བདེ་སྐྱིད་དབང་མོ། (དཔེ་སྟོན་སློབ་གྲྭ འཛིན་གྲྭ དྲུག་པ། ཀ ལོ་༡༢)
ཉིས་སྟོང་ཉི་ཤུ་བསླེབས་བྱུང།།
རེ་བ་གསར་པ་ཞིག་ལ།།
གོམ་པ་མདུན་དུ་སྤོས་ཀྱང།།
ཆག་འཇིག་མགོ་ལ་ལྷུང་སོང།།
ཝུ་ཧན་གྲོང་གི་མེ་སྟག།།
འཛམ་བུ་གླིང་ལ་མཆེད་སོང།།
ཉམ་ཐག་འགྲོ་བའི་ལས་དབང།།
བཟློག་ཏུ་ཡོད་ན་བསམ་བྱུང།།
གཅེས་ཤིང་ཕངས་པའི་ཚེ་སྲོག།།
ཡ་ང་སྙིང་རྗེ་མེད་པར།།
ཁྱུར་མིད་བཏང་དང་གཏོང་བཞིན།།
ཕྱི་མའི་ཡུལ་ལ་བརྫངས་སོང།།
སྐྱོ་གདུང་རི་བོའི་རྔམས་འདི།།
བསྙིལ་ནས་རྫོགས་རྒྱུ་མི་འདུག།།
མིག་ཆུ་མཚོ་མོའི་ཀློང་འདི།།
བཅུས་ཀྱང་ཚར་རྒྱུ་མི་འདུག།།
ལྷ་གཅིག་དད་པས་སྒོམ་བཞིན།།
གཟུངས་གཅིག་ངག་གིས་བགྲང་བ།།
ནད་ཀྱིས་གདུང་བ་དག་ལ།།
ཅུང་ཟད་ཨེ་ཕན་དྲན་ཡོད།།
ཁ་བ་ཅན་གྱི་ཆོས་སྐལ།།
གཟུགས་ངག་མ་ཎི་ཡིག་དྲུག།།
ལས་འཕྲོ་ཅན་གྱི་མི་ཡི།།
ཕྱི་མའི་ལམ་རྒྱགས་མཛོད་ཅིག།།
ལྷ་གཅིག་ཕྱག་ན་པད་མོའི།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོས།།
སྐྱེ་བའི་ཚེ་རབས་ཕྲེང་བར།།
མི་འབྲལ་རྗེས་འཛིན་མཛོད་ཅིག།།