད་གྲགས་ཆོད་བཞིན་པའི་ལྗང་བུའི་སྙན་ངག་《རྒྱལ་མོའི་ལམ་ཀ་》དང་འབྲེལ་བ་ཡོད། སྤྱིར་བཏང་བཤད་ན། སྙན་ངག་མཁན་པོ་རྒན་པ་ཞིག་གི་སྙན་ངག་ཅིག་ཡིན་པའི་ངོས་ནས་《རྒྱལ་མོའི་ལམ་ཀ》ར་“རྟ་ཕོ་རྒྱུག་ལུགས་འདྲ་ཡང་རྨིག་བཞི་བསྐོར་ལུགས་མི་འདྲ་”ས་རེ་ལོས་ཡོད། དེའི་ཆ་ནས་ཁོང་གི་སྙན་ངག་ལ་གདེངས་འཇོག་ཐོབ་པ་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན་ཆོག འོན་ཀྱང་སྐབས་འགར་རང་མོས་སྙན་ངག་ལ་དགའ་མོས་བྱེད་མཁན་ཚོར་བསམ་བཞིན་མགོ་རྙོག་བཤད་རྒྱུའི་གོམས་གཤིས་ཤིག་ཡོད་པ་རེད། ཁོ་ཚོའི་ངོས་ནས་ཁོ་ཚོའི་བཤད་སྟངས་དེ་མགོ་རྙོག་ཡིན་བསམ་གྱིན་མེད་ན་ཡང་། ངས་བསམ་ན། ཚིག་གི་རྒྱ་ལས་ཡོངས་སུ་འགོངས་པའི་ལྐོག་གྱུར་གྱི་མཛེས་བཟོ་ཐལ་དྲགས་པ་ཡིན་ན་དེའི་ཚེ་རྩོམ་ཡིག་དེ་སྒྱུ་རྩལ་གྱི་བསླུ་བྲིད་ལས་བརྒལ་ཏེ་རྨོངས་དད་ཀྱི་བསླུ་བྲིད་དུ་ཁ་ཕྱོགས་པ་ཞིག་ཡིན་སྲིད་ལ། དགོས་མེད་ཀྱི་འཁྲུལ་སྣང་ཐོལ་པ་བསྐྱེད་རྒྱུའི་ཉེན་ཁའང་ཡོད།
ལར་སྙན་ངག་ལ་ཚིག་གིས་དངོས་སུ་བརྗོད་པའི་དོན་དང་། དེའི་ཤུགས་བསྟན་གྱི་དོན། ཚིག་གི་ཕག་ཏུ་སྦས་ཐབས་སུ་མངོན་པའི་དོན་ཏེ། ནང་དོན་སྟོན་ཚུལ་མ་འདྲ་བ་གསུམ་ཡོད། ཕྱི་མ་འདི་ལའང་ཡོངས་སུ་བསྡུས་པ་དང་། བསྡུས་ཤིང་མ་བསྡུས་པ་ཟེར་བ་ལྟ་བུའི་ནང་གསེས་ཀྱི་འགྲོ་སྟངས་ཞིབ་ཚགས་བཤད་རྒྱུ་ཡོད་མོད། དེ་ཚང་མ་ཚིག་གི་ཆོ་གའི་རྟེན་འབྱུང་ལས་བྱུང་བའི་རྒྱུ་མཐུན་གྱི་འབྲས་བུ་ཁོ་ནར་ཟད། ལར་དེང་དུས་ཀྱི་སྙན་ངག་འབྲི་སྟངས་འདི་རིགས་སྲོལ་རྒྱུན་གྱི་སྙན་ངག་གི་ཁྱབ་ཁོངས་སུ་ཆེད་དུ་འཛུད་དགོས་པ་ཞིག་མིན་ན་ཡང་། འདྲ་མཚུངས་ཀྱི་ཆོས་ཉིད་ཡོད་པ་ཁ་གསལ་གཏོད་པར་འགལ་བ་ཡང་མེད།
སྤྱིར་སྙན་ངག་ཅེས་པ་ནི་སྙན་ངག་མཁན་གྱིས་རང་གི་བསམ་བློ་དང་ཤེས་རབ། འཚོ་བ་དང་ཚོར་རྟོག་བཅས་ཀྱི་མངོན་རྟོགས་ཟུང་དུ་སྦྲེལ་ནས་ཞིབ་ཚགས་པོས་བསྡེབས་ལེགས་སུ་བཞེངས་པ་ཞིག་ཡིན། སྙན་ངག་གང་འདྲ་ཞིག་ཡིན་ཡང་། སྙན་ངག་པ་རང་ཉིད་ཀྱི་བསམ་བློ་དང་ཚོར་བ་སོགས་ཀྱི་ཇུས་འགོད་ཀྱི་ར་བ་ལས་འདའ་མི་རུང་སྟེ། རང་ཉིད་ཀྱིས་གང་བཤད་བཞིན་ཡོད་པ་དེ་རང་ཉིད་ལ་གསལ་ཆ་ཡོད་དགོས་པ་དང་། རང་ཉིད་ཀྱིས་རང་ཉིད་ཀྱི་སྙན་ངག་འགྲེལ་ཤེས་པ། རང་ཉིད་ལ་རང་ཉིད་ཀྱི་སྙན་ངག་འགྲེལ་བརྗོད་བྱ་རྒྱུའི་དབང་ཚད་ཆ་ཚང་ཡོད་པ་ཞིག་ཅིས་ཀྱང་ཡིན་འོས་པས། ཆ་རྐྱེན་འདི་འདྲ་ཞིག་བཏོན་པར་ཐལ་དྲགས་འདུག་བསམ་མི་རུང་། དེ་ལས་ལྡོག་སྟེ། མི་གཞན་གྱིས་རྩོམ་དེ་སྙན་པོ་འདུག་ལབ་ན་སྙན་པ་དང་། སྙན་པོ་མི་འདུག་ལབ་ན་མི་སྙན་པ་ལྟ་བུ། ཐ་ན་མི་ལྔས་འགྲེལ་ཚུལ་མ་འདྲ་བ་ལྔ་བྱས་ནའང་དེའི་ནང་གི་གང་ཞིག་རྩོམ་པ་པོའི་བསམ་ཚུལ་ལམ་དངོས་དོན་ལ་ཉེ་བ་ཡིན་ཁ་གསལ་བཤད་རྒྱུ་མེད་པ་དང་། དགའ་མོས་བྱེད་མཁན་ཚོས་ཚད་བརྒལ་གྱི་སྒྲོ་འདོགས་བྱས་ན་དེའང་སྒྱུ་རྩལ་ལ་རོལ་མྱོང་བྱེད་སྟངས་ཤིག་ཡིན་པ་སྐད་དུ་འཆད་པའམ། སྙན་ངག་བྲིས་ཟིན་པ་ན་འབྲི་མཁན་ཤི་ཟིན་པ་ལྟ་བུར་གོ་བ་ལེན་དགོས་ཟེར་བ་སོགས་ནི་བབ་ཅོལ་ཙམ་དུ་བས། རྒྱུ་མཚན་གང་ལགས་ཤེ་ན། དཔེར་ན། ཅ་ལག་ཅིག་བཟོ་གྲྭ་ཞིག་ནས་ཐོན་རྗེས་དེ་མི་མང་གིས་བེད་སྤྱོད་གཏོང་རྒྱུར་ངེས་ཤིང་། ཅ་ལག་དེའི་བདག་དབང་སྒོར་མོ་སྤྲད་མཁན་ལ་ཡོད་ན་ཡང་། ཅ་ལག་དེའི་རྒྱུ་སྤུས་དང་རིན་ཐང་ནི་སྔར་བཞིན་ཅ་ལག་བཟོ་མཁན་གྱི་ཐོན་དངོས་རང་གི་ཐོག་ནས་འཇོག་པ་དང་། རིན་ཐང་དེ་ཡང་ཅ་ལག་བཟོ་མཁན་དེའི་རྒྱུ་ཆ་དང་ཇུས་འགོད་ལག་རྩལ་སོགས་ཀྱིས་ཐག་བཅད་པ་ཞིག་ཡིན། དཔེ་དེ་བཞིན། སྙན་ངག་ཀྱང་ཀློག་པ་པོ་གྲངས་མེད་པ་ཞིག་གི་ངག་བརྒྱུད་དེ་འཁོར་ན་ཡང་། སྙན་ངག་དེའི་གོ་དོན་ནི་རྩོམ་པ་པོའི་བློ་ཡུལ་དུ་ཤར་ནས་བྲིས་པ་ཞིག་ཡིན་དགོས་པའི་རྩ་དོན་དེར་འགྱུར་བ་གང་ཡང་མེད། མདོར་ན། ཀློག་པ་པོས་སྒེར་གྱི་རྣམ་རྟོག་ཁོ་ནས་གཞན་གྱི་སྙན་ངག་གི་བཞིན་རས་ལ་རི་མོ་གང་འདོད་དུ་འབྲི་ཆོག་སྙམ་པ་ནི་དོན་དམ་པར་སྙན་ངག་གི་ཆོས་ཉིད་དང་མི་མཐུན་ལ། རྩོམ་པ་པོར་རང་གི་སྙན་ངག་གི་ནང་དོན་དང་འབྲེལ་བའི་རྒྱུ་མཚན་ཏག་ཏག་ཅིག་བཤད་རྒྱུ་མེད་བཞིན་ཡོད་པ་སྐད་དུ་སྨྲ་བ་དེ་རིགས་ཀྱང་སྒྱུ་ཐབས་ཙམ་ལས་གང་ཡང་མིན།
ངས་ཉེ་ཆར་ལྗང་བུའི་སྙན་ངག་དེ་ཉིད་བཀླགས་པར་མ་ཟད། ཁོང་ཉིད་ཀྱིས་བཤད་པའི་བསམ་བློ་དང་ཚིག་གི་རྒྱབ་ལྗོངས་ཀྱི་འགྲེལ་བརྗོད་དེ་ཚོར་ཡང་ཞིབ་ཏུ་ཉན་ཟིན་པ་ཡིན་མོད། ཁོང་གིས་ཁེངས་བསྐྱུངས་དང་བབ་ཆགས་ཀྱི་ལམ་ནས་གོ་དོན་གང་བཀྲལ་བ་དེ་ཚང་མ་ང་རང་ཉིད་ཀྱི་རྩོམ་ཡིག་དེར་གོ་བ་ལེན་སྟངས་དང་ཧ་ཅང་མཐུན་པོ་བྱུང་བར་མ་ཟད། དེའི་ཐད་ངོས་ལེན་མི་ཐུབ་པའི་ཐལ་ཆའི་གནད་དོན་གང་ཡང་མི་འདུག འོན་ཀྱང་འགའ་ཞིག་གིས་དེའི་ཐད་ཚད་ལས་བརྒལ་བའི་རྣམ་རྟོག་སྤྲོས་པ་དེ་ཚོ་ནི་རྣལ་མའི་དོན་དང་ཧ་ཅང་རིང་པ་ཞིག་ཏུ་མཐོང་སྟེ། དེའི་ཕྱིར་ངའི་ངོས་ནས་ཁོང་གི་རྩོམ་དེར་རིམ་འདས་ཀྱི་གོ་དོན་གཞན་ཞིག་ཡོད་པའི་ཡིད་ཆེས་བྱེད་ཀྱི་མེད།
ལར་ནས་ང་ཚོས་ཀུན་གྱིས་དོ་སྣང་བྱེད་བཞིན་པའི་རྩོམ་ཡིག་འགའ་ཞིག་དང་། ཡང་ན་དུས་རབས་སྔ་མ་ཞིག་ནས་ཡོངས་གྲགས་སུ་ཆགས་ཟིན་པའི་རྩོམ་པ་པོ་གཅིག་གཉིས་ཤིག་གི་བཤད་སྟངས་དང་བསམ་སྟངས་ཀྱི་རྔ་མར་འཇུས་ནས་དེ་མུར་ལྷག་བསྡད་པ་ཡིན་ན་དེས་ང་ཚོར་དགོས་ངེས་ཀྱི་འཚོ་བཅུད་མཁོ་འདོན་མི་ཐུབ་ལ། མདུན་སྐྱོད་ནི་དེ་བས་ཀྱང་གླེང་དུ་མེད་པ་ཞིག་རེད། མཐར་ང་ཚོ་ཚང་མ་དོན་དངོས་དང་འགྱུར་བ་མང་པོ་སྣང་མེད་དུ་བསྐྱུར་ནས་གྲགས་པའི་རྗེས་སུ་འབྲངས་མཁན་གྱི་སྒྱུ་རྩལ་བ་ཐ་ཤལ་ཞིག་ཏུ་འགྱུར་སྲིད་དེ། དེ་ནི་རྨོངས་དད་ཀྱི་མངོན་སྟངས་གཞན་ཞིག་ཡིན།
དེས་ན་སྐབས་འགའ་རེར་ང་ཚོས་སྙིང་སྟོབས་ཆེན་པོས་གཞན་གྱིས་སྣང་མེད་དུ་བཞག་པའི་དོན་དག་ལའང་གཟབ་ནན་གྱིས་བལྟ་དགོས་ལ། རྒྱུན་སྲོལ་རང་བཞིན་གྱི་འཆར་ཅན་གྱི་བསམ་བློ་ལས་བརྒལ་བའི་བསམ་བློ་དེ་འདྲའང་གཏོང་ཕོད་དགོས།
འདི་ནས་ངས་སྙན་ངག་པ་འདས་པོ་ཡི་དམ་ཚེ་རིང་གི་སྙན་ངག་《རྔ་ཆེན་རོལ་དབྱངས་》དང་། གཞོན་སྐྱེས་སྙན་ངག་པ་འདྲེ་གླེན་པའམ་ཤེལ་དགེས་ཉེ་ཆར་བརྩམས་པའི་སྙན་ངག་གསར་པ་《མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག་》ཅེས་པ་གཉིས་མཉམ་དུ་ཞིབ་བསྡུར་ཕྲན་བུ་ཞིག་བྱ་རྒྱུ་ཡིན།
དེ་ཡང་སྙན་ངག་དང་པོ་འདི། སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་གིས་སྤྱི་ལོ་༡༩༨༥ ལོར་རྒྱ་ནག་ཏུ་བསྡུས་པའི་མི་རིགས་རྩོམ་རིག་ཚོགས་འདུ་ཞིག་གི་ཐོག་ཏུ་བྲིས་པར་གྲགས་ཤིང་། རྩོམ་ཡིག་གི་སྤྱི་ཁོག་ནི་སྐབས་དེའི་རྒྱ་ནག་གི་མི་རིགས་གཞན་གྱི་རྩོམ་རིག་གི་གསོན་ཤུགས་དང་གཉོམ་ལག་མ་རྒྱས་པའི་བོད་མི་རིགས་ཀྱི་རྩོམ་རིག་གཉིས་ཀྱི་བར་དུ་གནས་བཞིན་པའི་ཧེ་བག་དང་། འབྱུང་འགྱུར་རང་མི་རིགས་ཀྱི་འདུན་ལམ་ལ་བཅོལ་བའི་རེ་བ་དང་ཡིད་ཆེས་གསལ་སྟོན་བྱས་པ་ཞིག་ཡིན་སྐད། རྩོམ་ཡིག་གི་མིང་ལ་《རྔ་ཆེན་རོལ་དབྱངས་》དང་རྩོམ་ཡིག་ཧྲིལ་པོ་ཚེག་ཁྱིམ་ཉེར་གསུམ་ཅན་གྱི་ཚིག་རྐང་བརྒྱད་ཀྱིས་གྲུབ་པ་ཞིག་ཡིན།
རྩོམ་ཡིག་འདི་ཐོག་མར་རྒྱ་ཡིག་ཐོག་བྲིས་ཡོད་ན་ཡང་། བོད་ཡིག་ཏུའང་འགྱུར་མི་འདྲ་བ་གཉིས་ཡན་ཆད་བྱུང་ཡོད། གཞན་གྱིས་ཟེར་ན། རྩོམ་ཡིག་འདིས་རྩོམ་པ་པོའི་རླབས་ཆེན་ཀྱི་གཟིགས་རྒྱ་དང་། དཀྱེལ་ཡངས་པའི་རྩོམ་རིག་གི་བློ་གཤོགས་མཚོན་གྱི་ཡོད་པར་བཤད།
དེ་ཡང་སྙན་ངག་གི་ནང་དོན་དངོས་ནི་འདི་ལྟར་ཡིན་ཏེ། “ཁྲང་པའེ་རི་བོའི་རྒྱ་སྟག་ཁྲ་བོའི་ངར་སྐད་དྲན་ཚེ་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ།།”ཞེས་ཁྲའོ་ཤན་མི་རིགས་ཀྱི་རྩོམ་རིག་གི་གསོན་ཤུགས་དང་། དེ་ནས“བདུད་རྩི་སྨན་ལྗོངས་ཞི་ཧྲོང་པན་ནའི་གླང་ཆེན་མཐོང་དུས་ཞབས་འོག་ས་འཛིན་སྔངས་ཤིང་འདར་བཞིན་འགྲོ་བར་རྩོམ། །”ཞེས་ཡུན་ནན་གྱི་གྲངས་ཉུང་མི་རིགས་ཁག་གི་རྩོམ་རིག་གི་སྣང་ཚུལ་ལས་སེམས་ལ་གཡོ་འཁྱོམས་ཟབ་མོ་ཐེབས་པའི་ཚུལ་བྲིས། དེ་དང་རྗེས་འབྲེལ་དུ། “གློ་བུར་ནང་སོག་རྩྭ་ཐང་སྟེང་ནས་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན། བདག་གི་སྙིང་དབུས་ཏི་སེ་ལྷུན་པོར་བག་ལ་ཉལ་བའི་སེང་གེ་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག།”ཅེས་ས་གཤིས་དང་རིག་གཞུང་། གོམས་གཤིས་དང་དད་མོས་འདུ་ཤེས་སོགས་འདྲ་མཚུངས་ལྷག་ཏུ་མང་བའི་སོག་པོ་ལྷོ་མའི་རྩྭ་ཐང་སྟེང་ནས་གློ་བུར་དུ་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན། ཁ་བ་གངས་ཅན་གྱི་སྙན་ངག་པ་ཁོང་གི་སྙིང་དབུས་ཀྱི་ཏི་སེ་ལྷུན་པོར་བག་ལ་ཉལ་བའི་རྩོམ་རིག་གི་སེང་གེ་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག་སྟེ་འཕེལ་རྒྱས་ཀྱི་ལམ་བུར་ཕྱོགས་ངེས་ཡིན་པ་སོགས་རེ་བ་ཆེས་ཆེར་འཕེལ་བའི་ངང་ཚུལ་བརྗོད་ཡོད།
དེ་ནས་ཡང་ཁོང་གིས། ”དཔྱིད་ཀྱི་དཔལ་མོ་སླེབ་པའི་དུས་སུ་མི་རྟག་སྣོད་ཀྱི་འཇིག་རྟེན་འདི་ཡིས་སྙན་འཇེབས་སྒྲ་དབྱངས་རྣ་བར་སྤྲོ།།
ཐ་དད་རིགས་ཀྱི་འགྲོ་བ་དག་གིས་ལོ་རྒྱུས་མཚོན་པའི་སྙན་རྩོམ་རོལ་དབྱངས་སྤོབས་པའི་གདངས་ཀྱིས་གྱེར་བའི་ཚེ།།
དཔལ་གྱི་ཡོན་ཏན་བླ་ན་འབར་བའི་རྒྱལ་ཁབ་ཅིག་གི་མཛེས་པའི་སྣང་བརྙན་ཕྱི་རབས་དྲན་པའི་ངོས་སུ་ཕབ།།”
ཅེས་བྲིས་ཏེ། དེ་ཡང་རིག་གསར་ལྟ་བུ་བློ་ཡུལ་དུ་ཤོངས་དཀའ་བའི་འགྱུར་ལྡོག་གི་གོ་རིམ་བརྒྱུད་པའི་བག་ཆགས་སོ་མ་དྲོད་མ་ཡལ་བར་བསྡད་ཡོད་མཁན་ཞིག་གི་ངོས་ནས། “མི་རྟག་སྣོད་ཀྱི་འཇིག་རྟེན་”ཞེས་སྣང་ཚུལ་མ་ངེས་པའི་འགྱུར་ལྡོག་ལ་གོ་རྒྱུ་བཏང་བ་དང་། དེ་ཡང་རེ་ཞིག་བཟང་ཕྱོགས་སུ་ངོས་འཛིན་ཆོག་པའི་འགྱུར་བ་འགའ་ཞིག་གིས་མི་རིགས་རིག་གནས་སྤྱི་དང་རྩོམ་རིག་ལ་རེ་བ་གསར་པ་ཞིག་བསྐྲུན་པར་དགའ་སྤྲོ་དང་སྤོབས་པ་སྐྱེས་པའི་རྣམ་པ་བསྟན་ཏེ། དུས་ཚོད་དེ་ནི་མི་རིགས་རིག་གནས་དར་སྤེལ་གྱི་གལ་ཆེན་གྱི་གོ་སྐབས་ཤིག་ཡིན་པར་གཟིགས་ཡོད་པར་མ་ཟད། རིག་གཞུང་དར་སྤེལ་གྱི་ཁོར་ཡུག་གསར་པ་བསྐྲུན་བཞིན་པའི་རྒྱལ་ཁབ་དེའི་རིག་གནས་ཀྱི་དཔལ་ཡོན་ལ་དགའ་ཞིང་འགུ་བའི་རྣམ་པའང་བསྟན་འདུག །མ་ཟད་རྩོམ་ཡིག་གི་མཇུག་ཀྱང་དེ་གས་བསྡུས་ཡོད།
རྩོམ་ཡིག་འདིར་གོང་རིམ་གྱིས་ཆེད་དུ་མི་རིགས་སྲིད་ཇུས་ལ་བསྟོད་གླུ་ལེན་དུ་བཅུག་པའི་མི་མངོན་པའི་རྒྱུ་རྐྱེན་འཆར་ཅན་དེ་འདྲའང་ཡོད་སྲིད་མོད། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་སོགས་རང་རིགས་བསམ་ཡོད་མང་པོ་ཞིག་གིས་བརྒྱད་ཅུ་གྱ་གྲངས་ཀྱི་དུས་ཚོད་དེ་དག་བཟང་ཕྱོགས་ཀྱི་གོ་སྐབས་སུ་སྤྱད་དེ་བོད་ཀྱི་རིག་གནས་དར་སྤེལ་ཐད་དམིགས་བསལ་གྱི་ནུས་པ་བཏོན་གནང་བ་བཞིན། ཁོང་ལ་དེ་ལྟ་བུའི་བསམ་བློ་རྣལ་མ་འཁྲུངས་ཡོད་པའང་སྲིད་པ་ཞིག་རེད།
མདོར་ན། ཁོང་གི་རྩོམ་ཡིག་འདིར་ཁྱད་ཆོས་གཙོ་བོ་འགའ་ཞིག་ཡོད་པ་སྟེ། སྐབས་དེའི་བོད་ཀྱི་རྩོམ་རིག་གི་ཁོར་ཡུལ་སྤྱི་ལ་ལྟོས་ནས་ཁོང་གི་སྙན་ངག་འདི་ནི་གཞི་ཅུང་ཟད་མཐོ་ས་ཞིག་ནས་ཕྱོགས་ཡོངས་ལ་བལྟས་པ་ཞིག་དང་། བརྗོད་གཞིའང་། ས་ཁུལ་བྱེ་བྲག་པ་དང་། གནས་ཚུལ་ཙག་ཙིག །ཚོར་བ་ཐན་ཐུན་ཙམ་མ་ཡིན་པར་མི་རིགས་གཞན་གྱི་རིག་གནས་ཀྱི་མཁའ་དབུགས་ཧྲིལ་པོ་ལ་ཤེས་རྟོགས་ཀྱི་ཆ་རྐྱེན་རྨང་གཞིར་བཞག་སྟེ། བོད་ཀྱི་རིག་རྩོམ་རིག་གི་སྐབས་དེའི་རྣམ་པ་དང་མ་འོངས་ཡར་རྒྱས་ཀྱི་ཕྱོགས་ལ་རྒྱང་ལྟ་བྱས་པ་ཞིག་ཡིན་པའི་ཁར། འགྲན་རྩོད་ཀྱི་གཡུལ་ས་ན་ཡོད་པའི་བོད་ཀྱི་རྩོམ་རིག་གི་འཕེལ་ཚད་དེ་རེ་ཞིག་གཞན་དང་བསྡུར་ཐབས་མེད་པའི་གནས་བབ་ངོས་ལེན་དང་འབྲེལ། མི་རིགས་གཞན་དང་དཔུང་བ་མཉམ་བཤིབས་ཀྱིས་མདུན་སྐྱོད་བྱ་རྒྱུའི་གདེངས་སྤོབས་མཚོན་པའི་ཐོག་ནས་ལྷོག་ལྷོག་ཏུ་འཕྱུར་བའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད། མདོར་ན་《རྔ་ཆེན་རོལ་དབྱངས་》 ནི་རྟ་མཆོག་གི་མཚེར་སྐད་དང་། གླང་ཆེན་གྱི་གོམ་འགྲོས། རྒྱ་སྟག་གི་ངར་སྐད་དང་སེང་ཆེན་གྱི་གཡུ་རལ་སོགས་དཔའ་སྟོབས་ཆེ་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་ཤིག་གི་སྤོབས་པའི་ཉམས་འགྱུར་དང་སྦྱར་བའི་གསོན་ཉམས་ལྡན་ལ་དཔའ་ཉམས་ཤིན་ཏུ་དོད་པའི་སྙན་ངག་ཅིག་ཡིན་པ་དང་། ཡུལ་དུས་ཀྱི་བཀག་རྒྱ་བརྟོལ་བའི་སྙན་ངག་གི་སེམས་ཁམས་དེས་སྐད་ཅིག་གཅིག་གི་རིང་ལ་ཤར་ཁྲང་པེ་རི་བོ་ནས་ནུབ་ཏི་སེ་ཡི་ལྷུན་པོ། བྱང་སོག་ཡུལ་གྱི་རྩྭ་ཐང་ནས་ལྷོ་ཡུན་ནན་གྱི་ཞི་ཧྲོང་པན་ནའི་བར་ཚང་མ་ནམ་མཁའ་ལྡིང་གི་ལྟ་སྟངས་ཀྱིས་མིག་འོག་ཏུ་བཅུག་པ་དང་། དེ་ལ་ཆེས་འོས་ཤིང་འཚམས་པའི་ཚིག་གི་མཐུན་སྦྱོར་སྤྱད་དེ་སྐབས་དོན་གསལ་བརྗོད་བྱས་པ་བཅས་ནི་རྩོམ་ཡིག་འདིའི་ཁྱད་ཆོས་སུ་གྱུར་ཡོད། དེ་ལྟ་ནའང་། དེ་རིང་ངས་འདིར་མི་ལོ་སུམ་ཅུའི་ཡར་སྔོན་ཏེ་དུས་རབས་ཉི་ཤུ་པའི་སྨད་ཀྱི་གཞིས་ཀྱི་སྙན་ངག་པ་རྩེ་གྲས་ཤིག་གིས་བརྩམས་པའི་སྐད་གྲགས་ཅན་གྱི་སྙན་ངག་དེ་དང་། དེ་ནས་བརྩིས་པའི་ལོ་ངོ་སུམ་ཅུ་ལྷག་ཅིག་གི་རྗེས་ཏེ། དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུ་པའི་བྱེས་ཀྱི་སྙན་ངག་པ་དཀྱུས་མ་ཞིག་གིས་བརྩམས་པའི་སྙན་ངག་ཅིག་སྟེ། སྙན་ངག་མི་འདྲ་བ་གཉིས་ཀྱི་བར་ལ་མཚུངས་བསྡུར་ཅུང་ཟད་ཅིག་བྱ་འདོད་སྐྱེས་ཤིང་། འདི་ནི་ཀློག་པ་པོ་དག་གི་ཡིད་ལ་འཁོར་མེད་པའི་རིགས་པའི་ཐོ་ཅོ་ཆུང་ངུ་ཞིག་ཡིན་སྲིད་མོད། གང་ལྟར་རྩོམ་ཡིག་འདིའི་ནང་དོན་དངོས་གཞི་ནི་འདི་ཁོ་ན་ཡིན། ལར་ནས་སྙན་ངག་འདི་གཉིས་ནི་དོན་རྐྱེན་མི་འདྲ་བའི་རྒྱབ་ལྗོངས་འོག་བརྩམས་པ་དང་། རྩོམ་པ་པོ་གཉིས་ཀྱི་སྒེར་གྱི་འཚོ་བ་དང་ཁོར་ཡུག་གི་ཆ་རྐྱེན། རྩོམ་ལུས་ཀྱི་གཞུང་རྟ་དང་ཐ་མའི་གྲུབ་དོན་གྱི་ཁ་ཕྱོགས། ཁོར་ཡུག་དང་དུས་རབས་མི་འདྲ་བས་བསྐྱེད་པའི་བསམ་བློ་དང་དོ་ཁུལ་བྱ་ཡུལ་མི་འདྲ་བ་སོགས་ནི་མཚུངས་བསྡུར་གྱི་ཁྲོད་ནས་བརྙེད་པའི་གྲུབ་དོན་དུ་ངོས་འཛིན་བྱ་ཆོག་སྟེ། རེ་ཞིག་མིང་གྲགས་ཅན་གྱི་སྙན་ངག་པར་མི་གཏོགས་པའི་ང་ཚོའི་མི་རབས་གསར་པའི་སྙན་ངག་པ་སྤྱིར་བཏང་བ་ཞིག་གི་སྙན་ངག་ལས་ཀྱང་བསྡུར་རིན་ཡོད་པའི་ཁྱད་ཆོས་མི་ཉུང་བ་ཞིག་བརྙེད་ཐུབ་པ་འདིས། མི་རབས་འདིའི་སྙན་ངག་གི་གོམ་སྟབས་དེ་ཉིད་འཕེལ་རྒྱས་ཀྱི་ལམ་བུར་ཕྱོགས་བཞིན་ཡོད་པ་མཚོན་ཡོད།
འདི་ནས་ང་ཚོས་གོང་གི་《རྔ་ཆེན་རོལ་དབྱངས་》དང་འབྲེལ་བའི་དྲན་ཤེས་དེ་དག་ཡིད་ལ་བཟུང་ནས་དངོས་སུ་སྙན་ངག་པ་འདྲེ་གླེན་པའི་གཤམ་གྱི་སྙན་ངག་《 མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག་》ཞེས་པ་འདིར་ཞིབ་ལྟ་བྱེད།
དེ་ཡང་གོང་དུ་རོབ་ཙམ་གླེང་ཟིན་ན་ཡང་། འདིར་ཡང་བསྐྱར་གསལ་འདེབས་དགོས་པ་ཞིག་ལ། 《 རྔ་ཆེན་རོལ་དབྱངས་ 》 ནི་མུན་པའི་སྐྱོ་གར་ཞིག་གི་རྗེས་ཐོག་ཏུ་བྱུང་བའི་ཐོ་རེངས་ཀྱི་རྒྱལ་རྔ་ལྟ་བུ་ཞིག་སྟེ། རེ་བ་དང་ཡིད་ཆེས་ཀྱི་ཐོག་ནས་མགོ་འཛུགས་བྱས་ཤིང་། རེ་བ་དང་ཡིད་ཆེས་ཀྱི་ངང་ནས་ལམ་ལ་ཆས་པའི་སྤྲོ་གར་མཚོན་པའི་སྙན་ངག་ཅིག་ཡིན་པ་དང་། 《 མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག་པ་》ནི་དེ་ལས་ལྡོག་སྟེ་ལྡོག་ཏུ་མེད་པའི་རང་བྱུང་གི་གོད་ཆག་ཆེན་པོ་ཞིག་གི་སྣང་ཚུལ་ལས་མགོ་བཙུགས་ཤིང་། “གྲི་ཐོགས་ཀྱི་ལྷ་རྗེ་”དང་“སྒེའུ་ཁུང་མེད་པའི་ཕོ་བྲང་” ལྟ་བུ་སྐྱི་གཡའ་བའི་སྣང་བརྙན་མང་པོ་ཞིག་གི་ཐོག་ནས་འཇིགས་རུང་གི་ལོ་ཟླ་དང་། ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བའི་ཡ་ངའི་གནས་བབ་ཅིག་མཚོན་པར་བྱས་ཏེ་རྩོམ་ཡིག་གི་མཇུག་བསྡུས་པ་ཞིག་ཡིན།
སྙན་ངག་འདིར་མཚོན་ན། རེ་བ་དང་ཡིད་ཆེས་ཀྱི་འབོད་སྒྲ་ལྟ་ཅི། “ཐ་ན་སྐུ་མཁྱེན། ངས་དབུགས་གཏོང་ཐུབ་ཀྱི་མི་འདུག་”(ཉེ་དུས་ཨ་རིའི་ཉིན་རྟོག་པས་འཛིན་བཟུང་ཁྲོད་བསད་པའི་མི་ནག་ཅིག་གི་སྲོག་སྐྱོབ་ཀྱི་འབོད་སྒྲ་)ཙམ་ཡང་ལབ་ནུས་ཀྱི་མེད་དེ། ཡོད་ཚད་ནས་ཡོད་ཚད་ཕལ་ཆེར་རེ་བ་ཟད་པའི་མུན་ནག་ཡུག་ཅིག་ཏུ་གྱུར་ཟིན་པ་ལྟ་བུ་ཞིག་གིས་སྐད་ཆའི་མཇུག་བསྡུས་ཡོད།
ད་དུང་སྙན་ངག་སྔ་མས་སྲིད་གཞུང་དང་སྲིད་ཇུས་སོགས་ལ་བློ་ཡིད་ཚིམ་པའི་རྣམ་འགྱུར་གྱི་བསྟོད་གླུ་ཕུལ་ཡོད་པ་དང་། ཕྱི་མས་སྲིད་གཞུང་དང་སྒྲིག་འཛུགས་ལ་ལྡོག་ཕྱོགས་ཀྱི་བསམ་ཚུལ་བརྗོད་པའི་སྒོ་ནས་སེམས་ཀྱི་གཏིང་རིང་དུ་གབ་པའི་ཡི་ཆད་དང་འཁང་ར་སོགས་ཟུར་ཟའི་ལམ་ནས་ཕྱིར་མངོན་པར་བྱས་ཡོད་དེ། ཚིག་གི་མངོན་སྟངས་འདི་ཙམ་གྱིས་ཀྱང་རྩོམ་པ་པོ་གཉིས་ཀྱི་ཁོར་ཡུག་དང་ཁོར་ཡུག་གིས་བསྐྱེད་པའི་སེམས་ཁམས་ཀྱི་གནས་བབ་མི་འདྲ་བ་གསལ་འགྲེལ་བྱ་རྒྱུར་གཞོག་འདེགས་འཕར་མ་ཞིག་བྱུང་ཡོད་ཅེས་བརྗོད་ཆོག།
མདོར་ན། སྙན་ངག་འདི་གཉིས་རང་ངོས་ནས་ཐོག་མར་ཧ་ཅང་མ་འདྲ་བའི་རྒྱབ་ལྗོངས་དང་བརྒྱུད་རིམ་ཞིག་གི་ཐོག་ནས་གྲུབ་ཡོད་པ་དང་། མཇུག་མཐར་ཧ་ཅང་མི་འདྲ་བའི་གྲུབ་དོན་གཉིས་ཐོན་ཡོད་པ་ཞིག་ཡིན་ན་ཡང་། གལ་ཏེ་ང་ཚོས་དེ་གཉིས་མཉམ་དུ་གཤིབས་ཏེ་བལྟས་པ་ཡིན་ན། “དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ་”(དཀར་གླིང་ཞི་ཁྲོའི་ཚིག་ཅིག )ནང་བཞིན་ཞིག་གྲུབ་ཀྱིན་ཡོད་ཅིང་། དེས་ང་ཚོར་མ་འདྲ་བའི་ཆོས་ཉིད་ཀྱིས་བསྐྱེད་པའི་གཞི་མཐུན་གྱི་ཆོས་ཉིད་སྙིང་བརྗེ་པོ་ཞིག་མཐོང་དུ་འཇུག་པ་ཡིན། “འདི་ལྟ་བུའི་ “ཁོང་ནས་གབ་སྦས་དོན་འབྱིན་པ།”(རྒྱུད་ཀྱི་ཚིག) ནི་མཐའ་མེད་པའི་སྒྱུ་རྩལ་གྱི་མཛེས་པ་དགའ་ཞིང་མཛད་མཐའ་མེད་པའི་ཚིག་གི་ཆོ་ག་ལ་བྱང་ཆུབ་པའི་སྙན་ངག་མཁན་“སྟོན་པ་རྡོ་རྗེའི་ཐུགས་ལ་གནས་”(རྒྱུད་ཀྱི་ཚིག) པ་འབའ་ཞིག་ཏུ་སྣང་ངོ་།།
ད་ནི་འདི་ནས་ང་ཚོས་འདྲེ་གླེན་པའི་སྙན་ངག་《མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག་པ》ར་དངོས་སུ་བལྟ་རུ་འགྲོ་སྟེ།
དེ་ཡང་སྙན་ངག་པ་ན་རེ།
“འཛམ་གླིང་དུ་སྐད་གྲགས་ཆོད་པའི་ནེའུ་ཡོག་གྲོང་ཁྱེར་ལ་ལྟོས་དང་
མི་མེད་ལུང་སྟོང་དུ་ལུས་པའི་རྫ་ཁོག་ཅིག་དང་འདྲ
རི་སྤྱང་ལྟ་བུའི་འགྲུལ་སྐྱེལ་མེ་འཁོར་རེ་རེས་ཁོག་སྟོང་དུ་ཁྱེད་ལ་ངུ་འབོད་བྱེད”
ཅེས་ཟེར་རོ།།
འདི་ནི་སྙན་ངག་པ་ཁོ་རང་ད་ལྟ་དངོས་སུ་གནས་སྡོད་བྱ་ཡུལ་གྱི་རི་ངོགས་ཏེ། ཨོ་གླིང་གི་རི་སྔོན་བུ་མོ་སྤུན་གསུམ་གྱི་མཐོངས་ཡངས་པའི་བྲག་གདོང་དག་ནས་ནམ་རྒྱུན་འཆར་ཡན་དང་སྟོང་འདང་རུམ་ནས་མུ་མཐའ་མེད་པའི་གདོད་མའི་ནགས་ཀླུང་མཐུག་པོར་རྒྱང་ལྟ་བྱེད་པ་ལྟར། ཁོས་དཔའ་ཉམས་དང་ལྡན་པའི་ཐོག་ནས་བྱ་རྒོད་པོའི་མིག་ཞགས་ཐོག་མར་འཕེན་ས་དེ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་བདམས་ཡོད།
རྩོམ་འདིའི་བརྗོད་བྱ་དེ་ཏོག་དབྱིབས་ནད་དུག་གི་གནོད་འཚེའི་སྐོར་ཡིན་བཞིན་དུ། ཅིའི་ཕྱིར་ཏོག་དབྱིབས་ནད་དུག་གི་མཆེད་ཁུངས་ཡིན་པའི་ཝུའུ་ཧྭན་ནམ་པེ་ཅན་ལ་ཐོག་མར་མ་བལྟས་པ་རེད། ཐ་ན་ཁོ་རང་གི་ཉིན་རེའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཨོ་གླིང་གི་གནས་སྟངས་སྤྱི་དང་། རི་ཞོལ་རང་དུ་ཡོད་པའི་སིཌ་ནིས་ཟམ་ཆེན་གྱི་སྐྱོ་ཉམས་ལ་ཐོག་མར་ཡ་ལན་མ་བྱས་པ་རེད། འོ་ན་ཅིའི་ཕྱིར་སྐབས་དེའི་ཚབས་ཆེ་ཤོས་ཀྱི་གནོད་འཚེ་ཕོག་ཡུལ་གཞན་ཞིག་སྟེ། དབྱི་ཐྲ་ལི་དང་དབྱི་རན་ལྟ་བུ་མ་བདམས་པར་ཐད་ཀར་ནེའུ་ཡོག་གི་གྲོང་ཁྱེར་བདམས་པ་རེད་ཅེ་ན། ངས་བསམ་ན། ཁོང་གིས་ཐད་ཀར་ནེའུ་ཡོག་གྲོང་ཁྱེར་བདམས་པ་ནི་སྙན་ངག་འདི་འབྲི་བར་དགོས་ངེས་ཀྱི་བསམ་བློ་དང་གྲ་སྒྲིག་ཡོད་པའི་དཔང་རྟགས་བཙན་ཤོས་སུ་གྱུར་ཡོད་པས་གདམ་ཀ་དེ་ནི་ཧ་ཅང་ཡང་དག་པ་ཞིག་ཆགས་འདུག།
དེ་ཡང་ནེའུ་ཡོག་ནི་ཨ་རིའི་ཆེས་འགག་རྩའི་གྲོང་ཁྱེར་ཡིན་པར་མ་ཟད། འཛམ་བུ་གླིང་གི་ཡང་ཆེས་གལ་གནད་ཆེ་ཤོས་ཀྱི་རིམ་པ་ལས་འདས་པའི་གྲོང་ཁྱེར་གཅིག་པུ་དེ་ཡིན་པས། སྤྱིར་བཏང་གི་མི་སུ་ཞིག་གིས་ཀྱང་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ནེའུ་ཡོག་གི་འཁྲུགས་ཆ་དོད་པའི་འདུ་འཛིའི་ཁྲོམ་སྲང་གི་འཁོར་བསྐྱོད་ཡོད་ཚད་དུས་ཀྱི་སྒྲོམ་གཞི་འཐོར་བ་ལྟར་དར་ཅག་གེར་སྡོད་ངེས་ཡིན་པ་དང་། གནས་ཚུལ་དེ་འདྲ་ཞིག་ས་ཆ་དེ་གའི་མི་དག་གི་ཆུ་ཚོད་ཉེར་བཞིའི་ནང་དངོས་སུ་ཡོང་ངེས་ཡིན་པ་དེ་རྨི་ལམ་དུའང་རྨིས་མྱོང་མེད་པ་ལྟ་ཅི། ཐ་ན་ཧོ་ལི་ཝོར་སྒྲིའི་ཚན་རྟོག་གློག་བརྙན་གྱི་འཁྲབ་གཞུང་དག་གི་ནང་དུའང་བློས་བསླངས་ཐུབ་མྱོང་མེད་པ་ལྟ་བུ་ཞིག་ཡིན་མོད། དེ་རིང་དེ་ལྟ་བུའི་ནེའུ་ཡོག་གྲོང་ཁྱེར་དེའང་དངོས་སུ་ཐད་ཀར་མི་མེད་ལུང་སྟོང་དུ་གྱུར་པ་འདི་བསྟན་ཡོད། ད་དུང་“མི་མེད་ལུང་སྟོང་དུ་ལུས་པའི་རྫ་ཁོག་”ཅེས་པའི་ཚིག་འདིས་ས་ཁུལ་དེ་སྤྱིར་བཏང་གི་མིའི་རྒྱུ་འགྲུལ་དབེན་པའི་ལུང་སྟོང་ཞིག་ཡིན་པ་ཙམ་མིན་པར་། མགྲོན་པོས་བོར་བའི་ལུང་སྟོང་གི་རྫ་ཁོག་ཆག་རོ་ཞིག་ལྟར་བདག་མེད་དུ་གྱུར་ཡོད་པའི་སྐྱི་ཡ་བའི་སྣང་བརྙན་བརྩེགས་མ་ཞིག་བཞེངས་བསྐྲུན་བྱས་འདུག་པ་དང་། འདིའི་ནེའུ་ཡོག་གི་གནས་བབ་དེ་སྤྱིར་བཏང་གི་ཁུ་སིམ་ཙམ་དང་། འགྲོ་འོང་མཚམས་བཞག་པ་ཙམ་ཞིག་མ་ཡིན་པར་ཆེས་ཉམས་མི་དགའ་བ་དང་འཇིགས་རུང་གི་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད་པའི་དོན་དངོས་ལ་གསལ་འགྲེལ་འདང་ངེས་ཤིག་ཐུབ་ཡོད།།
ད་དུང་ཁོག་སྟོང་དུ་ངུ་རྒྱངས་བྱས་ནས་རྒྱུག་བཞིན་པའི་མེ་འཁོར་སྟོང་པ་དེ་དག་གཟན་ཆས་མ་རྙེད་པར་ལྟོག་ནས་ཡོད་པའི་“རི་སྤྱང་”དར་མ་ཞིག་གིས་ངུ་འབོད་བྱེད་བཞིན་རི་རྩིབ་དག་ན་འཕྲེད་རྒྱུག་བྱེད་བཞིན་པ་ལྟར། ནང་དུ་འདུག་མཁན་གྱི་མི་གཅིག་ཀྱང་མེད་བཞིན་དུ་གྲོང་ཁྱེར་ནས་ཡར་མར་འགྲོ་འོང་བྱེད་ཀྱིན་ཡོད་པའི་མེ་འཁོར་དང་དེའི་སྐད་སྒྲ་ནི་ལྷག་ཏུ་སེམས་ལ་གཟན་པ་ཞིག་ཡིན་པར་མ་ཟད། མིག་གི་ཐད་དུ་ཡོད་པའི་མེ་འཁོར་གྱི་ཁྲོབ་སྒྲ་དང་དུང་སྒྲ་དེ་ཚོ་ནི་ཐོག་བརྩེགས་ཁང་ཆེན་ཀྱི་སྒེའུ་ཁུང་དག་ན་རྒྱང་སོ་བྱེད་བཞིན་པའི་ནང་གི་བཙོན་མ་དེ་ཚོར་མཚོན་ན་ས་རུབ་ཁ་ཞིག་ལ་ལུང་སྟོང་ནས་རི་སྤྱང་གི་ངུ་འབོད་ཐོས་པ་བཞིན་སེམས་ཁམས་ལྷག་ཏུ་གཅོང་བའི་རྒྱུ་ཐོལ་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་མཚོན་པར་བྱས་ཡོད། ད་ད་དུང་“ལུང་སྟོང་གི་རྫ་ཁོག་”དང་“རི་སྤྱང་གི་ངུ་འབོད་”སོགས་ཀྱི་ཚིག་སྤྱད་དེ་མེ་འཁོར་དག་གི་ཁོག་སྟོང་མར་སུན་སྣང་སྟེར་བའི་ངུ་འབོད་དང་བཅས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་སྣང་བརྙན་འབྲི་བཞེངས་བྱེད་སྟངས་འདིས་རྨ་ཚ་ཐོག་ལ་ཚྭ་འཕྱོས་པ་ལྟར་ཀློག་པ་པོར་བཟོད་པར་དཀའ་བའི་ཡིད་གདུང་གི་མཐོ་རླབས་རྣོན་པོ་ཞིག་འཕྱུར་དུ་བཅུག་འདུག །མདོར་བསྡུས་ན། ནེའུ་ཡོག་གི་སྣང་བརྙན་འདི་ཁོ་ནས་ཀྱང་ནད་ཡམས་འདིའི་ཚབས་ཆེན་རང་བཞིན་དེ་ཚད་གཞི་ག་ཚོད་ཅིག་ལ་བསླེབས་ཡོད་པ་མཚོན་པར་བྱས་ཟིན་པ་ལྟ་བུ་ཞིག་རེད།
ཡིན་ན་ཡང་། ཧམ་སེམས་ཅན་གྱི་སྙན་ངག་པ་འདིའི་སྐད་ཆའི་འཕྲོ་དེ་དེ་ཙམ་ཞིག་གིས་བསྡུད་ཡོད་དམ་ཞེ་ན་མེད་དེ། གཤམ་གྱི་ཚིག་རྐང་དེ་དག་གིས་ནད་ཡམས་འདི་འཛམ་གླིང་གི་གཙོ་གནད་གྲོང་ཁྱེར་ཨང་དང་པོ་ཡིན་པའི་ནེའུ་ཡོག་གི་ཆག་སྒོ་ཡན་གར་བ་ཙམ་ཞིག་མ་ཡིན་པར། ནད་ཡམས་འདི་ཇི་ཙམ་དུ་གོ་ལ་ཡོངས་ཁྱབ་ཀྱི་གནོད་འཚེ་ཚབས་པོ་ཞིག་གི་ངོ་བོར་གྱུར་ཟིན་པ་མུ་མཐུད་ཁ་གསལ་བཟོས་ཡོད།
དེ་ཡང་གོམ་པ་གཉིས་པ་སྙན་ངག་པ་ཁོ་རང་གནས་ཡུལ་གྱི་ས་ཆའི་གནས་སྟངས་ལས་བརྩམས་ཏེ་གསལ་བརྗོད་བྱས་དོན།
ཁོ་ན་རེ།
”སེཌ་ཎཱེ་ཟམ་ཆེན་ཡང་དུར་ཁྲོད་ཅིག་དང་འདྲ་བར
རྒྱ་མཚོའི་ཁ་གཏད་དུ་ཁྱེད་ལ་སྐྱོ་ཉམས་སྟོན”
ཞེས་ནམ་རྒྱུན་ཨོ་གླིང་གི་དཔལ་འབྱོར་གྱི་རྒྱལ་སར་བརྩི་བའི་སིད་ནིའི་གྲོང་ཁྱེར་གྱི་མཚོན་རྟགས་སུ་གྱུར་པའི་སྙན་གྲགས་ཅན་གྱི་སིཌ་ནིས་ཟམ་པ་དེ་ཡང་མི་ཚོགས་ཀྱི་འགྲོ་འོང་གིས་ཡོངས་སུ་སྟོངས་པ་པ་དང་། ནམ་རྒྱུན་མཚོ་ངོགས་ན་ལྷུན་ཆགས་བརྗིད་ཉམས་ཀྱིས་བཞེངས་པའི་ཨོ་གླིང་གི་སྤོབས་པ་ལྟ་བུའི་སིཌ་ནིས་ཟམ་ཆེན་ཡང་ད་ཆ་གྲོགས་མེད་ཁེར་རྐྱང་དུ་ལུས་ཏེ་ཐ་ན་མི་རྣམས་འཇིགས་བསྔངས་སྐྱེ་ཡུལ་གྱི་དུར་ཁྲོད་ལྟར་གྱུར་ཡོད་པ་བརྗོད་ཡོད། ཚང་མས་མཁྱེན་གསལ་ལྟར། བལྟོས་བཅས་ཀྱི་ཆ་ནས་ནད་ཡམས་འདི་ནི་ཇི་ཙམ་དུ་འདུ་འཛི་ཆེ་བ་དང་མི་མང་འགྲོ་འོང་བྱ་ཡུལ་ཡིན་པ་དེ་ཙམ་ཉེན་ཁ་དང་མི་རྣམས་ཀྱི་སེམས་ལ་འཇིགས་སྣང་བསྐྲུན་པའི་ས་ཆ་ཞིག་ཏུ་འགྱུར་བཞིན་ཡོད་པའི་ཆ་ནས་ཟམ་ཆེན་འདིའང་ད་ཆ་ཕལ་ཆེར་གདོན་འདྲེ་གནས་པའི་དུར་ཁྲོད་ཅིག་ལྟར་གྱུར་ཡོད་པ་དང་། དེ་ཡང་སིཌ་ནིས་ཀྱི་རྒྱ་མཚོའི་འགྲམ་ན་སྔར་གྱི་གཟི་མདངས་དང་བརྗིད་ཉམས་ཡོད་ཚད་རྦད་དེ་ཤོར་ནས་སྐྱོ་ཉམས་སྟོན་བཞིན་པ་ལྟ་བུའི་རྣམ་པ་འདི་སྐྱོ་ཤས་ཀྱི་སྣོན་མ་གཉིས་པ་ཞིག་ཏུ་གྱུར་ཡོད་པའི་ཚུལ་བརྗོད་འདུག།
དེ་ནས་སླར་ཡང་མུ་མཐུད་དུ།
“ཕཱེ་རེ་སི་ལ་ལྟོས་དང་
གློ་བུར་དུ་ཨཱེ་ཧྥུལ་ལྕགས་མཁར་གཅིག་པུ་ཁེར་བུར་ལྷག་སྟེ
རྒྱང་རིང་གི་རྣམ་དག་ཁཱེ་ཐོ་ལི་ལ་མིག་ཆུ་ཤམ་ཤམ་དུ་གཏོར”
ཞེས་ཡོ་རོབ་ཀྱི་གྲགས་པ་འབར་བའི་ཨཱེ་ཧྥུལ་ལྕགས་མཁར་གྱིས་དབྱི་ཐྲ་ལའི་གདན་ས་རོམ་ལ་ཁ་གཏད་དེ་མིག་ཆུ་ཤམ་ཤམ་དུ་གཏོར་བཞིན་པ་དེས། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་གནས་ཡུལ་གྱི་དབྱི་ཐྲ་ལི་སོགས་ཡོ་རོབ་ཧྲིལ་པོ་དཀའ་ངལ་གྱི་ཀློང་དུ་ཚུད་དེ་ཅི་བྱ་བརྟོལ་མེད་དུ་གྱུར་པའི་སྣང་ཚུལ་མང་པོ་ཞིག་གསལ་འགྲེལ་གྱིས། ད་ཐེངས་ཀྱི་ནད་ཡམས་འདིས་ལེའུ་དབར་ཁྲི་ཁྲག་མང་པོས་ཆོད་པའི་ཨ་རི་དང་ཨོ་གླིང་། ཡོ་རོབ་དང་ཡ་གླིང་གང་ལའང་གཅིག་མཚུངས་ཀྱིས་དཀའ་ངལ་སྤྲོད་བཞིན་པ་དང་། ནད་ཡམས་འདི་ནི་རྒྱ་མཚོ་ཆེན་པོ་ལྟ་བུའི་ས་ཆེན་གྱི་བར་ཐག་དང་། ལྷ་དང་དཀོན་མཆོག་ལྟ་བུའི་ལྐོག་གྱུར་གྱི་ནུས་ཤུགས། ཚན་རིག་ལག་རྩལ་ལྟ་བུ་དེང་རབས་ཀྱི་སྟོབས་ཤུགས་གང་གིས་ཀྱང་མ་ཁོག་པར་ག་ས་གང་དུ་སྤྲིན་ནག་བཞིན་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད་པ་དང་། རང་བྱུང་ཁམས་ཀྱི་ཉེས་ཆད་ཀྱི་སྔོན་དུ་ཆོས་ལུགས་དང་ཚན་རྩལ་ལ་སོགས་པའི་མིའི་རིགས་ཀྱི་དཔལ་ཡོན་དེ་དག་ཀྱང་ཉམ་ཆུང་དང་ནུས་མེད་ཅིག་ཡིན་པར་མ་ཟད། ཐ་ན་སྐྱོ་ཤས་ཀྱི་སྣོན་མ་ལྟ་བུར་འགྱུར་བཞིན་པ་ཞིག་བསྟན་འདུག་གོ།
འོ་ན། སྙན་ངག་པ་འདིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དངོས་སམ་དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་ཚོ་བརྗེད་པ་རེད་དམ་ཞེ་ན། ག་ལ་ཡིན་ཏེ། ཐ་མ་དེར།
“པཱེ་ཅིན་ནི་སྔར་ལྟར་སྒེའུ་ཁུང་མེད་པའི་མཁར་ཤུལ་ཞིག་གོ།
ཝུའུ་ཧཱན་གྱི་གྲི་ཐོགས་ལྷ་རྗེ་རེ་རེ་གློ་བུར་གློ་བུར་དུ་སྒེའུ་ཁུང་མེད་པའི་ཕོ་བྲང་དུ་གཟིམས”
ཞེས་སྨྲས་ཏེ་སྙན་ངག་གི་མཇུག་ཡོངས་སུ་བསྡུས་འདུག།
སྤྱིར་བཏང་ཡིན་ན་སྒེའུ་ཁུང་ཡོད་མེད་ཟེར་དུས། མཁར་དང་ཁང་པ་རང་གི་རྣམ་པར་ཡོད་པ་ཞིག་དགོས་པ་ལས་མཁར་ཤུལ་ཞིག་ཡིན་མི་འོས་པ་ལྟ་བུ་ཡིན་པས། ཕར་ལྟ་སར་འདིར་“སྒེའུ་ཁུང་མེད་པའི་ཁང་པ་ཞིག་གོ་”ཞེས་བྲིས་ན་བདེ་བ་ལྟར་ཡོད་ན་ཡང་། གོང་གི་“ནེའུ་ཡོག་གྲོང་ཁྱེར་གྱི་རི་སྤྱང་ལྟ་བུའི་ཁོག་སྟོང་དུ་ལུས་པའི་མེ་འཁོར་གྱིས་ངུ་འབོད་བྱེད་པ་”དང་། “དུར་ཁྲོད་ལྟ་བུའི་སིད་ནི་ཟམ་ཆེན་རྒྱ་མཚོའི་ཁ་གཏད་དུ་སྐྱོ་ཉམས་སྟོན་པ”། ད་དུང་”ཕེ་རི་སི་ཡི་ལྕགས་མདུང་རིང་མོས་ཁཱེ་ཐོ་ལི་ལ་མིག་ཆུ་ཤམ་ཤམ་དུ་གཏོར་བ་”སོགས་སྐྱོ་གར་ཡུག་ཅིག་གིས་ཁྱབ་པའི་སྣང་བརྙན་དེའི་ཀློང་ན་པེ་ཅན་གྱི་སྒེའུ་ཁུང་མེད་པའི་ཁང་པ་དེ་དག་ནི་“མཁར་ཤུལ་”རང་ཡིན་པ་སྟེ། ད་དུང་རྩོམ་པ་པོས་བདེན་དོན་གྱིས་སྟོང་བའི་མཁར་ཤུལ་དང་། ཕྱི་ཚུལ་རང་ལུགས་ཀྱི་ཕོ་བྲང་གཉིས་ཀ་ཡིན་པའི་སྒྱུ་རྩལ་གྱི་སྣང་བརྙན་རྙོག་འཛིངས་ལྡན་པ་ཞིག་བཞེངས་པ་འདིས་ཐོག་ནས་བལྟས་ནའང་། སྙན་ངག་པ་འདིར། བརྗོད་བྱེད་ཀྱི་ལྷུ་སྦྲེལ་སྟངས། བརྗོད་བྱའི་གནད་འཇུ་སྟངས། དེ་ཉིད་གསོན་ཉམས་ལྡན་པའི་སྒོ་ནས་ཀློག་པ་པོའི་ཡིད་ཡུལ་དུ་འདྲེན་སྟངས། དོན་རྐྱེན་རེ་རེ་བཞིན་གནས་ཚུལ་ལྷག་ཡུལ་མི་འདྲ་བའི་ཁོར་ཡུག་དང་འབྲེལ་བའི་བྱེ་བྲག་གི་རྒྱབ་ལྗོངས་དང་མཚོན་རྟགས་སོགས་ཀྱིས་ལུ་གུ་རྒྱུད་དུ་སྦྲེལ་ནས་དོན་དང་མཐུན་ཞིང་སྣང་བརྙན་འབུར་དུ་ཐོན་པའི་ཚིག་གིས་མཚོན་ཐབས་སྤྱད་འདུག་པ་སོགས་ནི་་ཤིན་ཏུ་ལེགས་པོར་འཁྱོངས་པ་ཞིག་ཏུ་ངོས་འཛིན་བྱ་ཆོག་གོ།
སྤྱིར་ཐེངས་འདིའི་ནད་ཡམས་ཀྱི་རྐྱེན་གྱིས་འཛམ་བུ་གླིང་གི་མི་ཧ་ཅང་མང་པོ་ཞིག་འཆི་བཞིན་ཡོད་པ་དང་། དེའི་ཁྲོད་དུ་ལྷ་རྗེ་དང་སྨན་ཞབས་ཧ་ཅང་མང་པོ་ཞིག་ཡོད་པ་འདི་ཚང་མས་དོ་ཁུལ་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ལ། འདི་དང་འབྲེལ་བའི་ཡིད་སྐྱོ་བ་དང་སེམས་འགུལ་ཐེབས་པའི་གསར་འགྱུར་ནི་རྒྱལ་སྤྱིའི་ཁྱོན་ཚང་མ་ན་ཡོད་མོད། སྤྱིར་བཏང་གི་སྨན་པ་དེ་དག་གི་ལག་ཏུ་གནམ་ཁབ་དང་འབྱིན་རྔུབ་ཡོ་ཆས་སམ། ཡང་ན་ཚ་དྲོད་བརྟག་ཆས་ལྟ་བུ་བཟུང་ཡོད་སྲིད་པ་དང་། དེ་ནི་ང་ཚོའི་མིག་ལམ་དུ་རང་བཞིན་གྱིས་འཆར་རྒྱུ་ཡོད་པའི་ལྷ་རྗེ་དང་སྨན་ཞབས་པའི་སྣང་བརྙན་འཆར་ཅན་དེ་རེད། དེ་བཞིན་ཁོང་དག་ལ་སྟབས་མ་ལེགས་པར་འགོད་ནད་ཕོག་དེ་འཆི་སྐྱོན་གྱི་རྐྱེན་ངན་བྱུང་ནའང་། ཐ་མའི་འཆི་ས་ནད་པ་སྤྱི་མཚུངས་ལྟར་ནད་ཁྲིའི་སྟེང་དང་ཁང་པའི་ནང་སོགས་སྨན་ཁང་གི་ཁོར་ཡུག་ཅིག་ཡིན་དགོས་པ་ལྟ་བུར་ཡོད་མོད། དྲན་རིག་རྒོད་པའི་སྙན་ངག་པ་བྲ་ཚག་འདིས་ལྷ་རྗེ་དེ་དག་གི་ལག་ཏུ་གྲི་རིང་རེ་རེ་བཞག་ཡོད་པ་དང་། དེ་དག་ཀྱང་“སྒེའུ་ཁུང་མེད་པའི་ཁང་པ་”རེ་རེའི་ནང་ནས་“གཏན་དུ་གཟིམས་བཞིན་”ཡོད་པ་དང་། ཁང་པ་དེའང་“ཕོ་བྲང་”གི་རྣམ་པར་ཡོད་པ་སོགས་འགལ་འདུ་ཡ་མ་ཟུང་གི་སྣང་བརྙན་དམིགས་བསལ་བ་ཞིག་བསྐྲུན་ཡོད། འདི་ནི་སྙན་ངག་པས་ནད་ཡམས་རྩེད་ཆས་སུ་བྱས་ཏེ། འཆར་སྣང་དང་རབ་རྟོག་གི་རྩེད་འཇོའམ་ཐལ་དྲགས་པའི་ཀུ་རེ་བྱེད་པ་ཞིག་མ་ཡིན་པར། དོན་ངོ་མར་་“ཝུའུ་ཧྭན་གྱི་སྨན་པ་”དང་སྨན་ཞབས་པ་ཚོའི་ལས་དབང་བསྡུས་བྲིས་བྱས་པ་ཡིན་པ་རེད།
དེ་ཡང་ཝུའུ་ཧྭན་གྱི་སྨན་པ་དག་གིས་རང་ཉིད་སྨན་པ་ཞིག་ཡིན་པའི་ངོས་ནས་ནད་ཡམས་འགོས་མཆེད་ཀྱི་མགོ་སྟོད་རང་དུ་ནད་ཡམས་ཀྱི་ངོ་བོ་དང་ཚབས་ཆེའི་རང་བཞིན། ནད་ཕོག་པའི་མི་དང་འཆི་ལམ་དུ་ཕྱིན་པའི་གྲངས་འབོར་སོགས་རེ་རེ་ནས་དྲང་བདེན་གྱི་ལམ་ནས་བརྗོད་མཁན་བྱུང་ཡོད་མོད། དེ་ནི་རལ་གྲི་ཐོགས་ནས་གཡུལ་དུ་ཞུགས་པ་ལྟ་བུའི་དཀའ་ཁག་ཅན་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་ཆེས་མི་འོས་པའི་གནོད་འཚེ་གང་མང་ཕོག་ཡོད་པ་སྟེ། དེ་ནི་འཛམ་གླིང་གི་སྨན་པ་གཞན་དང་མི་འདྲ་བའི་ཝུ་ཧྭན་གྱི་སྨན་པའི་དམིགས་བསལ་གྱི་ལས་དབང་ཞིག་ཏུ་གྱུར་ཡོད་པ་དེ་མཚོན་ཡོད་དེ། འཇམ་གླིང་དུ་སྐད་གྲགས་ཆོད་པའི་སྨན་པ་ལི་ཝེན་ལེང་ལགས་ནི་དེ་དག་གི་མཚོན་བྱེད་དུ་གྱུར་ཡོད། མདོར་ན། སྨན་པ་དེ་དག་གི་ནང་ནས་མང་པོ་ཞིག་རང་དབང་གྱི་སྒེའུ་ཁུང་དང་བྲལ་བའི་ཉམ་ང་བའི་ཁོར་ཡུག་སྟེ། དཔའ་བོའི་མིང་གིས་བཏགས་པའི་སྒྱུ་མའི་ཕོ་བྲང་ཞིག་ཏུ་གཏན་དུ་ཕྱིར་འོང་མེད་པར་ཆས་དགོས་བྱུང་ཡོད་པ་དེ་ཀ་ལགས།
ད་དུང་དེ་ལ་སོགས་པའི་སྐྱོ་གར་འདི་དག་ནམ་ཞིག་འཁྲབ་མཚམས་འཇོག་རྒྱུ་ཡིན་པར་ངེས་གཏན་དང་རེ་བའི་རྟགས་མཚན་གང་ཡང་མེད་སྟབས། “པཱེ་ཅིན་ནི་སྔར་ལྟར་སྒེའུ་ཁུང་མེད་པའི་མཁར་ཤུལ་ཞིག་གོ། ”ཞེས་སྨོས་ཏེ། “པེ་ཅིན་ནི་”ཞེས་དམིགས་སུ་བཀལ་ཏེ་སྔར་ལྟར་སྒེའུ་ཁུང་མེད་པའི་མཁར་ཤུལ་ཞིག་ཡིན་པར་བརྗོད་པ་དང་། “སྔར་ལྟར་”ཞེས་པའི་ཚིག་འདི་ཁོ་ནས་ཀྱང་། ཡིད་སྐྱོ་བའི་གནས་སྟངས་མང་པོ་ཞིག་མཚམས་མི་ཆད་པར་བསྐྱར་ཟློས་བྱེད་བཞིན་པའི་ལོ་རྒྱུས་ལ་དྲན་གསོ་ཐུ་མོ་ཞིག་བཏང་འདུག་སྙམ་སྟེ། མདོར་ན། པེ་ཅིན་ནི་སྔར་ལྟར། ནམ་རྒྱུན་བཞིན། འཆར་ཅན་ལྟར་་་་“སྒེའུ་ཁུང་མེད་པའི་མཁར་ཤུལ་ཞིག་གོ །”ཞེས་བརྗོད་པ་རེད།
དེ་ནི་ཁོང་དག་གི་རྒྱུན་ལྡན་གྱི་སྣང་ཚུལ་གང་ཡིན་པ་གསལ་འགྲེལ་བྱས་ཏེ་བསྟན་ཡོད་དེ། འདི་ནི་ཕྱོགས་གཅིག་ནས་པེ་ཅན་གྱི་འགྱུར་ལྡོག་ལ་རེ་བ་རྒྱག་མཁན་དག་གི་ནོར་འཁྲུལ་ཅན་གྱི་ཚོད་དཔག་གྲངས་མེད་པ་ཞིག་ལ་ནན་ཏན་གྱིས་ལན་འདེབས་བྱས་པ་ཞིག་ཀྱང་ཡིན་པ་དང་། ཕྱོགས་གཞན་ཞིག་ནས། ཡ་ང་བའི་གནས་སྟངས་འདི་ཅི་ཙམ་དུ་སྙུགས་རིང་ལ་དོས་དྲག་པ་ཞིག་ཡིན་པ་དེར་མཚམས་དང་ཚིགས་གང་ཡང་འཛིན་ཤེས་ཀྱི་མེད་པ་མཚོན་ཡོད་དོ།།
སྙན་ངག་འདིར་དེ་ལྟར་ཞིབ་ཚགས་པོས་བལྟས་ན། 《 མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག་པ་》ནི་ནད་ཡམས་འདིའི་གནོད་འཚེ་དང་འབྲེལ་བའི་རྒྱལ་སྤྱིའི་བསྡུས་གཟུགས་ཆ་ཚང་ཤོས་ཤིག་དང་། རྒྱ་ནག་གི་སྣང་བརྙན་མཚོན་པའི་འབོད་སྒྲ་གསལ་ཤོས་ཀྱི་སྙན་ངག་ཅིག་ཡིན་པས། སྐད་ཆ་འདིའི་ཡོངས་ཁྱབ་རང་བཞིན་དང་། གལ་གནད་རང་བཞིན། སྐྱོ་སྣང་གི་རང་བཞིན་སོགས་དོན་དངོས་ལ་གཞོལ་བའི་ནང་དོན་གྱི་ཟབ་ཚད་དང་བསྡུར་ན། 《 རྒྱལ་མོའི་ལམ་ཀ་ནི་ 》 ཆེས་སྤྱིར་བཏང་གི་ཁྱིམ་མཚེས་ཀྱི་སྐད་ཆ་དཀྱུས་མ་ཞིག་སྟེ། གྲོང་སྡེ་ཆུང་ཆུང་ཞིག་གི་ལམ་འགྲམ་གྱི་སྣང་ཚུལ་ཙམ་ཞིག་གོ། རྫོགས་སོ།།
ཅེས་པ་འདི་ཡང་། སྤྱི་ལོ་༢༠༢༠ ཟླ་ ༦ ཚེས་༦ ཉིན། འཛད་མཐའ་མེད་པའི་སྒྱུ་རྩལ་གྱི་རོལ་རྩེད་ལ་ཡིད་ཅུང་ཟད་ཕྱོགས་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་གི་མཛེས་པ་དཔལ་དུ་འབར་བའི་རི་སྔོན་པོའི་རང་གནས་སུ་བྲིས་སོ།།
《རྔ་ཆེན་རོལ་དབྱངས》
རྩོམ་པ་པོ། ཡི་དམ་ཚེ་རིང་།
ཁྲང་པེ་རི་བོའི་རྒྱ་སྟག་ཁྲ་བོའི་ངར་སྐད་དྲན་ཚེ་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ།།
བདུད་རྩི་སྨན་ལྗོངས་ཞི་ཧྲོང་པན་ནའི་གླང་ཆེན་མཐོང་དུས་ཞབས་འོག་ས་འཛིན་སྔངས་ཤིང་འདར་བཞིན་འགྲོ་བར་རྩོམ།།
གློ་བུར་ནང་སོག་རྩྭ་ཐང་སྟེང་ནས་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན།།
བདག་གི་སྙིང་དབུས་ཏི་སེ་ལྷུན་པོར་བག་ལ་ཉལ་བའི་སེང་གེ་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག།
དཔྱིད་ཀྱི་དཔལ་མོ་སླེབ་པའི་དུས་སུ་མི་རྟག་སྣོད་ཀྱི་འཇིག་རྟེན་འདི་ཡིས་སྙན་འཇེབས་སྒྲ་དབྱངས་རྣ་བར་སྤྲོ།།
ཐ་དད་རིགས་ཀྱི་འགྲོ་བ་དག་གིས་ལོ་རྒྱུས་མཚོན་པའི་སྙན་རྩོམ་རོལ་དབྱངས་སྤོབས་པའི་གདངས་ཀྱིས་གྱེར་བའི་ཚེ།།
དཔལ་གྱི་ཡོན་ཏན་བླ་ན་འཕར་བའི་རྒྱལ་ཁབ་ཅིག་གི་མཛེས་པའི་སྣང་བརྙན་ཕྱི་རབས་དྲན་པའི་ངོས་སུ་ཕབ།།
《མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག》
རྩོམ་པ་པོ། འདྲེ་གླེན་པ།
འཛམ་གླིང་དུ་སྐད་གྲགས་ཆོད་པའི་ནེའུ་ཡོག་གྲོང་ཁྱེར་ལ་ལྟོས་དང་
མི་མེད་ལུང་སྟོང་དུ་ལུས་པའི་རྫ་ཁོག་ཅིག་དང་འདྲ
རི་སྤྱང་ལྟ་བུའི་འགྲུལ་སྐྱེལ་མེ་འཁོར་རེ་རེས་ཁོག་སྟོང་དུ་ཁྱེད་ལ་ངུ་འབོད་བྱེད
སེཌ་ཎཱེ་ཟམ་ཆེན་ཡང་དུར་ཁྲོད་ཅིག་དང་འདྲ་བར
རྒྱ་མཚོའི་ཁ་གཏད་དུ་ཁྱེད་ལ་སྐྱོ་ཉམས་སྟོན
ཕཱེ་རེ་སི་ལ་ལྟོས་དང་
གློ་བུར་དུ་ཨཱེ་ཧྥུལ་ལྕགས་མཁར་གཅིག་པུ་ཁེར་བུར་ལྷག་སྟེ
རྒྱང་རིང་གི་རྣམ་དག་ཁཱེ་ཐོ་ལི་ལ་མིག་ཆུ་ཤམ་ཤམ་དུ་གཏོར
པཱེ་ཅིན་ནི་སྔར་ལྟར་སྒེའུ་ཁུང་མེད་པའི་མཁར་ཤུལ་ཞིག་གོ
ཝུའུ་ཧཱན་གྱི་གྲི་ཐོགས་ལྷ་རྗེ་རེ་རེ་གློ་བུརགློ་བུར་དུ་སྒེའུ་ཁུང་མེད་པའི་ཕོ་བྲང་དུ་གཟིམས
རྒྱལ་ཁམས་པ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཕྲན་གྱི་སྙན་ངག་ལ་བོང་བུར་གསཉར་གཟིགས་ཀྱིས་ཕྲན་གྱི་སྙན་ངག་དང་སྙན་ངག་པ་ཡི་ཚེ་རིང་གཉིས་ཀྱིས་སྙན་ངག་ལ་ཕྲན་དཔྱད་རིང་པོ་ཞིག་བྲིས་གནང་བར་བསོད་ནམས་ཆེན་པོ་ལ་བསྒོམ་ཡོད།