རིག་རྣམ། (དཔེ་སྟོན་སློབ་གྲྭ འཛིན་གྲྭ དྲུག་པ། རང་ལོ་༡༣)
ཉ་རྒྱས་ཟླ་བ་ནི་སྐེད་ཕྲའི་འཛུམ་མདངས་མངོན་པ་ཇི་བཞིན་སྤྲིན་རྡོག་གཅིག་ཀྱང་མེད་པའི་བར་སྣང་ཐོག་ཁྲ་ཚོམ་རྒྱུ་སྐར་དང་མཉམ་དུ་ནམ་མཁར་རྒྱན་བཞིན་འདུག རིམ་བཞིན་མཚན་མོ་འདས་ཏེ་སྐྱ་རེངས་ཀྱི་ཉི་གཞོན་དགུང་སྔོན་གྱི་དབྱིངས་སུ་མགྲོན་དུ་ཕེབས་པ་ན། འོད་ཟེར་གྱི་འདབ་མ་རེ་རེ་ས་གཞི་ཆེན་མོའི་པང་དུ་ལྷུང་བ་དང་ཆབས་ཅིག་བྱིའུ་ཆུང་འཇོལ་མོས་སྙན་འཇེབས་ལྡན་པའི་གསུང་སྙན་སྒྲོག་པ་སྒྲོག་པ་དང། བདག་ལས་ལས་ལངས་ཏེ་སྒེའུ་ཁུང་གི་ཕྱི་ལ་མགྲིན་པ་བསྲིངས་ནས་མཁའ་རླུང་གཙང་མ་རྔུབ་བཞིན་ཕྱི་རོལ་གྱི་ཡུལ་ལྗོངས་མིག་ཟུང་གིས་ལོངས་སྤྱོད་བྱེད་སྐབས་ཡངས་ཤིང་རྒྱ་ཆེ་བའི་མཁའ་དབྱིངས་སུ་བྱིའུ་འཕུར་སྐྱོད་བྱེད་མཁན་མེད་ཅིང་བགྲོད་ལམ་གྱི་སྟེང་དུ་མི་ཕར་འགྲོ་ཚུར་འགྲོ་བྱེད་མཁན་མཐོང་རྒྱུ་མི་འདུག བདག་མི་མེད་ལུང་སྟོང་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་བྱུང། དུས་ཚོད་ཅུང་ཙམ་ལས་མ་འདས་ཨ་མ་ལགས་ཀྱིས་ངག་འཇམ་ཞི་དུལ་གྱི་སྒོ་ནས་ཁོ་བོར་“བརྩེ་བའི་བུ་ཆུང། ད་ཡར་ལོངས། ཞོགས་ཇ་འཐུང་བར་ཕེབས་ཤོག”ཅེས་གསུངས་བྱུང། དེ་མ་ཐག་ངས་ཡར་ལངས་ཏེ་གཅེན་པོ་ཀུན་དགའ་ལགས་ལྷན་དུ་ཨ་མ་ལགས་ཀྱིས་འཇམ་མཉེན་རེག་བྱ་ལྡན་པའི་ཕྱག་ཟུང་གིས་བཟོས་པའི་བཅུད་ལྡན་ཞིམ་ཟས་ཡིད་ཚིམས་པ་ཞིག་བཟས་རྗེས་“ཕུགས་བསམ་”ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་འབྲི་འགོ་བརྩམས། ཕུགས་བསམ་ནི་མ་འོངས་པའི་མི་ཚེའི་མདུན་ལམ་གྱི་འཆར་གཞི་ལ་ཟེར། སྔར་སློབ་ཕྲུག་ཚོར་རང་ཉིད་ལ་ཕུགས་བསམ་ཞིག་ཡོད་ཀྱང་དེ་ལེགས་འགྲུབ་ཐུབ་པའི་ཆ་རྐྱེན་དང་ཁོར་ཡུག་མེད་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་དེང་སྐབས་སྔར་དང་གཏན་ནས་མི་འདྲ། དུས་ཚོད་འཕོ་འགྱུར་སོང་བཞིན་པ་སྟབས་བསྟུན་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དང་སྤྱི་ཚོགས་དྲ་རྒྱས་མིའི་བསམ་བློ་དང་འཚོ་བ་ལ་འགྱུར་ལྡོག་གཏོང་བཞིན་པའི་སྐབས་དེར། ཕྲུ་གུ་རྣམས་འཁྲུག་ཆ་དོད་པའི་འཁྲུལ་སྣང་གི་འཇིག་རྟེན་ཁྲོད་དུ་སྣང་བ་གཡེངས་ཏེ་ཕུགས་བསམ་གྱི་རྗེས་སུ་སྙེག་ཐུབ་མཁན་ཉིན་མོའི་སྐར་མ་ལས་དཀོན། དེ་བས་རང་ཉིད་ཀྱི་ཚེ་སྲོག་རིན་ཐང་ལ་མཐོང་ཆེན་མ་བྱེད་པར་རིན་བྲལ་དུས་ཚོད་ཆུད་ཟོས་སུ་བཏང་ནས་མི་ཚེ་ཆུད་ཟོས་སུ་གཏོང་གི་ཡོད། དེང་སང་འཛམ་གླིང་ཐོག་མིའི་རྣམ་དཔྱོད་ལས་འཁྲུངས་པའི་ཚན་རྩལ་ཤེས་བྱ་ཡར་རྒྱས་ཕྱིན་ཡོད། དེ་ནི་གཙོ་བོ་དུས་ཚོད་ལ་གཅེས་འཛིན་དང་ཕུགས་བསམ་ལྡན་པའི་མི་རྣམས་ཀྱི་བྱས་རྗེས་ཡིན། གང་ལགས་ཞེ་ན། མི་རྣམས་ལ་སེམས་ཅན་གཞན་དང་མི་འདྲ་བའི་ཕུགས་བསམ་དང་རྣམ་དཔྱོད་ལྡན་ཞིང་རང་ཉིད་ལ་མཁོ་བའི་འཕྲུལ་ཆས་སྣ་ཚོགས་བཟོ་ཐུབ་པའི་ནུས་པ་ཡོད། མི་སུ་འདྲ་ཞིག་ཡིན་རུང་ཕུགས་བསམ་མེད་ན་མུན་ནག་གི་ཁྲོད་དུ་ཁྱར་ཁྱོར་གྱི་གོམ་སྟབས་སྤོ་བཞིན་པ་དང་གཅིག་མཚུངས་རེད། ཕུགས་བསམ་ནི་ང་ཚོའི་སེམས་དང་བྲལ་
ཐབས་མེད། ཕུགས་བསམ་མེད་པའི་ཕྲུ་གུ་རྣམས་ཀྱིས་རང་རང་གི་སློབ་སྦྱོང་བྱེད་རྒྱུའི་རིན་ཆེན་གསེར་ལྟར་ཡོད་པ་དེ་ཆུད་ཟོས་སུ་བཏང་གི་ཡོད། ཕུགས་བསམ་མེད་ན་དེང་དུས་མི་རྣམས་སྔར་བཞིན་འདོད་མའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ལུས་ཡོད། དེར་བརྟེན་ཕུགས་བསམ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། མི་སུ་ཞིག་ཡིན་རུང་རང་ཉིད་ལ་ཡིད་དབང་འཕྲོག་པའི་ཕུགས་བསམ་རེ་ཡོད། ང་ལ་མཚོན་ན། ངའི་ཡིད་དབང་འཕྲོག་པའི་ཕུགས་བསམ་ནི་ནད་བཅོས་སྲུང་སྐྱོབ་བྱེད་མཁན་གྱི་སྨན་པ་ཞིག་བྱེད་འདོད་ཡོད། གང་ལགས་ཞེ་ན། བྱམས་སྙིང་རྗེ་ལྡན་པའི་སྨན་པ་ལྷ་རྗེ་ཡིས་ནད་ཀྱིས་མནར་བའི་ནད་པ་རྣམས་ལ་བརྟག་དཔྱད་དང་སྨན་བཅོས་གནང་བ་མ་ཟད། ཟས་གང་ལ་འཛེམས་དགོས་མིན་དང་ཆབས་ཅིག་མ་འོངས་པར་ནད་གཞི་གསར་པ་མ་ཕོག་པའི་ཆེད་དུ་ལམ་སྟོན་སློོབ་གསོ་གནང་གི་ཡོད། དེ་ལྟར་བྱེད་ཐུབ་ན། མི་ཚེ་དོན་དང་ལྡན་པ་ཞིག་རེད། ང་རང་བོད་པའི་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གི་དགོངས་གཞི་ལྟར་མི་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་པ་སྒྲུབ་པ་དང་ཕ་མའི་རེ་བ་ཆུད་ཟོས་བཏང་གི་མིན། དེ་ནི་ངའི་ཕུགས་བསམ་ཡིན། ཕྲུ་གུ་ཡོངས་ནས་སོ་སོའི་ཐོག་མའི་ཕུགས་བསམ་ནམ་ཡང་བརྗེད་རྒྱུ་མེད།