སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྱུར།
དགུ་པ། ཡེ་ཤུ་མ་ཤི་ཀའི་ལམ་སྟོན་གྱི་ཞན་ཆ།
ཡེ་ཤུ་མ་ཤི་ཀའི་ཕུལ་བྱུང་གི་མཛད་པའི་ཆ་ཁས་བླངས་རྗེས། ད་ཆ་ང་རང་ཉིད་ཀྱིས་ཡིད་ཆེས་བྱེད་མི་ཐུབ་པའི་ཡེ་ཤུའི་གསུང་རབ་ཁྲོད་ཀྱི་ཆེས་ཕུལ་བྱུང་གི་ཆར་བརྙད་པའི་གནད་དོན་འགའ་གླེང་འདོད་བྱུང་། ཡིན་ཡང་འདིར། ལོ་རྒྱུས་རང་བཞིན་གྱི་དྲི་བ་གཅིག་གླེང་རྒྱུ་མིན། དེ་ནི་ལོ་རྒྱུས་ཐོག་ནས་བལྟས་ན། ཡེ་ཤུ་མ་ཤི་ཀ་སྔོན་ཆད་བྱུང་ཡོད་མེད་ཐད་དོགས་པ་སྐྱེ་འོས་པ་ཞིག་རེད། གལ་ཏེ་ཁོང་བྱོན་ཡོད་རུང་། ང་ཚོས་ཁོང་གི་སྐོར་ཅི་ཡང་མི་ཤེས་པ་ཡང་ཡོང་སྲིད། དེར་བརྟེན། རྙོག་འཛིངས་ཆེ་བའི་བྱུང་རབས་རང་བཞིན་གྱི་དོགས་སློང་དེར་ངས་དབྱེ་ཞིབ་བྱེད་རྩིས་མེད། ངས་དོ་སྣང་བྱེད་ས་ནི་གསུང་རབ་ནང་གསལ་བའི་ཡེ་ཤུ་ཁོང་ཡིན། གསུང་རབ་ནང་ཇི་ལྟར་གསལ་བ་བཞིན་བྱས་ན། ཁོང་ནི་དེ་འདྲའི་བློ་གྲོས་ཅན་ཞིག་མིན་པའི་གནད་དོན་འགའ་ཡང་རྙེད་ངེས་ཡིན།
དེ་འདྲའི་གཅིག་ནི། ཁོང་གིས་ཁོང་ཐེངས་གཉིས་པ་ཕྱིར་འཇིག་རྟེན་དུ་ཕེབས་སྐབས། དེ་སྔའི་སྐུ་དུས་ཀྱི་མི་སུ་གཅིག་ཀྱང་མ་གྲོངས་སྔོན། ཁོང་སྤྲིན་གསེབ་ནས་གཟི་བརྗིད་དང་བཅས་ཏེ་བྱོན་པར་བཤད་ཡོད། དེའི་སྐོར་ཡིག་ཆ་ཚད་ལྡན་མང་པོ་ཞིག་གི་ཐོག་ནས་ར་སྤྲོད་བྱུང་ཡོད། དཔེར་ན། ཁོང་གིས་གསུང་དོན། “མི་ཡི་བུ་མ་སླེབས་བར། ཁྱོད་ཚོས་དབྱི་སི་རལ་གྲོང་ཁྱེར་བརྒྱུད་ནས་འགྲོ་མི་རུང་།” ཞེས་བཤད། དེ་ནས་ཁོང་གིས་གསུང་རྒྱུར། “འདིར་ཡར་ལངས་ནས་ཡོད་པའི་མི་འདི་དག་ནི། མི་ཡི་བུ་ཕྱིར་རང་གི་རྒྱལ་སར་མ་སླེབས་བར། འཆི་མི་ཐུབ་པ་དག་ཡིན།” ཞེས་གསུངས། ས་ཆ་མང་པོ་ཞིག་ཏུ། ཁོང་གིས་རང་ཉིད་ཐེངས་གཉིས་པ་ཕྱིར་ཕེབས་པ་དེ། ཁོང་གི་སྐུ་ཚེའི་རིང་གི་མི་མང་པོ་ཞིག་གི་དུས་སྐབས་སུ་སླེབས་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། འདི་ནི་ཁོའི་སྔ་དུས་ཀྱི་རྗེས་འབྲངས་པའི་དད་སེམས་ཡིན་ལ། ཁོའི་ཀུན་སྤྱོད་སློབ་སྟོན་གྱི་རྨང་གཞི་ཡང་ཡིན། ཁོང་གིས་“སང་ཉིན་གྱི་ཆེད་དུ་བསམ་བློ་མ་གཏོང་”ཞེས་པ་ལྟ་བུའི་སྐད་ཆ་བཤད་སྐབས། ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ཁོང་གིས་ཐེངས་གཉིས་པ་མགྱོགས་མྱུར་ངང་སླེབས་ངེས་ཡིན་པས། སྤྱིར་བཏང་གི་བྱ་བ་ཐམས་ཅད་གྲངས་ཀ་བརྩི་མི་དགོས་པར་བསྟན་ཡོད།
དོན་དངོས་ཐོག ངས་ངོ་ཤེས་པའི་ཡེ་ཤུ་ཆོས་ལུགས་བ་འགས། ཡེ་ཤུ་ཁོང་ཕྱིར་ཐེངས་གཉིས་པ་སླེབས་ལ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད། ངས་ངོ་ཤེས་པའི་ཡེ་ཤུའི་ཆོས་པ་ཞིག་གིས་འཇིགས་སྐྲག་ཆེན་པོའི་ངང་ནས། ཁོང་གིས་རང་གི་ཚོགས་མིའི་ཁྲོད་དུ། ཡེ་ཤུ་ཁོང་ཐེངས་གཉིས་པར་ཕེབས་རྒྱུ་དེ་དངོས་གནས་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་འདུག་ཅེས་བཤད། འོན་ཀྱང་ཁོ་ཚོས་ཁོས་མེ་ཏོག་ལྡུམ་རའི་ནང་དུ་སྡོང་བོ་འཛུགས་བཞིན་པ་ཤེས་སྐབས། ཁོ་ཚོར་སེམས་གསོ་ཆེན་པོ་ཐོབ། སྔ་དུས་ཀྱི་ཡེ་ཤུ་ཆོས་ལུགས་པས་དེར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། དེར་བརྟེན། ཁོ་ཚོས་སྐྱེད་ཚལ་དུ་ལྗོན་ཤིང་མི་འཛུགས་པར་ཁོང་ཚོས་ཡེ་ཤུ་མ་ཤི་ཀ་ཡང་བསྐྱར་ཕེབས་རྒྱུར་དད་སེམས་ཀྱིས་བསྒུག་ཡོད། དེའི་ཐད་ནས་ཁོ་ནི་མི་གཞན་དག་ནང་བཞིན་སྤྱང་གྲུང་ལྡན་ཞིག་མ་རེད་ལ། ཕུལ་བྱུང་གི་རྣམ་དཔྱོད་ཅན་ཞིག་དེ་བས་ཀྱང་མ་རེད།