ཆང་སྐྱེས།
ལས་དབང་བུ་མོ།
ཞལ་རས་དཀར་པོ་བཅོ་ལྔའི་ཟླ་བཞིན་རྒྱས།།
བྲང་གི་མྱོས་བུམ་དུང་དཀར་གཟུགས་སུ་འབུར།།
སྐད་ཆ་ཚིག་རེ་བར་ན་དགོད་སྒྲ་རེ།།
དགོད་སྒྲ་རེ་རེ་ནང་ན་དབྱངས་རྟ་རེ།།
མཚོ་མོ།
དེང་རབས་གོམ་སྟབས་མྱུར་མོའི་གྲུ་ཁ་ནས།།
སྲེད་པའི་ཟུར་མིག་འཇམ་པོ་ཕྱོགས་སུ་གཡོ།།
ས་སྲོད་མཚམས་སྤྲིན་དམར་བོའི་ཐུ་འོག་ན།།
སྐྲ་ལོ་རླུང་གིས་བསྐྱོད་བཞིན་ལམ་ལ་ཆས།།
ཨ་མདོ་བུ་མོ།
ཁ་ལྕེ་པད་མ་གཏམ་གྱི་བང་མཛོད་ནས།།
ཁ་བཙོག་དམར་པོའི་འདོད་གཏམ་ཤག་ཤག་བཞུར།།
མཚན་མོ་ཁེར་ཉལ་བྱེད་པའི་སུན་སྣང་ཁྲོད།།
ཨ་དགའ་ལྗང་ལྗང་ཟེར་བཞིན་ཡང་ཡང་གླེང་།།
དབྱངས་ཅན་ལྷ་མོ།
ལས་ཀ་སོང་ཡང་ཉལ་ནས་འདུག་པ་ལས།།
སེམས་འཁུར་ཅི་ཡང་མེད་པའི་འོས་འགན་ཞིག།
ལས་ཚོགས་གྲོལ་ཏེ་ཁྱིམ་ལ་ལོག་པ་ནས།།
ཨོང་ཤ་རིལ་རིལ་ས་ལ་འཇོག་དབང་མེད།།
གངས་དཀར་བཟང་མོ།
ཡིད་འཕྲོག་ལྷ་མོའི་སྒེག་ཉམས་སྟོན་ཁུལ་གྱིས།།
མཚམས་རེར་མ་གཏོགས་དྲྭ་ཞུགས་མི་བྱེད་ཀྱང་།།
ཁ་རུ་ཁ་གཏུགས་ཡིན་ན་བཟང་ཟེར་བཞིན།།
ཁོག་གི་གསང་བ་ཁ་ནས་མི་བཤད་ཐལ།།
རྩྭ་ཐང་བུ་མོ།
གནའ་བོའི་དབྱངས་རྟ་ཞིག་གི་ཁུགས་སོ་དང་།།
ལ་ཡེ་གསར་བ་ཞིག་གི་ཚིག་བར་ནས།།
ཁ་ལྕེ་དམར་པོའི་མདུད་པ་གྲོལ་བཞིན་དུ།།
སེམས་ཀྱི་སྐྱོ་གདུང་ཡུན་གྱིས་རླུང་ལ་བསྐུར།།
རེ་བའི་མིག་ཟུང་།
སྐྱ་རེངས་ཤར་ཏེ་ནམ་མཁའ་ལངས་པ་ན།།
དགོན་པའི་སྐོར་ལམ་བར་ན་ལྡེམ་སེ་ལྡེམ།།
ཉི་མ་ནུབ་སྟེ་མུན་པ་འཐིབས་པའི་རྗེས།།
སྐད་འཕྲིན་དྲྭ་ལམ་ངོས་ན་སྙིང་གཏམ་ཞོ།།
ལུག་རྫི་བུ་མོ།
ཧབ་ཆ་སྐག་སྐག་སྟོང་བའི་དབྱིངས་སུ་སྤུར།།
གཞས་ཆུང་སྙན་མོ་ཞིག་ཀྱང་ངག་ལ་འབྱར།།
གོས་དཀར་ལྷ་མོའི་མཚན་མིང་ཐོད་ལ་འཁུར།།
རྒད་པོ་ཟླ་རེ་མ་གཏོགས་རིག་གོ་མེད།།
མཚོ་འགྲམ་བུ་མོ།
ཉིན་དཀར་རྟ་ནོར་ལུག་གི་འཕེལ་ཁ་རྩིས།།
མཚན་མོ་ཟླ་བ་ཁེར་འགྲོའི་སུན་སྣང་རྒུམ།།
ཞི་མོའི་ཨ་ཕ་ཡུལ་ན་མེད་ཤུལ་ནས།།
སེམས་ལ་འདྲ་མིན་སྣ་ཚོགས་བཅོ་བརྒྱད་ཤར།།
མཚོ་སྐྱེས་གསེར་ཉ།
ཚེ་སྲོག་མྱུ་གུ་རྩྭ་ཐང་སྟེང་ན་འབུས།།
ལང་ཚོ་མེ་ཏོག་གྲོང་ཁྱེར་ཁྲོམ་ན་རྒྱས།།
སྐྱེས་པ་བཙན་པོ་ཞིག་གི་རྩིབ་ན་ལུས།།
དྲྭ་ཞུགས་བྱེད་རྒྱུར་ཉེན་ཁ་ཆེ་ས་རེད།།
སེམས་་དཀར་བུ་མོ།
ཁ་ཤ་འགུལ་ནས་ཁ་བརྡ་མི་བྱེད་རུང་།།
རྣ་བ་གཏད་ཏེ་ཉན་རྒྱུར་ཧ་ཅང་དགའ།།
མཚན་མོ་རྨི་ལམ་བཟང་བའི་ཕྱི་ཉིན་ལ།།
ཁ་བཙོག་འདྲེས་མའི་ཁ་བརྡ་ཏག་ཏག་ཡིན།།
བརྩེ་སེམས།
ཁོམ་པ་མེད་དང་སྟབས་བདེ་མ་རེད་སོགས།།
རྒྱུ་མཚན་རྐྱེན་ལ་འགལ་ས་རྐྱང་རྐྱང་ཡིན།།
ཨ་པུ་གཉིད་ལ་ཤོར་བའི་ལ་ཡོག་ནས།།
སྙིང་གི་མཛའ་བོར་གསང་བའི་འཕྲིན་པ་བསྐུར།།
གངས་རྒྱན་མེ་ཏོག
ཚེམ་བཟོ་འཕྲུལ་ཆས་ལག་ན་ཐག་ཐག་ཐག།
རླུང་རྟའི་དར་ལྕོག་མདུན་ན་ལྷབ་ལྷབ་ལྷབ།།
འཐེན་ཐུག་ཞིམ་པོ་ཞིག་གི་ཕོར་ཁ་ནས།།
ཁ་ཡག་སྙན་མོ་ཞིག་ཀྱང་འཁྱིལ་ནས་ཡོད།།