སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྱུར།
བཅུ་པ། ཀུན་སྤྱོད་ཀྱི་སྐྱོན་ཆ།
དེ་ནས། ཁྱོད་ཀྱིས་ཀུན་སྤྱོད་སྐོར་འདྲི་ངེས། ངའི་བསམ་པར། ཡེ་ཤུ་མ་ཤི་ཀས་དམྱལ་བ་ལ་ཡིད་ཆེས་བྱས་པ་དེ་ནི་ཁོང་གི་ཀུན་སྤྱོད་ཐད་ཀྱི་སྐྱོན་ཆ་ཚབས་ཆེན་ཞིག་ཡིན། ངས་བལྟས་ན། དངོས་ཡོད་གནས་སྟངས་ལ། མི་ཆོས་ཀུན་སྤྱོད་ཀྱི་འདུ་ཤེས་བརྟན་པོ་ཡོད་པའི་མི་སུས་ཀྱང་། ཉེས་ཆད་ནི་ལེགས་བཅོས་ཀྱི་ཐབས་ལམ་ཞིག་ཡིན་པར་ཡིད་ཆེས་བྱེད་མི་སྲིད་པར་འདོད། འོན་ཀྱང་། དམ་པའི་གསུང་རབ་ནང་བརྗོད་པ་ལྟར། ཡེ་ཤུ་མ་ཤི་ཀ་ནི་དུས་ནམ་ཡིན་ཡང་ཆད་པ་གཅོད་རྒྱུར་དགའ་བོ་ཡོད་པས། ཁོའི་གསུང་ཆོས་ལ་ཉན་འཇོག་མི་བྱེད་མཁན་གྱི་མི་ལ་ཁོང་ཁྲོ་དང་། འཁོན་ལན་སློག་འདོད་པ་དེ་འདྲ་ནི། སྤྱིར་བཏང་གི་ཆོས་གསུང་མཁན་ཁྲོད་ཧ་ཅང་མཐོང་དཀོན་པོ་ཞིག་རེད། དེར་བརྟེན། ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། གནད་དོན་འདིས་ཡེ་ཤུ་རང་ཉིད་ཀྱི་ཕུལ་བྱུང་གི་བཟང་སྤྱོད་ལ་འགོག་རྐྱེན་བཟོས་ཡོད། ཁྱོད་ཀྱིས་སོ་ཁ་ར་ཐིའི(1)་ཐོག་ནས་དེ་འདྲའི་སྤྱོད་ཚུལ་ཞིག་གཏན་ནས་རྙེད་མི་སྲིད། ཁྱོད་ཀྱིས་ཁོའི་མི་ཚེ་ལས་རྙེད་ཐུབ་པ་ནི། ཁོང་ནི་ཁོ་རང་གི་སྐད་ཆ་ཉན་མི་འདོད་པའི་མི་དེ་དག་ལའང་ཞི་འཇམ་དང་བརྩི་བཀུར་བྱེད་མཁན་ཞིག་ཡིན་པ་དེ་རེད།
ངས་བལྟས་ན། ལངས་ཕྱོགས་འདི་ལག་བསྟར་བྱས་པ་ནི་འཁོན་འཛིན་གྱི་ཕྱོགས་སུ་གོམ་པ་སྤོས་པ་ལས་ཁྱད་དུ་འཕགས་པ་ཞིག་རེད། ཁྱེད་ཚོས་ཕལ་ཆེར་སོ་ཁི་ར་ཐི་གྲོངས་ཁར་བཤད་པའི་སྐད་ཆ་དེ་དག་དང་། དེ་བཞིན་ཁོང་གིས། ནམ་རྒྱུན་ཁོང་ལ་དགའ་མོས་མེད་པའི་མི་དེ་དག་གིས་བཤད་པའི་སྐད་ཆ་དག་དྲན་ངེས། ད་དུང་། ཁྱེད་ཚོས་ཡེ་ཤུ་མ་ཤི་ཀའི་གསུང་རབ་ནང་ནས་འདི་འདྲ་ཡང་རྙེད་ཐུབ། ཁྱེད་ཚོ་དུག་སྦྲུལ་རེད། (2) དུག་སྦྲུལ་གྱི་སྐྱེ་རྒྱུད་ནས་ཇི་ལྟར་ཐར་ཐུབ་བམ་ཞེས་འཇིགས་སྣང་བསླངས་ཡོད། ངས་ནི་སྐད་ཆ་དེ་དག་དེ་འདྲའི་ཡག་པོ་ཞིག་ཏུ་མཐོང་མ་སོང་། ད་དུང་དམྱལ་བ་དང་འབྲེལ་བའི་སྐད་ཆ་མང་པོ་ཡོད། ཚང་མར་རྒྱུས་མངའ་ཡོད་པའི་ཡིག་དུམ་འདི་ལྟ་བུ་ཞིག་ཀྱང་ཡོད་པ་སྟེ། དཀོན་མཆོག་གི་དགོངས་པར་རྒོལ་བའི་ནག་ཉེས་སྐོར་རེད།(3) དཀོན་མཆོག་གི་ཐུགས་དགོངས་ལ་ངོ་རྒོལ་བྱེད་མཁན་རྣམས་འཛམ་གླིང་འདི་དང་། འབྱུང་འགྱུར་གང་དུའང་གུ་ཡངས་གཏན་ནས་གཏོང་གི་མ་རེད། ཅེས་གསུངས་ཡོད། ཚིག་དུམ་འདིས་འཛམ་གླིང་སྟེང་བརྗོད་དཀའ་བའི་སྡུག་བསྔལ་བཟོས་ཡོད། རྒྱུ་མཚན་ནི་མི་མང་བོ་ཞིག་གིས། ཁོང་ཚོས་དཀོན་མཆོག་གི་དགོངས་པ་དང་འགལ་བའི་ཉེས་པ་བཟོས་སོང་སྙམ་པར་མ་ཟད། དེང་གི་དུས་འདི་དང་། མ་འོངས་པ་གང་དུའང་ཁོང་གིས་ཐར་བར་གཏོང་མི་སྲིད་སྙམ་པའི་སེམས་ངལ་དཔག་ཏུ་མེད་པ་བསྐྲུན་ཡོད། ངའི་འདོད་ཕྱོགས་ནི་དེ་དང་རྦད་དེ་ལོགས་ཀ་ཞིག་ཡིན། སེམས་བཟང་ཅན་གྱི་མི་ཞིག་གིས་འཛམ་གླིང་འདིར་འཇིགས་སྣང་དང་། དངངས་སྐྲག་འཁྱེར་ཡོང་མི་སྲིད། ད་དུང་ཡེ་ཤུ་མ་ཤི་ཀས་བཤད་རྒྱུར། སྐྱེས་བུ་རང་ཉིད་ཀྱི་གཅེས་པའི་བུ་ཕོ་ཉར་མངགས་ཏེ། ཁོང་ཚོས་རྒྱལ་ཁབ་ཕྱི་རོལ་གྱི་ཉེས་ཅན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མེ་འོབས་ནང་གཡུག་དགོས། དེར་འོ་དོད་དང་སོ་འཆའ་བའི་སྒྲ་ཡོད་ངེས་ཡིན། (4) དེ་ནས་ཁོས་འོ་དོད་དང་སོ་འཆའ་བའི་སྐོར་བཤད། འོ་དོད་དང་སོ་འཆའ་བ་ནི་སྙན་ངག་མང་པོ་ཞིག་གི་ནང་དུ་ཡང་བྱུང་བས་ཀློག་པ་པོ་རྣམས་ཀྱི་ངོས་ནས་བལྟས་ན་དེ་ནི་རྒྱུས་ཡོད་ལྟ་བུ་ཞིག་རེད། མྱ་ངན་གྱི་གནས་སྟངས་མཚོན་སྐབས་སུ་དེར་ཡང་སྤྲོ་སྣང་ལྟ་བུ་ཞིག་ཡོང་གི་ཡོད། དེ་ལྟར་མིན་ན། བརྗོད་ཚིག་དེ་རིགས་ཡང་ཡང་ཡོང་དགོས་དོན་མེད།
བཤད་མི་དགོས་པ་ཞིག་ལ། ཁྱོད་ཚོ་ཚང་མས་དམ་པའི་གསུང་རབ་ནང་གསལ་བའི་ར་ལུག་གཉིས་དྲན་ངེས་རེད། ཐེངས་གཉིས་པར་ལུག་དང་ར་མ་གཉིས་དབྱེ་བ་འབྱེད་སྐབས། ཁོང་གིས་ར་མ་ལ“ཁྱོད་ཀྱིས་དམོད་པ་བོར་སོང་། ང་དང་ཁ་བྲལ་ནས། མཐའ་དང་མུ་མེད་པའི་མེ་ལྕེའི་ཀློང་དུ་སོང་ཟེར། ཁོང་གིས་ད་དུང་མུ་མཐུད་ནས་“དེ་དག་ཚང་མ་མཐའ་དང་མུ་མེད་པའི་མེ་ལྕེའི་ཀློང་ནས་ཡལ་བར་འགྱུར་ཟེར། (5) དེ་ནས་ཁོང་གིས་ཡང་སྐྱར་བཤད་རྒྱུར། “ཁྱེད་ཀྱི་ལག་པས་ཁྱོད་ལ་གནོད་སྐྱེལ་ཚེ་དེ་གཉིས་བཅད་ནས་དབང་པོ་སྐྱོན་ཅན་གྱི་ཁྲོད་དུ་ཞུགས་པ་ཡིན་ན། དེ་ནི་ལག་པ་གཉིས་ཅན་ཞིག་རྒྱུན་ཆད་མེད་པར་འབར་བཞིན་པའི་དམྱལ་བའི་མེ་འོབས་སུ་སོང་བ་ལས་ཡག་གི་རེད། དེ་ལྟར་བྱས་ན། ཁྱེད་ཉིད་འབུ་ཡིས་མི་ཟ་ཞིང་། དམྱལ་བའི་མེ་ཡང་མི་གསོད་པ་ཡིན་ཞེས་ཁོང་གིས་སྐད་ཆ་འདི་ཡང་ཡང་བསྐྱར་བཟློས་བྱས། (6) ངས་བལྟས་ན། གཞུང་ལུགས་འདི་དག་ཐམས་ཅད་དང་། དམྱལ་བའི་མེ་ལྕེ་ནི་ནག་ཉེས་ཤིག་གི་ཁྲིམས་གཅོད་དང་། དེ་ནི་གདུག་རྩུབ་ཆེ་བའི་ལུང་ཚིག་ཅིག་རེད།
གདུག་རྩུབ་ཆེན་པོའི་སྒོ་ནས་འཛམ་གླིང་ཐོག་བཞག་སྟེ་མི་རབས་ནས་མི་རབས་བར་མི་རྣམས་ལ་གདུག་རྩུབ་ཆེན་པོས་མནར་གཅོད་གཏོང་བྱེད་ཅིག་ཆགས་ཡོད། དམ་པའི་གསུང་རབ་ནང་གི་ཡེ་ཤུ་ལགས། གལ་ཏེ། ཁྱེད་རང་གིས་ཁོང་(དཀོན་མཆོག)། ཁོང་རང་གི་ལོ་རྒྱུས་ཀྱི་ཚབ་མཚོན་ཞིག་ཏུ་ངོས་འཛིན་བྱེད་ན། དེའི་ཐད་འགན་ཞིག་ཡོད་པར་ངོས་འཛིན་བྱེད་དགོས་ངེས་རེད། ད་དུང་ཅུང་གལ་གནད་ཆུང་བའི་དཔེ་ཡང་ཡོད་དེ། མི་ཞིག་གི་ཁོག་ཏུ་ཞུགས་པའི་གདོན་འདྲེའི་ཁྱུ་ཚོགས་དེ་ཕག་པ་མང་པོའི་ཁོག་ཏུ་ཞུགས་བཅུག་ནས་མཐར་གདོན་འདྲེ་ཞུགས་པའི་ཕག་པ་རྣམས་གཏིང་དཔོག་དཀའ་བའི་རྒྱ་མཚོ་ཆེན་པོའི་ནང་མཆོང་དུ་བཅུག་པ་དེ་ནི་ཕག་པ་ཚོར་མཚོན་ན་སེམས་བཟང་གི་བྱ་བ་ཞིག་ག་ལ་ཡིན། (7) འདི་ནས་ཁྱོད་ཀྱིས་ངེས་པར་དུ་ཡིད་ལ་འཛིན་དགོས་པ་ཞིག་ནི། གདོན་འདྲེ་དེ་རིགས་ནི་ཧ་ཅང་གི་ནུས་མེད་ཅིག་ཡིན་སྟབས། སྟོན་པ་ཡེ་ཤུས་གདོན་འདྲེ་དེ་ཚོ་མི་དང་ཁ་བྲལ་ནས་འགྲོ་རུ་འཇུག་ཆོག་མོད།
ཡིན་ན་ཡང་། ཁོང་གིས་དེ་དག་ཕག་པའི་ཁོག་ཏུ་འཇུག་རྒྱུར་ཐག་བཅད་པ་རེད། ད་དུང་སེ་འབྲུའི་སྡོང་བོའི་སྐོར་གྱི་ངོ་མཚར་གཏམ་རྒྱུད་ཅིག་ཡོད་པ་དེས་རྟག་ཏུ་ང་ལ་ཐེ་ཚོམ་བསྐྱེད་པར་བྱེད། ཁྱོད་ཀྱིས་བསེ་འབྲུའི་སྡོང་བོ་དེར་ཅི་ཞིག་བྱུང་བ་དྲན་ནམ། ཉིན་ཞིག ཁོང་ལྟོགས་པའི་གནས་སྐབས་སུ། ཁོས་རྒྱང་རིང་ཞིག་ནས་སེ་འབྲུའི་སྡོང་བོ་ཞིག་མཐོང་། (8) ཁོས་སེ་འབྲུའི་སྡོང་བོ་དེ་ལས་ཅིག་རྙེད་ཐུབ་རེ་བྱས། མཐར་ཁོང་དངོས་སུ་དེར་སླེབས་སྐབས་ལོ་མ་ཙམ་ལས་ཅི་ཡང་མ་རྙེད། གང་ལགས་ཤེ་ན། ཤིང་འབྲས་སྨིན་པའི་དུས་སུ་སླེབས་མེད་པས་རེད། ཡེ་ཤུ་ཡིས་“དུས་ནམ་ཡང་ཁྱོད་ཀྱི་སིལ་ཏོག་ཟ་མཁན་མེད་པར་ཤོག་ཅེས་དམོད་བོར།
དེ་རྗེས། པེའུ་ཊེར་གྱིས་གཙོ་བོ་ཡེ་ཤུ་ལགས། གཟིགས་དང་། ཁྱོད་ཀྱིས་དམོད་བོར་བས་སེ་འབྲུའི་སྡོང་བོ་སྐམ་སོང་ཞེས་བཤད། དེ་ནི་ཡ་མཚན་ཆེ་བའི་གཏམ་རྒྱུད་ཅིག་རེད། གང་ལགས་ཤེ་ན། སྐབས་དེ་དུས་ནི་སེ་འབྲུ་སྐྱེ་བའི་དུས་མིན་སྟབས། ཁྱེད་ཀྱིས་ཤིང་སྡོང་ལ་ལེ་བདའ་བྱེད་ཐབས་མེད། ང་རང་ཉིད་ལ་མཚོན་ནས་བཤད་ན། ཡེ་ཤུ་མ་ཤི་ཀ་ནི་རྣམ་དཔྱོད་དང་། བཟང་སྤྱོད་གང་གི་ཐད་ནས་ཀྱང་། འཇིག་རྟེན་འདིའི་བྱུང་རབས་ནང་གསལ་བའི་མི་གཞན་ལས་ལྷག་པའམ། དེ་དག་གི་གོང་དུ་སླེབས་ཡོད་པ་ཞིག་ཏུ་ཚོར་གྱི་མི་འདུག ངས་བསམ་ན། གོང་གི་གནད་དོན་དེ་གཉིས་ཀྱི་སྟེང་ནས་སངས་རྒྱས་དང་། སོ་ཁ་ར་ཐི་གཉིས་ནི་ཡེ་ཤུ་ལས་ལྷག་པའི་གུས་བཀུར་ཞུ་འོས་ངེས་སུ་མཐོང་།
གཤམ་མཆན་འདི་དག་ལས་ ༢ ནས་ ༨ པ་བར་ཡེ་ཤུའི་གསུང་རབ་ནས་དྲངས་པ་ཡིན།
1) Socrate.གྷི་རིག་གི་གནའ་བོའི་མཚན་ཉིད་རིག་པ་བ་དང་། ནུབ་ཕྱོགས་མཚན་ཉིད་རིག་པའི་སྲོལ་བཏོད་མཁན། ད་དུང་ནུབ་ཕྱོགས་ཀྱི་ཀུན་སྤྱོད་རིག་པའི་བློ་འབྱེད་ཆེན་མོ་དང་། ཀུན་སྤྱོད་མཚན་ཉིད་རིག་པ་བ་ཆེས་ཐོག་མ་བཅས་ཡིན། ཁོང་ནི་ཕྱི་ལོའི་སྔོན་གྱི་ལོ་ ༤༧༠ འཁྲུངས་ཤིང་། དགུང་ལོ་ ༧༡ ཕྱི་ལོའི་སྔོན་གྱི་ལོ་ ༣༩༩ ལ་གྲོངས།
2) ཁྱོད་ཚོ་སྦྲུལ་གྱི་རིགས་རྒྱུད་རྣམས། དམྱལ་བའི་ཉེས་ཆད་ལས་ཇི་ལྟར་ཐར་བར་འགྱུར། དེའི་ཕྱིར་ལེགས་པར་ཉོན། ངས་ལུང་སྟོན་པ་དང༌། ཤེས་རབ་ཅན་དང༌། ཆོས་ཁྲིམས་ལ་མཁས་པའི་མི་ཁྱོད་ཚོའི་སར་ལམ་སྟོན་པར་གཏོང་གི་ཡིན།
3) ངས་ཁྱོད་ཚོར་བདེན་དོན་ཞིག་ཤོད་རྒྱུར། དཀོན་མཆོག་གིས་མིའི་སྡིག་སྒྲིབ་སྤྱི་དང་ཡང་སྒོས་སྐུར་འདེབས་བྱེད་མཁན་གྱི་སྡིག་སྒྲིབ་ཀྱང་སེལ་ཐུབ་མོད། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་དེར་དུས་ནམ་ཡང་སྡིག་སེལ་མི་འཐོབ་པར། གཏན་དུ་ཉེས་ཆད་འཁུར་དགོས་སོ།།”ཞེས་གསུངས། ཁོང་གིས་འདི་ལྟར་གསུང་དོན་ནི། མི་མང་པོ་ཞིག་གིས། ཁོང་ཉིད་གདོན་འདྲེ་མི་གཙང་བས་བཟུང་འདུག་ཅེས་བཤད་པའི་རྐྱེན་གྱིས་སོ།།
4) དཔེ་གཞན་ཞིག་ཁོ་ཚོར་བསྟན་ཏེ་“དཀོན་མཆོག་གི་རྒྱལ་སྲིད་ནི་རང་གི་ཞིང་ཁར་ས་བོན་བཟང་པོ་འདེབས་མཁན་དང་འདྲ་བ་ཡིན། འོན་ཀྱང་། མི་རྣམས་གཉིད་ཁུག་དུས་ཁོའི་དགྲ་བོ་ཡོང་ནས་གྲོ་ཡི་ཁྲོད་དུ་རྩྭ་ངན་བཏབ་ནས་ཕར་སོང༌། གྲོའི་མྱུ་གུ་ཐོན་ནས་འབྲས་བུ་སྨིན་སྐབས། རྩྭ་ངན་དེ་ཡང་མངོན། ཞིང་བདག་གི་གཡོག་པོ་རྣམས་ཡོང་ནས་ཁོང་ལ། སྐུ་ཞབས་ལགས། ཁྱེད་ཀྱི་ཞིང་ཁར་ས་བོན་བཟང་པོ་མ་བཏབ་བམ། རྩྭ་ངན་འདི་ཚོ་གང་ནས་བྱུང་ཞེས་སྨྲས། དེའི་ལན་དུ་ཁོང་གིས། དགྲ་བོ་ཞིག་གིས་བྱས་པ་ཡིན་ངེས་ཟེར། གཡོག་པོ་རྣམས་ཀྱིས་ཁོང་ལ། ང་ཚོ་ཕྱིན་ནས་རྩྭ་ངན་དགོག་གམ་ཞེས་སྨྲས། བདག་པོས་དེ་ལྟར་མ་བྱེད་ཅིག གང་ཡིན་ཞེ་ན། གྲོ་དང་རྩྭ་ངན་གཉིས་ཀ་དགོག་ཉེན་ཡོད། ལོ་ཏོག་མ་སྨིན་པའི་བར་དུ་དེ་གཉིས་མཉམ་དུ་སྐྱེ་རུ་ཆུག ལོ་ཏོག་བརྔ་རན་པའི་དུས་སུ་ངས་བརྔ་མཁན་རྣམས་ལ། སྔོན་ལ་རྩྭ་ངན་བསྒྲུགས་ནས་མེར་སྲེག་གཏོང་ཕྱིར་ཆུན་པོར་ཆིངས་ཤིག དེ་ནས་གྲོའི་རིགས་ངའི་བང་མཛོད་དུ་བསྡུས་ཤིག་ཅེས་སྨྲ་བར་བྱ་”ཞེས་གསུངས། ཡང་། ཡེ་ཤུ་མ་ཤུ་ཀས། རྩྭ་ངན་གྱི་དཔེའི་དོན་གསུངས་པ། དེ་ནས་མི་ཚོགས་དང་ཁ་བྲལ་ཏེ་ཁོང་ཁང་པའི་ནང་ལ་ཕེབས། ཉེ་གནས་རྣམས་ཁོང་གི་མདུན་དུ་ཡོང་ནས་“ཞིང་ཁའི་རྩྭ་ངན་གྱི་དཔེ་དེ་ང་ཚོར་གསལ་བཤད་ཅིག་གནང་རོགས་”ཞེས་ཞུས། ཁོང་གིས། “ས་བོན་འདེབས་མཁན་ནི་མིའི་རིགས་ཀྱི་བུ་ཡིན། ཞིང་ཁ་ནི་འཇིག་རྟེན་ཡིན། ས་བོན་བཟང་པོ་ནི་རྒྱལ་སྲིད་ཀྱི་བུ་རྣམས་ཡིན། རྩྭ་ངན་ནི་བདུད་ཀྱི་བུ་རྣམས་ཡིན། རྩྭ་ངན་འདེབས་མཁན་ནི་བདུད་ཡིན་ཞིང༌། ལོ་ཏོག་བརྔ་བ་ནི་དུས་ཀྱི་མཐའ་མ་ཡིན། བརྔ་མཁན་རྣམས་ནི་དཀོན་མཆོག་གི་ཕོ་ཉ་ཡིན། རྩྭ་ངན་བསྒྲུགས་ནས་མེས་སྲེག་གཏོང་བ་བཞིན། དུས་ཀྱི་མཐའ་མ་ལ་ཡང་དེ་ལྟར་འབྱུང་བར་འགྱུར་ངེས་ཡིན། མིའི་རིགས་ཀྱི་བུ་ཡིས་རང་གི་ཕོ་ཉ་མངགས་ཏེ་རང་གི་རྒྱལ་སྲིད་ཀྱི་ནང་ནས་ཁོ་ཚོས་སྡིག་པའི་རྒྱུ་དང་ངན་པ་བྱེད་མཁན་ཐམས་ཅད་བསྒྲུགས་ནས། མེ་ལྕེ་དང་ལྡན་པའི་ཐབ་ལ་འཕེན་པར་འགྱུར། ས་ཆ་དེར་ངུ་སྐད་དང་སོ་འཆའ་བའི་སྒྲ་འབྱུང་བར་འགྱུར། དེ་ནས་ཁོང་ཚོའི་ཡབ་ཀྱི་རྒྱལ་སྲིད་ལ་དྲང་ཚུགས་ལྡན་པ་རྣམས་ནི་ཉི་མ་ལྟར་གསལ་བར་འཕྲོ་བར་འགྱུར་གསུངས།
5) མིའི་རིགས་ཀྱི་བུ་ནི་ཕོ་ཉ་དང་བཅས་གཟི་བརྗིད་དང་ལྡན་པར་འབྱོན་པའི་སྐབས་སུ། རང་གི་གཟི་བརྗིད་ལྡན་པའི་བཞུགས་ཁྲི་ལ་བཞུགས་པར་འགྱུར་ཞིང༌། མི་རིགས་ཐམས་ཅད་ཁོང་གི་མདུན་དུ་བསྡུས་ནས། ལུག་རྫིས་ར་རྣམས་ལས་ལུག་རྣམས་སོ་སོར་ཇི་ལྟར་དགར་བ་བཞིན། ཁོང་གིས་ཀྱང་དེ་ལྟར་བྱས་ནས། ལུག་རྣམས་ཁོང་གི་གཡས་ཕྱོགས་དང༌། ར་རྣམས་ཁོང་གི་གཡོན་ཕྱོགས་སུ་བཞག དེ་ནས་རྒྱལ་པོས་གཡས་ཕྱོགས་སུ་ཡོད་པ་རྣམས་ལ། ངའི་ཡབ་ཀྱིས་བྱིན་གྱིས་རླབས་པ་ཁྱོད་རྣམས། ཤོག་ལ། འཇིག་རྟེན་བཀོད་པ་ནས་ཁྱོད་ཚོའི་ཕྱིར་བཤམས་པའི་རྒྱལ་སྲིད་ཟུང་ཞིག རྒྱུ་མཚན་ནི། ཁྱོད་ཀྱིས་ང་ལྟོགས་པ་ལ་ཟས་སྟེར། སྐོམ་པ་ལ་བཏུང་བ་སྟེར། ངོ་མི་ཤེས་ན་ཡང་གནས་ཚང་གཡར། གོས་མེད་པ་ལ་གོས་སྟེར། ན་བ་ལ་བདག་སྐྱོང་བྱས། བཙོན་ཁང་ལ་ཡོད་པ་ལ་ང་མཇལ་བར་ཡོང་ཞེས་གསུང་བར་འགྱུར། དེ་ནས་དྲང་ཚུགས་ལྡན་པ་རྣམས་ཀྱིས། གཙོ་བོ་ལགས། ངེད་རྣམས་ཀྱིས་ཁྱེད་བཀྲེས་པའམ། སྐྱེམས་པ། ཞལ་མི་ཚོས་པའམ། གོས་མེད་པར་མཐོང་སྟེ། ཞལ་ཟས་སམ། སྐྱེམས། གནས་ཚང་ངམ། ན་བཟའ་ག་དུས་ཕུལ། ཡང་། ན་བའམ། བཙོན་ཁང་ལ་མཐོང་སྟེ་ག་དུས་མཇལ་བར་ཡོང་ཞེས་ལན་འདེབས་པར་འགྱུར། རྒྱལ་པོས་ཁོང་རྣམས་ལ། ངས་ཁྱོད་ཚོར་བདེན་པར་བརྗོད་རྒྱུར། ཁྱོད་ཚོས་ངའི་སྤུན་ཟླ་ཆུང་ཤོས་འདི་རྣམས་ཀྱི་ནང་ནས་གཅིག་ལ་ཡང་དེ་ལྟར་བྱས་པ་ཙམ་གྱིས། ང་ལའང་བྱས་ཞེས་གསུངས། དེ་ནས་ཁོང་གིས་གཡོན་ཕྱོགས་སུ་ཡོད་པའི་ར་རྣམས་ལ། དམོད་པ་ཕོག་པ་ཁྱོད་ཚོ། ངའི་མདུན་ནས་བདུད་རྒྱལ་དང་ཁོའི་ཕོ་ཉ་རྣམས་ཀྱི་ཆེད་དུ་བཤམས་ཏེ་གསོད་པར་མི་བྱེད་པའི་མེའི་ནང་ཕར་རྒྱུགས་ཤིག རྒྱུ་མཚན་ནི། ཁྱོད་ཀྱིས་ང་ལྟོགས་པ་ལ་ཟས་མ་སྤྲད། སྐོམ་པ་ལ་བཏུང་བ་མ་སྟེར། ངོ་མི་ཤེས་པ་ལ་གནས་ཚང་མ་གཡར། གོས་མེད་པ་ལ་གོས་མ་སྤྲད། ན་བ་ལ་བདག་སྐྱོང་བྱས། བཙོན་ཁང་དུ་ཡོད་པ་ལ་མཇལ་བར་མ་འོང་ཞེས་གསུངས། དེ་ནས་ཁོ་ཚོས་ཀྱང༌། གཙོ་བོ་ལགས། ངེད་ཀྱིས་ཁྱེད་བཀྲེས་པའམ། སྐོམ་པ། ངོ་མི་ཤེས་པའམ། གོས་མེད་པ། ན་བའམ། བཙོན་ལ་ཡོད་པར་མཐོང་ནས་ག་དུས་བདག་སྐྱོང་མ་བྱས་སམ་ཞེས་ཟེར་བར། ལན་དུ་ཁོང་གིས། ངས་ཁྱོད་ཚོར་བདེན་པར་བརྗོད་རྒྱུར། ཁྱོད་ཚོས་ཆུང་ཤོས་འདི་རྣམས་ཀྱི་ནང་ནས་གཅིག་ལ་ཡང་དེ་ལྟར་མ་བྱས་པ་ཙམ་གྱིས། ང་ལའང་མ་བྱས་པ་ཡིན་ཞེས་གསུངས། དེ་ནས་འདི་རྣམས་མཐའ་མེད་པའི་ཆད་པར་འགྲོ་བར་འགྱུར་ལ། དྲང་ཚུགས་ལྡན་པ་རྣམས་དཔག་ཏུ་མེད་པའི་ཚེ་ལ་འགྲོའོ།།”ཞེས་གསུངས་སོ།།
6) དེ་ནས་ཡེ་ཤུས།“མི་སུ་ཞིག་གིས་ང་ལ་དད་པ་བྱེད་པའི་བུ་ཕྲུག་འདི་ཚོ་ལས་གཅིག་བསླུ་བར་བྱས་ན། མི་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་ཞིག་བཏགས་ནས་རྒྱ་མཚོའི་ནང་དུ་གཡུག་ན་ལེགས། དཔེར་ན། གལ་ཏེ། ཁྱེད་ཀྱི་ལག་པས་ཁྱེད་བསླུ་བར་བྱས་ན། ལག་པ་དེ་ཆོད་ཅིག ཁྱེད་རང་ལག་པ་གཉིས་དང་ལྡན་ཏེ་དམྱལ་བར་མཐའ་མེད་པའི་མེ་རུ་འཇུག་པ་ལས། ལག་རྡུམ་དུ་གྱུར་ཡང་ཚེ་དཔག་ཏུ་མེད་པར་འཇུག་པ་དེ་ལེགས། གལ་ཏེ། ཁྱེད་ཀྱི་རྐང་པས་ཁྱེད་ལ་སྡིག་ཉེས་བྱེད་དུ་བཅུག་ན། རྐང་པ་དེ་ཆོད་ཅིག རྐང་པ་གཉིས་དང་ལྡན་པར་དམྱལ་བའི་གནས་སུ་འཇུག་པ་ལས། ཞ་བོར་གྱུར་ཡང་ཚེ་དཔག་ཏུ་མེད་པ་ཐོབ་པ་དེ་ལེགས། གལ་ཏེ། ཁྱེད་ཀྱི་མིག་གིས་ཁྱེད་བསླུ་བར་བྱས་ན། མིག་དེ་བཏོན་ནས་དོར་ཅིག ཁྱེད་རང་མིག་ཟུང་དང་ལྡན་པར་དམྱལ་བའི་གནས་སུ་འཇུག་པ་ལས། མིག་ཡ་གཅིག་མེད་ནའང་དཀོན་མཆོག་གི་རྒྱལ་སྲིད་དུ་འགྲོ་བ་དེ་ལེགས། དམྱལ་བའི་གནས་སུ་འབུ་ཡང་མི་འཆི་ལ་མེ་ཡང་མི་ཤིའོ།།
7) དེ་ནས་ཁོང་རྣམས་མཚོ་གྲུར་བསྡད་ནས་མཚོ་ག་ལིལ་ཕ་རོལ་གྱི་གེ་ར་སཱ་ཞེས་པའི་ཡུལ་དུ་སོང་ངོ༌།། ༢༧ སྐྱབས་མགོན་ཡེ་ཤུ་གྲུ་ལས་སྐམ་སར་ཕེབས་ཚེ། ཡུལ་དེའི་གྲོང་རྡལ་གྱི་མི་གདོན་འདྲེས་བཟུང་བ་ཞིག་ཁོང་དང་མཇལ་ལོ།། མི་དེ་ནི་ཡུན་རིང་པོར་གོན་པ་མ་གྱོན་ཞིང་ཁང་བའི་ནང་དུའང་མ་བསྡད་པར་དུར་ཁྲོད་དུ་སྡོད་པ་ཞིག་ཡིན་ནོ།། ༢༨ དེའང་གདོན་འདྲེས་བཟུང་བའི་མི་དེས་སྐྱབས་མགོན་ཡེ་ཤུ་མཐོང་བ་དང་ཁོང་གི་དྲུང་དུ་གུས་པས་ཕྱག་འཚལ་ནས་སྐད་ཆེན་པོས། སྐྱེ་བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ་ལགས། ངེད་གཉིས་བར་དུ་འབྲེལ་བ་ཅི་མཆིས་སམ། ངས་ཁྱེད་ལ་ཞུ་བ་བྱེད་དེ། ཁྱེད་ཀྱིས་བདག་ལ་སྡུག་བསྔལ་མྱང་བར་མ་མཛད་ཅིག་ཅེས་ཞུས་སོ།། ༢༩ རྒྱུ་མཚན་ནི། ཁོང་གིས་དེ་སྔར་གདོན་འདྲེ་ལ་མི་དེའི་ལུས་ནས་ཕྱིར་བུད་ཅིག་ཅེས་བཀའ་གནང་མྱོང་བས་སོ།། མ་གཞི་གདོན་འདྲེ་དེས་མི་དེ་ཐེངས་མང་པོར་བཟུང་བ་དང་། མི་རྣམས་ཀྱིས་མི་དེ་ལྕགས་ཐག་གིས་བཀྱིགས་ཤིང་ལྕགས་སྒྲོག་བརྒྱབ་སྟེ་རྒྱུན་དུ་སྲུང་ནའང་གདོན་འདྲེ་དེས་ལྕགས་ཐག་དང་ལྕགས་སྒྲོག་ཐམས་ཅད་བཅད་ནས་མི་དེ་དབེན་སྟོང་དུ་བསྐྲད་པ་ཡིན་ནོ།། ༢༠ དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་ལ། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ་ན། ཁོ་ན་རེ། ངའི་མིང་ལ་དཔུང་ཚོགས་ཟེར་ཞེས་ཞུས་སོ། །རྒྱུ་མཚན་ནི། མི་དེ་འཛིན་པར་བྱེད་པའི་གདོན་འདྲེ་ཤིན་ཏུ་མང་བས་སོ།། ༢༡ དེ་ནས་གདོན་འདྲེ་རྣམས་ན་རེ། ང་ཚོ་ཞབས་མེད་པའི་དོང་ཆེན་པོ་རིང་པོ་ཞིཏ་གི་ནང་དུ་འཕེན་པའི་བཀའ་མི་གནང་བར་མཛོད་ཅེས་ཁོང་ལ་ཞུ་བ་ཡང་ཡང་ཞུས་སོ།། ༢༢ དེའི་ཚེ་རི་སྒང་ནས་ཕག་ཁྱུ་མང་ པོ་ཞིག་འཚོ་བཞིན་ཡོད་པ་དང༌། གདོན་འདྲེ་རྣམས་ཀྱིས་ཁོ་ཚོ་ཕག་ཁྱུའི་ནང་གི་ཕག་ཏུ་ཞུགས་པར་མཛོད་ཅེས་ཞུ་བ་ཞུས་པ་ལ། ཁོང་གིས་ཀྱང་དེ་རྣམས་ཀྱི་ཞུ་བ་ལྟར་གནང་བས། ༢༣ གདོན་འདྲེ་རྣམས་མི་དེའི་ལུས་ནས་ཕྱིར་བུད་དེ་ཕག་གི་ནང་དུ་ཞུགས་ཤིང༌། ཕག་ཁྱུ་དེའང་གཡང་གཟར་དུ་མཆོངས་ཤིང་མཚོ་ནང་དུ་ནུབ་ནས་ཤིའོ།།
8) དེའི་ཕྱི་ཉིན་ཁོང་རྣམས་པེ་ཐན་ཡཱ་གྲོང་སྡེ་ནས་ཕར་ཕེབས་ཏེ་ཡེ་ཤུ་བཀྲེས་པར་འགྱུར་ཞིང༌། རྒྱང་རིང་ནས་ལོ་མ་དང་ལྡན་པའི་བསེ་ཡབ་ཤིང་སྡོང་ཞིག་ཡོད་པ་གཟིགས་ཏེ། ཤིང་འབྲས་ཡོད་སྲིད་དགོངས་ནས་དེའི་རྩ་ལ་ཕེབས་པ་དང༌། བསེ་ཡབ་ཤིང་ལ་འབྲས་བུ་སྨིན་མ་རན་པས་ལོ་མ་ལས་གཞན་ཅི་ཡང་མེད་པ་གཟིགས། ཡེ་ཤུས་ཤིང་ལ་གཟིགས་ཏེ་“དུས་ད་ལྟ་ནས་བཟུང་ཁྱོད་ཀྱི་འབྲས་བུ་མི་སུས་ཀྱང་ཟ་རྒྱུ་མེད་པར་གྱུར་ཅིག་”ཅེས་གསུངས་པ་ཉེ་གནས་རྣམས་ཀྱིས་ཐོས།
བཅུ་གཅིག་པ། མྱོང་ཚོར་གྱི་རྒྱུ་རྐྱེན།
ངས་གོང་དུ་བཤད་པ་ལྟར། ངས་བསམ་ན་མི་རྣམས་ཀྱིས་ཅིའི་ཕྱིར་ཆོས་ལུགས་དང་ལེན་བྱས་པའི་རྒྱུ་མཚན་དང་། རིགས་པས་ཁུངས་སྐྱེལ་བར་འབྲེལ་བ་ཅི་ཡང་མེད། མང་ཚོགས་ཀྱིས་ཆོས་ལུགས་དང་ལེན་བྱས་པ་ནི་མྱོང་ཚོར་གྱི་རྨང་གཞིའི་སྟེང་ནས་བྱུང་བ་ཞིག་རེད།
ཆོས་ཚོགས་ཀྱིས་མི་རྣམས་ལ་རྒྱུན་དུ་ཆོས་ལུགས་ལ་རྒོལ་བ་ནི་ནོར་འཁྲུལ་ཞིག་ཡིན་པར་བཤད། རྒྱུ་མཚན་ནི། ཆོས་ལུགས་ཀྱིས་མི་རྣམས་བཟང་སྤྱོད་ཀྱི་ལམ་དུ་འཇུག་བཞིན་ཡོད་ཟེར། དེར་ངས་འདི་ལྟར་ཤོད་འདོད་བྱུང་། ངས་དེ་ལྟར་མཐོང་མ་སོང་། བརྗོད་མི་དགོས་པ་ཞིག་ནི། ཁྱེད་ཀྱིས་ཤེས་གསལ་ལྟར། སེ་མུ་ཨར·པ་ཐེ་ལེར་གྱི་དཔེ་དེབ་<<ཨརེ་ཧོན་དུ་ཡང་བསྐྱར་ཕེབས་པ།>>ཞེས་པར་བརྗོད་དོན་འདིར་དགོད་བྲོ་བའི་ལད་ཟློས་བྱས་ཡོད།
ཁྱེད་ཚོས་དྲན་ངེས་རེད། དེབ་དེའི་ནང་། ཧིག་གི་ཁ་ཤས་ཤིག་ཡུལ་གྲུ་ཁུག་ཀྱོག་ཅིག་ཏུ་སླེབས། ཡུལ་ལུང་དེར་དུས་ཡུན་ངེས་ཅན་ཞིག་ལ་བསྡད་རྗེས། ཉིན་ཞིག་ཁོ་ལྒང་དབུགས་ཆེན་པོ་ཞིག་གི་ནང་བསྡད་ནས་ཡུལ་གྲུ་དེ་ནས་གཞན་དུ་བྲོས། ལོ་ཉི་ཤུའི་རྗེས་སུ་ཁོང་ཡུལ་གྲུ་དེར་ཕྱིར་ལོག་ནས་ཆོས་ལུགས་ཤིག་གསར་བཏོད་བྱས། ཆོས་ལུགས་དེའི་ནང་ཁོང་ལ“ཉི་མའི་བུ་ཕྲུག”ཅེས་འབོད་ཅིང་ཁོང་ལ་མང་ཚོགས་ཀྱི་དད་གུས་ཐོབ་པ་མ་ཟད། ཁོང་ལྷ་ཡུལ་དུ་སླེབས་ཚུལ་ཡང་བསྒྲགས། འོན་ཀྱང་། སྲིད་གཞུང་གིས་ཁོ་གསོན་བཟུང་གིས་གནམ་འདེགས་དུས་ཆེན་མི་རིང་བར་འཚོགས་རྒྱུ་ཡིན་པ་ཤེས། ཡིན་ཡང་དགེ་རྒན་ཆེན་མོ་ཧན་ཅི་དང་། དགེ་རྒན་ཆེན་མོ་ཕན་ཅི་གཉིས་ཀྱིས། ད་དུང་ཧིག་གི་ཞེས་པའི་མི་ཞིག་སྔར་མཐོང་མྱོང་མེད་ལ་ཕྱིན་ཆད་ཅིང་མི་མཐོང་བར་ཤོག་ཅེས་ཁོང་གཉིས་ནང་མོལ་བྱས་ཤིང་། དོན་དངོས་སུ་ཁོང་གཉིས་ནི་ཉི་མའི་བུ་ཕྲུག་གི་ཆོས་ལུགས་ཀྱི་མཆོད་གཉེར་ཆེན་མོ་བ་ཡིན། དེ་ནས་ཉི་མའི་བུ་ཕྲུག་ཁོང་ཁྲོ་ལངས་ནས་ཁོང་གཉིས་ཀའི་སར་སོང་། ངས་གཡོ་ཐབས་དེ་དག་ཚང་མ་མཐིལ་བརྟོལ་ནས་ཨརེ་ཧོ་གྱི་མི་དམངས་ལ་བཤད་རྒྱུ་ཡིན། དེ་ང་གཅིག་བུས་བྱས་པ་རེད། ཧིག་གི་ཟེར་བ་དེ་ང་ཡིན། དེ་སྔ་ང་ལྒང་དབུགས་ནང་བསྡད་ནས་ཡར་སོང་བ་ཡིན་ཞེས་བཤད། འོན་ཀྱང་མཆོད་གཉེར་གཉིས་ཀྱིས་ཁོ་ལ་བཤད་རྒྱུར། ཁྱོད་ཀྱིས་དེ་འདྲ་གཏན་ནས་བྱེད་མི་རུང་། རྒྱུ་མཚན་ནི། རྒྱལ་ཁབ་འདིའི་ཀུན་སྤྱོད་ཡོད་ཚད་ལྷ་སྒྲུང་འདིས་བཅིངས་ཡོད། གལ་ཏེ་མང་ཚོགས་ཀྱིས་ཁྱོད་ལྷ་ཡུལ་དུ་སླེབས་མེད་པ་ཤེས་ན། མི་ཚང་མ་ངན་རུལ་དུ་འགྱུར་ཞེས་ཁོ་ལ་གོ་སྐོན་བློ་འགུག་བྱས་མཐར་ཁོ་རང་ཡུལ་དེ་ནས་ཁ་བྲལ། དེས་ན་འདི་ནི་ཐབས་ལམ་ཤིག་གམ་གཡོ་ཇུས་ཤིག་རེད། གལ་ཏེ་ང་ཚོས་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འཇུག་དད་ལྡན་པ་ཞིག་མ་བྱས་ན། ང་ཚོ་ཚང་མ་གདུག་རྩུབ་ཅན་ནམ། གཏུམ་པོ་ཞིག་ཡིན་ངེས་པ་དེ་རེད། ངས་བལྟས་ན། ཡེ་ཤུ་ཆོས་ལུགས་ལ་ངེས་པར་དུ་དད་མོས་བྱེད་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཟེར་མཁན་འདི་རྣམས་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་གདུག་རྩུབ་ཅན་ཞིག་ཆགས་ཡོད།
འདི་ནས་ཁྱོད་ཀྱིས་ཡ་མཚན་ཆེ་བའི་དོན་དངོས་དེ་མཐོང་ཐུབ། དུས་སྐབས་གང་རུང་ཞིག་གི་ཆོས་དད་ཅི་ཙམ་ཤུགས་ཆེ་བ་དང་། ལུང་འཛིན་གྱི་དད་མོས་ཀྱང་དེ་ལྟར་ཤུགས་དྲག་པོའི་ངང་གནས་ཚེ། དེ་ཙམ་གྱིས་གདུག་རྩུབ་ཆེ་ཞིང་དེས་བསྐྲུན་པའི་གནས་ཚུལ་ཡང་ཡ་ང་བ་ཞིག་ལས་མེད། དད་མོས་ཀྱི་དུས་རབས་ཟེར་བའི་སྐབས་སུ། མི་རྣམས་ཀྱིས་ཡེ་ཤུ་ཆོས་ལུགས་ལ་སེམས་གཏིང་ནས་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་དེར། ཆོས་ལུགས་ཀྱི་ཞིབ་དཔྱོད་ཁང་ཡོད་པ་མ་ཟད། དེའི་མནར་གཅོད། ད་དུང་སྟབས་མ་ལེགས་པར་བུད་མེད་ས་ཡ་མང་པོ་གསོན་འདྲེར་བརྩིས་ནས་མེར་བསྲེགས་པ། ཆོས་ལུགས་ཀྱི་མིང་ཐོག་ནས་ཧ་ལས་པའི་མི་མང་པོར་གདུག་རྩུབ་ཆེ་བའི་སྤྱོད་ཚུལ་སྣ་ཚོགས་ལག་བསྟར་བྱས་ཡོད། ཁྱོད་ཀྱིས་འཛམ་གླིང་འདིའི་ཕྱོགས་གང་ས་ནས་མཐོང་ཐུབ་པའི། མིའི་རིགས་ཀྱི་བརྩེ་དུང་གི་ཡར་ཐོན་རེ་རེ་དང་། ཉེས་ཁྲིམས་ཀྱི་ལེགས་བཅོས་རེ་རེ། དམག་འཁྲུག་གི་གོམ་སྟབས་རེ་རེ། ཤ་མདོག་མི་འདྲ་བའི་མིའི་སྨན་བཅོས་ཀྱི་ལེགས་བཅོས་རེ་རེ། ཡང་ན། བྲན་གཡོག་ལམ་ལུགས་ཇེ་ཉུང་དུ་འགྲོ་ཐེངས་རེ་རེ། སོགས་འཛམ་གླིང་ཐོག་གི་ཀུན་སྤྱོད་འཕེལ་རྒྱས་ཡོད་ཚད་ལ། འཛམ་གླིང་ནང་གི་ཡེ་ཤུ་ཆོས་ཚོགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད། ངས་ཧ་ཅང་གཟབ་ནན་གྱི་སྒོ་ནས་བཤད་རྒྱུར། ཆོས་ཚོགས་ཀྱིས་རྩ་འཛུགས་དང་། སྟངས་འཛིན་བྱེད་བཞིན་པའི་ཡེ་ཤུ་ཆོས་ལུགས་འདི་ནི་དུས་ད་ལྟ་ཡང་འཛམ་གླིང་ནང་། ཀུན་སྤྱོད་འཕེལ་རྒྱས་ཀྱི་དགྲ་བོ་ངོ་མ་དེརེད།
===============================
ཕྱི་ལོ་ ༡༨༣༥ ཟླ་ ༡༢ ཚེས་ ༤ ཉིན་སྐུ་འཁྲུངས་ཤིང་། དགུང་ལོ་ ༦༦ ཕྱི་ལོ་ ༡༩༠༢ ཟླ་ ༦ ཚེས་ ༡༨ ཉིན་སྐུ་གཤེགས། ཁོང་ནི་དབྱིན་ཡུལ་གྱི་རྩོམ་པ་པོ་དང་། དམིགས་བསལ་སྒྲུང་རྩོམ་འབྲི་བར་སྙན་གྲགས་ཅན་ཞིག་ཡིན།
Erewhon Revisited / ཨརེ་ཧོན་དུ་ཡང་བསྐྱར་ཕེབས་པ།
བཅུ་གཉིས་པ། ཆོས་ཚོགས་ཀྱི་འཕེལ་རྒྱས་དེ་གང་འདྲ་བྱས་ནས་འགག་པ་མིན་ནམ།
གཅིག་བྱས་ན། ངས་ད་ལྟ་ཡང་དེ་འདྲ་རེད་ཅེས་བཤད་པ་ཡིན་ན་ཁྱེད་ཀྱིས་ཧ་ཅང་ཐལ་དྲགས་པར་མཐོང་སྲིད། ཡིན་ཡང་། ངས་ནི་དེ་ལྟར་བསམ་གྱི་མེད། འདིར་གནད་དོན་གཅིག་བཤད་ན། ངས་གནད་དོན་འདི་གླེང་སྐབས་ཁྱེད་ཀྱིས་ང་ལ་བཟོད་སྒོམ་གནང་རོགས། དེ་ནི་མི་རྣམས་ལ་སྤྲོ་བ་བསྐྱེད་པའི་གནད་དོན་ཞིག་མིན། འོན་ཀྱང་། ཆོས་ཚོགས་ཀྱིས་མི་ཞིག་ལ་བཙན་ཤེད་ངང་སེམས་ངལ་ཆེ་བའི་སྨེ་ངག་འདི་སྐྱོར་འཇུག་གི་ཡོད། གལ་ཏེ། ད་ལྟའི་ང་ཚོའི་འཛམ་གླིང་འདི་ནས། ཉམས་མྱོང་ཅི་ཡང་མེད་པའི་བུ་མོ་ཞིག་སྦྱར་ནད་ཡོད་པའི་སྐྱེས་པ་ཞིག་གི་མནའ་མར་སྤྲད་པ་ཡིན་ན། གནས་ཚུལ་འདི་འདྲའི་རིགས་ལ། གནམ་བདག་ཆོས་ཚོགས་ཀྱིས་བཤད་རྒྱུར། འདི་ནི་འདོར་ཐབས་མེད་པའི་དཀོན་མཆོག་གི་དངོས་གྲུབ་ཅིག་རེད།
ཁྱོད་གཉིས་ངེས་པར་དུ་མི་ཚེ་གང་བོར་མཉམ་དུ་འདུག་དགོས་ཟེར། ད་དུང་། བུད་མེད་དེས་བྱེད་ཐབས་གང་རུང་སྤྱད་དེ་རང་ཉིད་ཀྱི་བུ་ཕྲུག་སྦྱར་ནད་ཅན་དེ་སྐྱེ་རྒྱུ་འགོག་ཐབས་བྱེད་མི་ཆོག་ཟེར། འདི་ནི་གནམ་བདག་ཆོས་ཚོགས་ཀྱི་བཙན་བཀའ་ཞིག་རེད། ངས་དེ་ནི་ཆེས་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཅིག་རེད་ཅེས་ཤོད་རྒྱུ་ཡིན། ལུང་ཚིག་ལོག་འདྲེན་བྱས་པར་མི་སུས་ཀྱང་བཅོས་མིན་གྱི་སེམས་བཟང་བྱེད་མི་སྲིད། ཁོ་ཚོའི་ཀུན་སྤྱོད་ཀྱི་ངོ་བོ་ནི་སྡུག་བསྔལ་གྱི་ཚོར་བ་ཡོད་ཚད་དང་གཏན་ནས་མི་འཚམ། གནས་ཚུལ་དེ་རིགས་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ན་ཡང་དག་པ་དང་འོས་ཤིང་འཚམ་པ་ཞིག་ཡིན་པར་ངོས་འཛིན་བྱས་ཆོག འདི་ནི་དཔེ་མཚོན་གཅིག་རང་རེད། མིག་སྔར་ཆོས་ཚོགས་ཀྱིས་རང་ཉིད་ཀྱིས་འདེམས་སྒྲུག་བྱས་པའི་ཀུན་སྤྱོད་ཀྱི་བཅས་པ་དེ་ཚོ་རྒྱུན་འཁྱོངས་བྱས་ནས། བྱེད་ཐབས་མང་པོ་ཞིག་གིས་མི་མང་པོར་འོས་འཚམ་མིན་པའི་དཀའ་སྡུག་མང་དག་ཅིག་བཟོས་ཡོད། བཤད་མི་དགོས་པ་ཞིག་ལ། ང་ཚོས་ཤེས་གསལ་ལྟར། དེ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། སྔར་བཞིན་འཛམ་གླིང་གི་དཀའ་སྡུག་གི་ཆ་ཞིག་ཉུང་དུ་བཏང་སྟེ་ཕྱོགས་སོ་སོ་ནས་མདུན་བསྐྱོད་བྱེད་སྐབས་ཀྱི་ཁ་གཏད་འགྲན་ཡ་ལྟ་བུ་དེ་རེད། ཅིའི་ཕྱིར་ཟེར་ན། དེས་མིའི་རིགས་ཀྱི་བདེ་སྐྱིད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་བྱ་སྤྱོད་གུ་དོག་པོའི་ལུགས་སྲོལ་ཞིག་ལ་ཀུན་སྤྱོད་ཀྱི་ཆོ་ལོ་སྦྱོར་བཞིན་ཡོད་པས་རེད། ཁྱེད་རང་གིས་བྱ་བ་འདི་དང་དེ་བསྒྲུབ་དགོས་ཞེས་བཤད་པའི་རྒྱུ་མཚན་ནི་དེས་མིའི་རིགས་ལ་བདེ་སྐྱིད་ཡོང་གི་ཡོད་པས་རེད། འོན་ཀྱང་། ཁོང་ཚོའི་མིག་སྔར། ཁྱོད་ཀྱི་གདམ་ཀ་དེ་ཚོ་མིའི་རིགས་ཀྱི་བདེ་སྐྱིད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། མིའི་རིགས་ཀྱི་བདེ་སྐྱིད་དང་ཀུན་སྤྱོད་བར་འབྲེལ་བ་ཅི་ཞིག་ཡོད་དམ། སྐབས་འདིའི་ཁོང་ཚོའི་ཀུན་སྤྱོད་ཀྱི་དམིགས་ཡུལ་ནི་མི་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་མ་རེད།
བཅུ་གསུམ་པ། འཇིགས་སྐྲག ཆོས་ལུགས་ཀྱི་གཞི་རྟེན།
ངས་བལྟས་ན། ཆོས་ལུགས་ནི་གཙོ་བོ་འཇིགས་སྐྲག་ལ་བརྟེན་ནས་བྱུང་བ་ཞིག་རེད། མིའི་རིགས་ཀྱི་ཁག་ཅིག་ནི་རང་ལ་རྒྱུས་མེད་པའི་བྱ་དངོས་ལ་འཇིགས་སྣང་སྐྱེ་ཞིང་། གཞན་ཁག་ཅིག་གིས་ནི་ངས་གོང་དུ་བཤད་པ་ལྟར། རྟག་ཏུ་ཁྱོའི་དཀའ་ཁག་དང་སུན་སྣང་ཡོད་ཚད་ཀྱི་སྐབས་སུ་ཁྱོའི་ཕྱོགས་སུ་ལངས་ནས་ཡོད་པའི་རང་གི་རེ་བ་བཅོལ་སའི་ཕུ་བོ་རྒན་པ་ལྟ་བུར་ཚོར་གྱིན་ཡོད། འཇིགས་སྐྲག་ནི་གནད་དོན་ཚང་མའི་རྨང་གཞི་ཡིན། ལྐོག་གྱུར་ལ་སྐྲག་པ། ཕམ་ཁར་སྐྲག་པ། འཆི་བ་ལ་སྐྲག་པ་བཅས་ཡིན། འཇིགས་སྐྲག་ནི་གདུག་རྩུབ་ཆེ་བའི་འབྱུང་རྩ་ཡང་ཡིན་པས། འདས་དུས་སུ་གདུག་རྩུབ་དང་། ཆོས་ལུགས་གཉིས་འགྲོགས་ནས་ཡོང་བར་ཡ་མཚན་སྐྱེ་དགོས་དོན་མེད། རྒྱུ་མཚན་ནི། འཇིགས་སྐྲག་ནི་དོན་དག་འདི་གཉིས་ཀྱི་རྨང་གཞི་ཡིན། འཛམ་གླིང་འདིའི་ཐོག་ང་ཚོས་ད་ལྟ་གཞི་ནས་མགོ་བཙུགས་ཏེ་བྱ་བ་ཁ་ཤས་ཤེས་རྟོགས་བྱས་ཆོག ཚན་རིག་གི་རོགས་རམ་ལ་བརྟེན་ནས་དེ་དག་ཕྲན་བུ་ཁོང་དུ་ཆུད་པ་བྱེད་དགོས། དེའི་རྒྱུ་མཚན་ནི་ཚན་རིག་གིས་གོམ་པ་རེ་རེ་བྱས་ནས་ཡེ་ཤུ་ཆོས་ལུགས་ལ་ངོ་རྒོལ་དང་། ཆོས་ཚོགས་ལ་ངོ་རྒོལ། འདུ་ཤེས་རྙིང་པ་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཚན་རིག་གིས་ང་ཚོར་མིའི་རིགས་མི་རབས་ནས་མི་རབས་བར་འཇིགས་ཞུམ་ངང་འཚོ་བ་རོལ་བའི་འཇིགས་སྣང་དེ་སེལ་རོགས་བྱེད་ཐུབ། ཚན་རིག་གིས་ང་ཚོར་ལམ་སྟོན་བྱེད་ཆོག་ལ། ངའི་བསམ་པར་ང་ཚོ་རང་ཉིད་ཀྱི་སེམས་ཀྱིས་ཀྱང་ང་ཚོར་ལམ་སྟོན་བྱེད་ཆོག ད་ནས་བཟུང་ཉེ་འཁོར་གྱི་འཁྲུལ་སྣང་གི་རྒྱབ་སྐྱོར་འཚོལ་མི་དགོས་ལ། ནམ་མཁའ་སྟོང་བར་མནའ་ཤག་ཀྱང་འཇོག་དགོས་དོན་མེད། དེས་ན། ད་ཆ་ང་ཚོ་རང་ཉིད་ཀྱིས་གཤམ་གསལ་གྱི་འབད་བརྩོད་དེ་དག་ལ་བརྟེན་ནས། འོས་འཚམས་ཀྱི་འཚོ་གནས་བྱེད་སའི་འཇིག་རྟེན་ཞིག་སྐྲུན་དགོས་པ་ལས། འདས་པའི་དུས་རབས་དེ་དག་ནང་བསྐྲུན་པའི་ཆོས་ཚོགས་ལྟ་བུ་ཞིག་གི་དགོས་དོན་མེད།
བཅུ་བཞི་པ། ཅི་ཞིག་ང་ཚོས་ངེས་པར་དུ་སྒྲུབ་དགོས།
ང་ཚོས་རང་སྟོབས་རང་སྤེལ་དང་། ཁ་གསལ་གཞུང་དྲང་གི་སྒོ་ནས་འཛམ་གླིང་ལ་བལྟ་དགོས། དེར་ལེགས་ཉེས་དང་། མཛེས་པ་དང་མི་སྡུག་པའི་དངོས་ཡོད་ཀྱི་ཆ་ཅི་ཡོད་ལ་འཇིགས་སྣང་བྱེད་དགོས་དོན་མེད། བློ་གྲོས་ལ་བརྟེན་ནས་འཇིག་རྟེན་དབང་དུ་བསྡུ་བ་དེ། འཇིགས་སྐུལ་གྱིས་བྲན་དུ་བཀོལ་བ་ཞིག་མ་རེད། དཀོན་མཆོག་ཟེར་བ་ཞིག་ཡོད་པའི་ལྟ་ཚུལ་གྱི་ཆ་གང་ཡང་། རང་དབང་ཡོད་པའི་མི་ཞིག་གིས་གཏན་ནས་ཁས་ལེན་བྱེད་མི་སྲིད་དེ། དེ་ནི་ཁས་ལེན་བྱེད་རིན་ཡོད་པ་ཞིག་ཡེ་ནས་མ་རེད།
ཁྱོད་ཀྱིས་ཆོས་ཁང་ནང་ནས་མི་རྣམས་ཀྱིས་ཁོང་ཚོ་རང་ཉིད་ལ་དམའ་འབེབས་བྱེད་པ་ཐོས་སྐབས། ཁོང་ཚོ་ནི་ཡིད་སྐྱོ་དགོས་པའི་ཉེས་ཅན་པ་ལྟ་བུ་དང་། དེ་མིན་གྱི་མི་གཞན་རྣམས་ཀྱང་ཁོང་ཚོ་དང་འདྲ་བར་འདོད། དེ་ནི་རང་ཉིད་ཐ་ཤལ་ཞིག་ཏུ་བརྩིས་ནས་རིན་ཐང་ཅི་ཡང་མེད་པར་འདོད་པའི་འགྲོ་བ་མིའི་རིགས་ཤིག་རེད། ང་ཚོས་དཔའ་ངར་ཆེར་བསྐྱེད་ཀྱིས་འཛམ་གླིང་ལ་ཁ་ཕྱོགས་དགོས་ལ། ང་ཚོས་འབད་བརྩོན་ཆེན་པོས་འཛམ་གླིང་འདི་ཉིད་སྔར་བས་ལེགས་སུ་གཏོང་དགོས། གལ་ཏེ། ང་ཚོས་རེ་བ་བྱས་པ་ཇི་བཞིན་མ་ཡོང་ན་ཡང་། དེ་སྔ་གཞན་དག་གིས་འབད་བརྩོན་བྱས་པ་ལས་ལེགས་པ་ཞིག་ཡོང་ངེས་ཡིན། དེ་ལྟར་མི་འདོད་པའི་མི་རྣམས་ནི་གནའ་སྔ་མོ་ཞིག་ནས་བློ་ཕམ་ཡིད་ཆད་ངང་གནས་ཡོད་པ་བཤད་མི་དགོས། དེར་འཇིགས་ཞུམ་མེད་པའི་སྙིང་སྟོབས་དང་། རང་དབང་གི་བློ་གྲོས་དགོས། ང་ཚོས་འབྱུང་འགྱུར་ལ་རེ་བ་བཅངས་ནས་རྟག་ཏུ་འདས་སོང་ལ་ཕྱིར་ལྟ་བྱེད་མི་རུང་། ང་ཚོའི་བློ་གྲོས་ཀྱིས་གསར་དུ་བཏོད་པའི་མ་འོངས་པ་ནི། མི་འདིའི་རིགས་ལས་ཆེས་ཆེར་བརྒལ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད།
མཚམས་འདི་ནས་རྩོམ་འདི་རྫོགས་ཟིན་པ་ཡིན།