ཁྱུང་པོ་གཡུང་དྲུང་རྣམ་རྒྱལ།
༡༽ གླེང་གཞི་གླེང་སློང་།
འབྲུག་སྒྲ། དབྱིན་སྐད་ནང་འབྲུག་སྐད་ལྡིར་བ་ཞིག་ཡིན་པ་དེ། བོད་ཡིག་ནང་ལ་འབྲུག་སྐད་ཕྱེད་ཀ་ཙམ་ལས་མེད་པ་ཞིག་ཏུ་བསྒྱུར་འདུག འགྱུར་དེབ་འདི་བཀླགས་ན་ཚོར་བ་འདི་འདྲ་ཞིག་སྟེར་བར་བྱེད། ཐད་ཀར་ཞུས་ན། དེ་ཙམ་གྱི་འགྱུར་ཡག་པོ་ཞིག་མ་རེད། བོད་སྐད་མ་ཡིན་པའི་ཚིག་གྲུབ་སྐྱོན་ཅན་མང་པོ་སྐྱེས་ཡོད་པའི་འགྱུར་དེབ་ཅིག་རེད།
གནད་ཚིག་ལ་འཇུས་ནས་གླེང་ཙམ་ཞུས་ན། དྲུང་པ་ཆོས་རྒྱམ་ཞེས་བཀོད་ན་བོད་བརྡའི་རྣམ་གཞག་དང་མཐུན། ཆོས་རྒྱམ་དྲུང་པ་ཞེས་བཀོད་ན་བོད་བརྡའི་རྣམ་གཞག་དང་འགལ། ཟུར་མང་བདུད་རྩི་མཐིལ་ཟེར་བ་མ་རེད་ཟུར་མང་བདུད་རྩི་དིལ་ཞེས་འབྲི་དགོས། ཡང་དཔེར་ན། གེ་སར་སྨུག་པོ་ཞེས་དགོས་སམ་སྨུག་པོ་གེ་སར་ཞེས་དགོས། སྔོན་གྱི་ཡི་གེ་དག་ན། མགར་སྟོང་བཙན་ཡུལ་བཟུང་། ཉང་ཉི་མ་འོད་ཟེར། རྒྱ་བརྩོན་འགྲུས་སེང་གེ གནུབས་སངས་རྒྱས་ཡེ་ཤེས། མཆིམས་ནམ་མཁའ་གྲགས། འབྲེ་ཤེས་རབ་འབར་ལྟ་བུར་ཡོད། བོད་སྐད་དུ་བྱེད་ན་འགྲོས་འདིར་ཞུགས་དགོས་པ་ཡིན་མཆི།
ཀརྨ་པ་རིན་པོ་ཆེ་མཆོག་གིས་སྩལ་བའི་ཆེད་བརྗོད་ནང་། “མ་རྩོམ་གྱི་ནང་དོན་དང་བྲོ་བ་བོད་སྐད་དུ་ཇི་བཞིན་འདྲེན་ཐུབ་མིན་ལ་བལྟས་ཏེ་བསྒྱུར་མཁན་འདེམས་ཀྱི་ཡོད།” ཅེས་དང་། “བོད་ཀྱི་སྐད་ཡིག་ལ་གསོན་ཤུགས་སྦྱིན་པའི་མཐུན་རྐྱེན་བཟང་པོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད།” ཅེས་གསལ་བ་ནི་ཇི་འདྲའི་ཐུགས་གཏད་གཟི་འོད་འཕྲོ་བ་ཞིག་རེད་ཨང་། དེ་ལྟར་ནའང་། འགྱུར་འདི་ནི། དེ་དང་དེའི་ནི་ཐག་རིང་ཞིག་རེད་ལ། དེ་དང་དེ་ལས་ནི་རྒྱང་རིང་ཞིག་རེད།
བརྒྱ་རྩ་བརྒྱད་ཀྱི་འགྱུར་དེབ་དང་པོ་<<མཚན་མོ་>>གླེང་མཁན་ཞིག་གིས། དོ་དམ་ཚོགས་ཆུང་གིས་རང་གི་གསལ་བཤད་ཡི་གེ་ལའང་དོ་དམ་ཐུབ་མེད་པར་སྡིག་ཡོད་པ་དེ་ཡང་དྲན་པར་བྱས། དེ་ནི་“ང་ཚོས་བོད་པ་མང་པོས་ཆེས་ཀློག་སྤྲོ་ཞིང་ཀློག་འོས་ཆེ་བའི་བརྩམས་ཆོས་ཤིག་བོད་འགྱུར་མའི་བང་མཛོད་དུ་ཞལ་འདེབས་སུ་འབུལ་ཐུབ་པའི་དགའ་བ་སྒོམ་བཞིན་ཡོད།” ཅེས་དང་། “འགྱུར་དེབ་དཔེ་སྐྲུན་བྱེད་པ་ནི་སྒྱུར་བའི་ཆོག་མཆན་སྤྲོད་མིན་དང་པར་དབང་ཕྱོགས་གཉིས་ཆ་ནས་ལྷག་པར་གཞན་དབང་ཅན་གྱུར་བ་ཞིག་ཡིན།” ཞེས་པའི་ཚིག་གྲུབ་འདི་གཉིས་ནང་། ཨི་ལྡན་དང་ལ་དོན་གྱི་ཕྲད་སྦྱོར་སྟངས་ནོར་བ་དང་འདས་ཚིག་གི་མཐའ་ཅན་ཡི་གེ་སྦྱོར་ནོར་བྱས་འདུག་པ་འདི་གྲས་ལ་གཟས་པ་ཞིག་ཡིན་འདྲ།
འགྱུར་བརྒྱ་རྩ་བརྒྱད་ནི། ལས་གཞི་གལ་ཆེན་ཞིག་དང་། རྩ་ཆེན་ཞིག་རེད། དེ་ནི་སྒྲིག་འཛུགས་ཅན་དང་། འཆར་གཞི་ཅན། ལས་རིམ་ཅན་དགེ་མཚན་དུ་མཐོང་བའི་ལས་གཞི་ཞིག་ཡིན་ཙ་ན། དེར་རེ་བ་ཚད་མཐོ་བྱེད་མཁན་མང་། ང་ཡང་དེའི་གྲས་ཀྱི་གཅིག་ཡིན། དེར་བརྟེན། མ་འོངས་པའི་འགྱུར་རྣམས་ད་ལྟའི་འགྱུར་འདི་འདྲ་ལས་ཚད་ངེས་ཅན་གྱི་སྤུས་ཀ་ལྡན་པ་ཞིག་ཡོང་བར་རེ་སྨོན་བྱེད་བཞིན་ཡོད།
གཉིས། འབྲུག་སྒྲ་བརླག་པ།
འགྱུར་དེབ་འདི་ནི། ཚིག་གྲུབ་སྐྱོན་ཅན་ཧ་ཅང་མངས་པ་དང་། དེ་བཞིན་ཡིག་སྐྱོན་ཡང་མང་པོ་ཅན་ཞིག་རེད། དེས་འབྲུག་སྒྲ་ཡི་འབྲུག་སྐད་བརླག་འདུག རི་སྐོར་ཀླུང་མྱུལ་མ་བྱས་པར་འགྱུར་དེབ་རང་གི་ཚིག་གྲུབ་ཁག་ཅིག་དཔེ་མཚོན་དུ་བཀོད་ན། འདི་ལྟ་སྟེ།
“ངའི་གྲོགས་མོ་སུ་ཡང་དེར་དོན་གཉེར་མེད།” “ང་རང་ལོ་བཅུ་གསུམ་ཡིན་པའི་སྐབས་ནས་བཟུང་། ང་ལ་བོད་དུ་ང་རང་གི་སྐྱེ་བ་སྔོན་མའི་སྐོར་ལ་རྨི་ལམ་གསལ་པོ་མང་པོ་རྨིས་མྱོང་ཡོད།” “འདིའི་རྗེས་སུ་མ་འགྱངས་པར་ང་རང་བྷེ་ནེན་ཌེན་སློབ་གྲྭར་ཕྱིར་ལོག་པ་ཡིན།” “ང་ནི་ཁོང་ལ་ཧ་ཅང་རྗེས་སུ་ཆགས་པ་དང་། རང་ཉིད་ཀྱི་མི་ཚེའི་ཟློས་གར་ལ་འཁོན་ཏེ་གནས།” “བྷེ་ནེན་ཌེན་ལ་ང་ནམ་ཡང་སྣང་བཟོད་བདེ་པོ་མ་བྱུང་།” “མི་ཚེའི་དཀའ་ངལ་སེལ་ཐབས་སུ་ངས་ཉལ་ཐ་དགའ་པོའི་ངང་ནས་འཐེན་པ་ཡིན།” “དེ་དག་དགའ་བདེར་ལོངས་སྤྱད་དེ་ངས་ཉལ་ཁྲིར་བསྡད་པ་ཡིན།” “མཐའ་མ་དེར་ངས་དེར་ལངས་ཏེ། ང་རང་ནང་པ་ཞིག་ཡིན་པ་དང་། ནང་ཆོས་ནི་འདི་ལས་བཟང་བ་རེད། ཅེས་བཤད་པ་དྲན།” “བདུན་རེར་ཐེངས་ཤིག་ཁེམ་བྷི་རེ་ཇི་ལ་སྤྱི་སྤྱོད་སྣུམ་འཁོར་ནང་འགྲོ་ཡི་ཡོད།” “ངས་ཁོང་ལ་བཅར་བས་ཁོང་གིས་ང་ལ་བོད་ཀྱི་སྐད་ཡིག་འཁྲིད་རྒྱུའི་ཞལ་བཞེས་གནང་བྱུང་།” “བདུན་ཕྲག་རེར་ཐེངས་རེ་ཁོང་ཁེམ་བྷི་རེ་ཇི་ལ་ཡོད་པའི་ཁྱིམ་ལ་ཕྱིན་པ་ཡིན།” “ཁིར་བྷི་ལོ་ཇི་ཡི་ལུགས་སྲོལ་ལ་སློབ་མ་ཞིག་གི་སྐྱེས་སྐར་གྱི་ཉེན་དེའི་ཕ་མས་ཁུ་ར་དང་བཟའ་བཅའ་གཞན་འཁྱེར་ཏེ་ཡོང་གི་ཡོད།” “ཁོང་མངོན་གསལ་དོད་པོར་སྐུ་དབང་བཙན་པོ་དང་། གྲུབ་ཐོབ་ཅིག་རེད་དེ་འཇིགས་སུ་རུང་བ་དེ་འདྲ་མ་རེད།” “འགྲོ་དངུལ་གཅིག་ཀྱང་མེད་པར་ངས་སི་ཀོད་ལནད་དུ་འགྲོ་ཐབས་བྱེད་དགོས་ཀྱི་ཡོད།” “སྐབས་འདིར་ང་ཁྱིམ་ལ་ཉིན་ཤས་རིང་ཕྱིན་པ་ཡིན།” “ཁོང་གིས་འདས་དུས་སུ་བྱུང་བ་ལས་ཀྱང་ཤུགས་ཆེ་བའི་གནས་ཚུལ་ཞིག་སྐྱེད་སྲིང་བྱེད་བཞིན་ཡོད།” “གཉིད་སད་རྗེས་འོག་ཐོག་ཏུ་ཐབ་ཚང་ནང་བཟའ་རྒྱུ་ཞིག་འཚོལ་བར་འགྲོ་འདོད་བྱུང་།” “མི་ལ་རས་པའི་མགོ་མཁྲེགས་དང་དཀའ་ཚེགས་ཀྱི་རང་བཞིན་དང་” “དེས་ན་མ་མཐར་ཡང་ངས་དེ་ཉིན་ཧི་ཕིའི་ལུགས་ཀྱི་ཀབ་ཋན་ཞིག་གྱིན་ཏེ་ཆང་ས་བརྒྱབ་མེད།” “གསར་འགོད་པའི་ལག་ནས་ང་ཚོ་ཐར་རྗེས་ང་གཉིས་ཀྱིས་གྲོགས་པོ་ཚོ་དང་ལྷན་དུ་ཁ་ལག་བཟའ་བར་ཕྱིན།” “མདེའུ་དེས་ཁོང་གི་མིག་རྩ་ཨིན་ཆི་བརྒྱད་ཆ་གཅིག་གིས་མ་གཏོགས་བཅད་འདུག” “ངའི་ཁྱོ་གས་ལོ་ལྔའི་གོང་གི་བྱིས་པ་རྣམས་ཀྱི་ནང་དུ་རང་གི་སྐྱེ་བ་སྔོན་མ་དྲན་མཁན་མང་པོ་ཡོད་རེད་ཅེས་གསུངས་མྱོང་།” “སྐྱེད་ཚལ་དེའི་དབུས་སུ་ཝེན་ཌི་ཧའོ་སི་ཞེས་པའི་ཕྲུ་གུ་ཚོའི་ཆེད་དུ་རྩེད་ཁང་ཞིག་ཡོད།” “ཉིན་གཅིག་གི་ནང་དུ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་ལྟ་སྐྱོང་བྱེད་ཀྱི་ཡོད།” “མོས་ཡེ་ཤུའི་འཁྲུངས་སྐར་ཉིན་མོ་བཟོས་པའི་དུམ་བུར་གཏུབས་པའི་ཁུ་ར་བག་སྲེག་དང་ལྡེ་གུ་ལ་ང་དགའ་པོ་ཡོད།” “མགྲོན་པོ་ཚོ་སླེབས་བཞིན་པའི་སྐབས་དེར་སྲེག་རྒྱུའི་ཕྱིར་ལྕགས་ཐབ་ཀྱི་ནང་དུ་བླུགས།” “དབྱངས་ཀྱི་ཐད་ལ་ང་ནི་ཆ་ཚང་བའི་འོན་པ་དང་མཉམ།” “ངའི་ཕ་མས་ཁེམ་བྷི་རི་ཇི་ཤེར་དུ་བརྒྱ་ཕྲག་བཅུ་དྲུག་པའི་རྩྭ་ཐོག་ཅན་གྱི་སྤྲོ་ཁང་ཆུང་ཆུང་ཞིག་ཉོས་པ་རེད།” “ཋེ་ས་དང་ང་གཉིས་ལ་དུས་ནས་དུས་སུ་དེར་ཡོད་པའི་ཕྲུ་གུ་སུའི་མཉམ་དུའང་རྩེད་མོ་རྩེ་རྒྱུའི་ཆོག་མཆན་སྤྲད་མ་བྱུང་།” “སིབ་ཋོན་ཕར་ཁི་ནི་རྒྱ་ཆེ་ལ་བཀོད་པ་མཛེས་པའི་ཇོ་ཇིན་སྐབས་ཀྱི་གུ་ཡངས་པའི་ཁང་ཆེན་ལམ་ཟུར་དུ་ཡོད་པ་ཞིག་འདུག” “མོ་ང་ཚོའི་ཉལ་ཁང་གི་བུ་མོ་ཚོའི་ནང་ནས་རྒན་ཤོས་ལོ་བཅུ་གཉིས་ཡིན་པ་དང་།” “ངས་ཉལ་ས་ནས་ལངས་ཏེ་ལག་པ་གཅིག་གིས་མོའི་སྐྲ་ནས་བཟུང་།” “ཉིན་མོའི་འཛིན་གྲྭ་ཚར་རྗེས་ངས་རྟ་རར་ཕྱིན་ཏེ་རོགས་པ་བྱེད་པ་དང་རྟ་ལ་བཞོན་པ་བཅས་བྱེད་ཀྱི་ཡོད།” “བྷེ་ནེན་ཌེན་ནི་དབྱིན་ཡུལ་གྱི་སྒེར་བདག་སློབ་གྲྭ་ཡང་ཤོས་གྲས་ནས་གཅིག་སྐབས་དེ་དུས་རེད་ལ་ད་ལྟའང་རེད།”
འདི་ལྟ་འདི་ལྟར། འབྲུག་སྒྲའི་འགྱུར་ཡིག་འདི་འབྲུག་སྐད་ཕྱེད་ཀ་ལས་མེད་པ་ཞིག་ཏུ་བསྒྱུར་འདུག གོང་གསལ་རྣམས་ནི་ཤོག་ངོས་དང་པོ་ནས་ཆིག་བརྒྱ་ཐམ་པ་བར་ནས་ཁ་ཟིན་སྣ་ཟིན་གྱི་ཚིག་གྲུབ་སྐྱོན་ཅན་ལས་འགའ་ཞིག་དཔེ་མཚོན་དུ་བཀོད་པ་ཙམ་ཡིན།
དེ་བཞིན་དུ་ཡིག་སྐྱོན་ཡང་མང་པོ་རེད། དཔེར་ན། ལྟ་སྟངས་ཤིག་ལ་ལྟ་སྟངས་ཞིག འཚམ་པོ་ལ་འཚམས་པོ། དྲན་སོས་ལ་དྲན་གསོས། གང་མཚམས་ལ་གང་འཚམས། བྱས་ཏེ་ལ་བྱས་སྟེ། དོན་ཅི་ཡིན་ལ་དོན་ཇི་ཡིན། གནང་བའི་ལ་གནང་པའི། ཙོག་པུ་ལ་ཙོག་བུ། མཚམས་ཤིག་ལ་མཚམས་ཞིག བཀའ་གནང་བ་ལ་བཀའ་གནང་པ། བྱུང་བ་ལ་བྱུང་པ། རོགས་ཤིག་ལ་རོགས་ཞིག ལས་རྟགས་ཤིག་ལ་ལས་རྟགས་ཞིག གནམ་བདག་ཆོས་ལུགས་རྣམ་དག་ཆོས་ལུགས། སྤོར་བ་ལ་སྤོར་པ། བཏང་བ་ལ་བཏང་པ། ཚིག་པ་ཟོས་ལ་ཚིག་པ་ཟས་སོགས་སུ་ནོར་ནས་བཀོད་འདུག འདི་ཡང་ལག་པར་གང་ཐེབས་ཙམ་དཔེ་མཚོན་དུ་བླངས་པ་ཙམ་ཡིན།
གསུམ། རེ་སྐུལ་ཞུ་བ།
ང་རང་བོད་ཡིག་ཤེས་ཚད་དམའ་པོ་ཡིན་སྟབས། འགྱུར་ཡིག་འདིའི་ཚིག་དོན་གཉིས་ཀློག་ཉེས་དང་གོ་བ་ལེན་ཉེས་ཆགས་ཡོད་སྲིད། དེར་བརྟེན། འགྱུར་ཉེས་མ་ཡིན་པར་ཀློག་ཉེས་དང་གོ་བ་ལེན་བྱས་ཡོད་ན་བཀའ་བཀྱོན་གནང་རོགས། ནོར་བ་ཡོ་བསྲང་ཞུ་བར་ཚོམ་པ་ཅི་ཡང་མེད།
རེ་བ་གཅིག་ཞུ་ཆོག་པ་ཞུ། ཡིག་སྒྱུར་བ་སུ་ཡིན་ཡང་། སོ་སོར་སྐད་ཡིག་གི་རྨང་གཞི་དང་རྩོམ་རྩལ་གང་ཡོད་པ་དེ་བེད་སྤྱོད་ཆ་ཚང་བ་ཞིག་གཏོང་བཞིན་པ་དང་། དོན་བསྒྱུར། ཐད་བསྒྱུར། བསྣོལ་བསྒྱུར། ཆིག་བསྒྱུར། སྒྲ་བསྒྱུར་སོགས་བབ་འབྲེལ་གྱི་ཐབས་རྩལ་གང་ཡོད་པ་དེ་ཡང་བེད་སྤྱོད་དང་གནང་བཞིན་པ་ཞུ་ཅི་དགོས། དེ་དང་ཆབས་ཅིག བསྡུར་ཞུས་དང་། བར་ཞུས། མཐའ་ཞུས་བཅས་ཀྱི་རིམ་པར་ཡང་ནན་ཏན་གནང་བ་ཡིན་ན། ང་ཚོར་འགྱུར་ཡིག་ཚད་ལྡན་རེ་ཐོན་སྐྱེད་བྱེད་པའི་རེ་བ་གཏན་ནས་མེད་པ་ནི་མིན་པར་སྙམ། འགྱུར་བརྒྱ་རྩ་བརྒྱད་ཀྱི་ལས་གཞི་ནི་ཐུན་མོང་གི་ནུས་པ་བེད་སྤྱོད་བྱེད་པའི་ལས་གཞི་ཞིག་ཡིན་བརྟེན། འགྱུར་དེབ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཚད་ངེས་ཅན་གྱི་སྤུས་ཚད་ལྡན་པ་ཡོང་བར་རེ་བ་བྱེད་ཀྱིན་ཡོད།
ངོ་རྒོལ་ཞིག་དང་ཆབས་ཅིག བསམ་ཚུལ་ཞུ་མཚམས་བཞག་གི་ཡིན། “བོད་ཡིག་ནང་གསར་རྩོམ་གྱི་ཤེས་ཚད་མི་ལྡན་པ་ཚོས་ཡིག་སྒྱུར་ལ་ལག་པ་མ་འཆང་ན་ཨེ་མི་དགའ་ཟེར་མཁན་ཚོར་ངོ་རྒོལ་ཡོད། སྒྱུར་གཞིའི་གོ་བ་བདེ་བླག་ཏུ་ལེན་པའི་ཤེས་ཚད་འདང་ངེས་མེད་པ་རྣམས་ཀྱིས་ཡིག་སྒྱུར་ལ་ལག་པ་མ་འཆང་ན་ཨེ་མི་དགའ་ཟེར་མཁན་ཚོར་ངོ་རྒོལ་ཡོད།” ང་ཚོས་ཚོད་ལྟ་བྱེད་དགོས། སྦྱོང་བདར་བྱེད་དགོས། ལག་ལེན་བརྒྱུད་དགོས། ཉམས་མྱོང་གསོག་དགོས། བསམ་ཚུལ་འདོན་དགོས། རེ་བ་རྒྱག་དགོས། ད་གཟོད་གྲུབ་འབྲས་ཀྱི་ཕྱོགས་སུ་བསྐྱོད་དགོས། ཞུ་སྟངས་ནོར་ཡོད་ན་དགོངས་སེལ་ཞུ། སྤྱི་ལོ་ 2020 ཟླ་ 6 ཚེས་ 13 ་ལ།
བརྗོད་བདེ་གཙོ་འདོན་བྱེད་རྒྱུ་ནི་གལ་ཆེར་སོང་། འབྲུག་སྐད་ལྡིར་བ་ལས་ འབྲུག་སྒྲ་ཞེས་པའི་མིང་འདི་སྙན་པ་དང་། བརྗོད་བདེ་བ་འདུག དོན་ཆ་ཚང་སྟོན་ཡོད། ཨ་མདོའི་ལུཊ་སུ་ཁུ་བྱུག་གྲགས་བྱུང་ཟེར་དུས། དོན་དུ་ཁུ་བྱུག་གི་སྐད་གྲཊ་བྱུང་ཟེར་བ་རེད། ཧོབ་སྟེ་བལྟས་ན་ཁུ་བྱུག་གྲགས་བྱུང་ཟེར་དུས་དོན་ཁ་ཁག་ཆཊ་ཡོད། དོན་དུ་གོང་ཞུས་ལྟར་རེད།
འབྲུག་སྦྲུལ་ལ་ལོག་ནས་སྦྲུལ་སྒྲར་གྱུར་པ་རེད་དམ། ངས་ནི་ད་གཞི་ནས་བཀླག་རྒྱུ་ཡིན།
ངས་ལས་ཀའི་བར་ནས་རྩོམ་འདི་བམ་ཀློག་ཅིག་བྱས་པ་ཡིན། དག་སྡེབ་ཀྱི་སྐོར་དེ་ལ་མོས་མཐུན་ཡོད། དག་པ་ཞིག་ཡོང་རྒྱུར་འབད་དགོས་པ་ནི་སྨྲོས་མེད་ཡིན། རིགས་པ་འདི་སྤྱད་དེ་སྡེ་དགེའི་བཀའ་བསྟན་ལའང་བསམ་ཚུལ་ཞུ་རྒྱུ་ལོས་ཡོད་དྲན། གཙོ་བོ་ནི་ཇེ་དག་དང་ཇེ་གཙང་ལ་གཏོང་རྒྱུར་འབད་འོས་པ་རེད། འོན་ཀྱང་རྣམ་ཐར་སྤྱིའི་ཆ་ནས་མ་གོ་བའམ་གོ་བ་ལོག་པར་ཕྱིན་མེད་ན་དེ་ནི་གལ་ཆེ་བ་དེ་ཡིན། བོད་ཡིག་འདི་འབྲི་དགོས་པ་གང་ཞིག་ལ་ནོར་འཁྲུལ་གཏན་ནས་ཡོང་མི་ཆོག་པ་ཟེར་བ་དེ་ནི་ཧ་ལམ་རུས་སྦལ་གྱི་སྐེ་དང་གཉའ་ཤིང་གི་བུ་ག་ལྟ་བུའི་ཚོད་ཡིན།
དེ་ནས་སྐྱོན་བཤད་དུས་ཡོན་ཏན་ཡང་བརྗོད་དགོས་པ་དེ་མེད་དུ་མི་རུང་། དེ་ལྟར་མ་བྱས་ཚེ། རྩོམ་འབྲི་མཁན་དེ་ནི་སྐྱོན་འཚོལ་མཁན་གྱི་མི་ཞིག་ལས་གཞན་ཅི་ཡང་མིན།
མཐའ་མ་དེར་ལས་ཀ་གང་ཞིག་ཡིན་ཀྱང་དེ་ལ་གོ་རིམ་ཞིག་ཡོད་པ་ཡིན། དེབ་གང་ཞིག་ཐོན་པ་ཉིད་ནས་འཚམ་འདྲིའི་ཚབ་ཏུ་གཤེ་ཚིག་ཉག་གཅིག་ལ་གཞོལ་བ་འདི་འདྲ་ནི་སྤོང་འོས་པའི་གནས་སུ་འཁུམས་སོ།། དེ་ཙམ་གྱིས།
ཨེ་བདེན་ནམ། ༼ངས་ཁོང་ལ་བཅར༽ ༼ངས་ཉལ་ས་ནས་ལངས་༽ འདི་ལྟར་བྲིས་འདུག་ལབ་ན་ཡིད་མི་ཆེས་པ་ཞིག་རེད། འདི་ལྟར་འབྲི་སྲིད་ཀི་མ་རེད།
༼བོད་ཀྱི་བུ་མོ་༽ ལས་བཟང་ཙམ་འཁྱོངས་འདུག ལོ་ཤས་གོང་ཨ་མ་ཕྲེང་རིང་གི་༼བོད་ཀྱི་བུ་མོ་༽བོད་འགྱུར་མ་བཀླགས་པས། འདི་དང་༼བོད་ནང་ལོ་བདུན་༽ གྱི་སྒྱུར་པ་པོ་མི་གཅིག་ཨེ་ཡིན་ནམ་སྙམ་དུ་ཡིད་མ་ཆེས་པ་ཞིག་བྱུང་། གང་ལ་ཞེ་ན། ༼བོད་ནང་ལོ་བདུན་༽ ལ་མཚོན་ན། སྡེབ་སྦྱོར་ལ་དབྱིན་ཇིའི་སྐད་འགྲོས་ཀྱི་ཤན་ཤུགས་ཞུགས་པའི་སྐྱོན་གང་འཚམས་རེ་མངོན་ན་ཡང་། ཡིག་ནོར་ཉུང་ཞིང་གོ་དོན་བདེ་བླག་ཏུ་སྟེར་བ་སོགས་ལེགས་ཆ་མང་ཙམ་མཐོང་སོང་། འོན་ཀྱང་བོད་ཀྱི་བུ་མོ་ནི། ཚིག་སྦྱོར་མི་ལེགས་པའི་སྟེང་ཡིག་ནོར་གྱི་ཕུང་བོ་ཞིག་ཏུ་མཐོང་སོང་། དེ་དང་བསྡུར་ན། ༼འབྲུག་སྒྲ་༽ ལེགས་ཙམ་འཁྱོངས་འདུག གང་ལྟར་ཡང་དེབ་འདི་གསུམ་ཀློག་རྒྱུའི་སྐལ་པ་བྱུང་བ་ནི། སྒྱུར་པ་པོ་དབང་རྟ་མགྲིན་ལགས་ཁོང་གི་བཀའ་དྲིན་ཡིན་པས། ཡི་རང་དང་ཐུགས་རྗེ་ཆེ་གྲངས་མེད་ཞུ།
བོད་འགྱུར་འབྲུག་སྒྲ་ཀློག་གིན་ཡོད། དྲུང་པ་ཆོས་རྒྱམ་རིན་པོ་ཆེར། སེངྒེའི་ང་རོ། ཡེ་ཤེས་འཆོལ་བ། བོད་དུ་སྐྱེས་པ་སོགས་བརྩམས་ཆོས་མང་བ་ལས་བོད་འགྱུར་བྱས་ཡོད་པ་དེ་འདྲ་ཡོད་དམ། ཤེས་མཁན་ཚོས་ལན་རེ་གནང་རོགས།
ངེས་པར་གླེང་དགོས་པ་དག་གླེང་གིན་འདུག འདི་ནི་ཕན་ཚུན་ཡར་རྒྱས་གཏོང་ཐབས་ལེགས་ཤོས་དེ་ཡིན།
ངས་འགྲོ ངས་ལངས་ཟེར་བ་དེ་དག་དབུས་གཙང་གི་ཁ་སྐད་མིན་ནམ། དེ་ལྟར་བཤད་མཁན་མང་ག